ས་འགུལ་ལ་གཡོལ་ཐབས།
རྨེ་གྲྭ ཚེ་རིང་བསམ་འགྲུབ།
འབྱུང་ཁུངས། སྤེལ་མཁན། སྤེལ་དུས།2016-10-05
     ས་འགུལ་བྱུང་སྐབས་ཁྱེད་ཀྱིས་ངེས་པར་དུ་འདི་ལྟར་བསྒྲུབ་དགོས། ས་འགུལ་ནི་ལན་ཡ་མེད་ཅིང་འགྲོ་བ་ཁས་དྲག་ཞན་མེད་པའི་སྲོག་གཅོད་ཀྱི་ཤན་པ་ངོ་ནག་གཅིག་པུ་དེ་ཡིན། དེ་སྔོན་འཛམ་གླིང་སྟེང་ན་ས་འགུལ་སྔོན་འགོག་ཐུབ་མཁན་དང་། སྔོན་བརྡ་གཏོང་ཐུབ་མཁན་གྱི་ལུང་བསྟན་པ། ཚན་རིག་པ་ཞིབ་འཇུག་པ་གཅིག་ཀྱང་བྱུང་མ་མྱོང་བས་ས་གནས་གར་འོང་འདིར་འོང་དང་། ནམ་ཐོན་སུས་ཀྱང་ཚོད་འཛིན་ཐུབ་མཁན་ཞིག་མེད་པས་ནམ་ཡང་རང་རང་ས་ནས་བདེ་འཇགས་དང་ཉེན་ཁ་ལ་སྔོན་ནས་གྲ་སྒྲིག་དང་དོ་སྣང་གནང་དགོས། 



༡  མདུན་ཅོག་འོག་ཏུ་མ་འཛུལ། 
      ཨ་རིའི་ས་འགུལ་ཞིབ་འཇུག་པས་ཉམས་མྱོང་དང་ལག་ལེན་སྟེང་ནས་བཤད་པ་ལྟར་ན། ཁྱིམ་ནང་གི་མདུན་ཅོག་དང་། འདུག་སྟེགས་སོགས་སྲ་འཁྲེགས་མ་ཡིན་པའི་རིགས་དང་། རླངས་འཁོར་སོགས་ཀྱི་འོག་ཏུ་འཛུལ་ནས་བསྡད་པ་ཡིན་ན། སྟེང་ཕྱོགས་ཀྱི་གདོང་མ་དང་། གནམ་རྒྱུག་དང་གྱང་རལ་སོགས་མར་ཞིག་སྐབས་ཐར་མེད་དུ་གནོན་སྲིད་པ་དང་། ཡང་ན་རྨས་སྐྱོན་ཚབས་ཆེན་བསླངས་པ་དངོས་མཐོང་བྱུང་བས་འདི་ནི་ཐབས་ལམ་ཡག་པོ་ཞིག་མ་ཡིན་པར་བཤད་ཡོད། 

༢  ལུས་པོའི་ལྷུ་ལག་བསྐུམས་ནས་སྡོད། 
      ས་འགུལ་བྱུང་སྐབས། ལུས་པོ་ལྷུ་ལག་བསྐུམས་ནས་ཁྱིམ་ཆས་ལྕགས་ཀྱི་རིགས་དང་ཤིང་གི་ཆ་སྒམ་ཆེ་བའི་འགྲམ་དང་། ཡང་ན་སྡོད་ཁང་གི་མཆོག་སོགས་ནས་ཡན་ལག་བསྐུམས་ནས་འདུག་དགོས། ཤིང་དང་ལྕགས་ཀྱི་རིགས་ལ་ལྡེམ་ཆ་ཡོད་པས་ལམ་སང་འོག་ཏུ་གནོན་མི་ཐུབ། 

༣  སྲ་མཁྲེགས་ཀྱི་དངོས་པོའི་འགྲམ་ནས་སྡོད། 
      ས་འགུལ་བྱུང་སྐབས། རང་གི་ལུས་པོ་ལྷུ་ལག་བསྐུམས་ནས་ཁྱིམ་ཆས་ཀྱི་མདུན་ཅོག་དང་། འདུག་སྟེགས་ཆེ་བ། མལ་ཁྲི། ཀ་བ། ཡང་ན་སྲ་མཁྲེགས་ཀྱི་དངོས་པོ་གང་རུང་གི་འགྲམ་དུ་བཅར་ནས་འདུག་དགོས་པ་དང་། གཙོ་བོ་གྱོན་ཆས་དང་ཉལ་ཐུལ་སོགས་འགྲམ་དུ་ཡོད་པ་ཡིན་ན་ལམ་སང་བླངས་ཏེ་མགོ་དང་ལུས་སྟེང་ལ་བཀབ་སྟེ་རང་ལུས་སྲུང་སྐྱོབ་བྱ་བ་ནི་ཐབས་ལམ་ཆེས་ཡག་ཤོས་ཡིན།

༤   མྱུར་སྟབས་ཀྱིས་སྒོར་འགྲོ་བ། 
      ས་འགུལ་བྱུང་སྐབས་ཁྱིམ་ནང་དུ་ཡོད་པ་ཡིན་ན། ལམ་སང་ཕྱོགས་བཞི་ཀ་བ་བརྟན་པོ་ཡོད་པ་དང་། ཡང་ན་སྲ་མཁྲེགས་ཀྱི་རྩིག་པ་ཕྱོགས་བཞིར་ཡོད་པའི་ཁང་མིག་ཆུང་བ་དང་གཙང་སྤྱོད་ཁང་སོགས་སུ་འཛུལ་ནས་བསྡད་པ་ཡིན་ན་གཞན་ལས་ཅུང་བདེ་འཇགས་ཡིན་པ་དང་། གལ་ཏེ་ཁང་བརྩེགས་གཅིག་དང་གཉིས་ལྟ་བུ་ཡིན་ན་གོ་སྐབས་དང་བསྟུན་ནས་མྱུར་སྟབས་ཀྱིས་སྒོ་དང་སྒེའུ་ཁུང་གང་རུང་ནས་ཕྱི་རོལ་ཏུ་འགྲོ་ཐུབ་པ་དང་། དེ་ལས་མཐོ་བ་ཡིན་ན་འབྲོ་ཐབས་གཞི་ནས་མེད་པས་སྦས་ཐབས་ལ་འབད་དགོས། 

༥  སྒེའུ་ཁུང་ནས་མཆོང་མི་རུང་། 
      ས་འགུལ་བཞིན་པའི་སྐབས་སུ་ཁྱིམ་ནང་ནས་ཕར་རྒྱུག་ཚུར་རྒྱུག་དང་ཡང་ན་གློག་སྐས་ནང་འཛུལ་བ། ཐེམ་སྐས་སྟེང་ནས་མར་རྒྱུག་པ། སྒེའུ་ཁུང་ནས་མཆོང་བ་སོགས་ནི་ཉེན་ཁ་ཧ་ཅང་ཆེ་བས་ཐབས་ལམ་དེ་གཞི་ནས་བཀོལ་མི་རུང་། 

༦ གློག་སྐུད་ཀྱི་འགྲམ་དུ་འདུག་མི་རུང་།
      ཤེལ་གྱི་རིགས་ལས་གྲུབ་པའི་དངོས་པོ་དང་ཡང་ན་གློག་སྐུད་ཀྱི་འགྲམ་དུ་བཏུད་ནས་འདུག་མི་རུང་། ཆག་སྐྱོན་བྱུང་སླ་བའི་དངོས་པོའི་འགྲམ་དུའང་རྒྱུག་མི་རུང་། ད་དུང་ཐོག་ཁང་དང་། གློག་སྡོང་། ལྗོན་ཤིང་། རླངས་འཁོར། དབུགས་ཐབ་སོགས་ཀྱི་འགྲམ་དུ་བཅར་ནས་འདུག་མི་རུང་། 

ས་འགུལ་བརྟག་ཐབས། 
      ༡ ཁྱིམ་ནང་ནས་ཤེལ་སྣོད་དུ་ཆུ་གཙང་བཞག་པ་ཡིན་ན་ས་འགུལ་ཆེར་མ་གཡོས་གོང་ནས་ཆུ་དེ་རང་འགུལ་བྱས་ནས་མྱུར་བརྡ་གཏོང་སྐབས་ས་འགུལ་ཡོང་བ་རྟོགས་སྲིད། ༢   ཁྱིམ་ནང་དུ་བྱི་ལ་སོགས་སྲོག་ཆགས་དང་། ཡང་ན་ཆུ་ནང་དུ་ཉ་གསོས་ཡོད་པ་ཡིན་ན་ས་འགུལ་བྱུང་ལ་ཉེ་སྐབས་རྒྱུན་ལྡན་མ་ཡིན་པའི་བྱ་སྤྱོད་སྟོན་སྲིད། ༣ དེ་མིན་སྒོ་ཟོག་དང་རི་དྭགས་ལས་ཀྱང་རྟོགས་སྲིད། རྟ་ནོར་དང་སྒོ་ཕྱུགས། ཁྱིམ་བྱ་སྦྲུལ་དང་སྦལ་བ་སོགས་སྲོག་ཆགས་གཞན་པའི་རིགས་ཀྱང་རྒྱུན་ལྡན་མ་ཡིན་པར་འགྱུར་སྲིད། 

རྒྱུན་པར་ཉམས་འཇོག་ས། 
      ༡ རྒྱུན་པར་ཉམས་འཇོག་དགོས་ས་ནི། ངེས་པར་དུ་རང་ཉིད་ཀྱི་སྡོད་ཁང་གི་བཟང་ངན་དང་། དེ་སྲ་བརྟན་ཡིན་མིན། སྟེང་ཕྱོགས་ན་ཉེན་ཁ་ཆེ་བའི་དངོས་པོ་ཞིག་རལ་དུ་འགྲོ་རྒྱུ་དང་། འགྲིལ་རྒྱུ་ཡོད་མེད་སོགས་སྔོན་ནས་ཉམས་འཇོག་དང་བདེ་འཇགས་ལ་བསམ་བློ་གཏོང་དགོས། 
      ༢ ས་འགུལ་ནི་ནམ་ཡོང་ཆ་མི་འཚལ་བས་གལ་ཏེ་གློ་བུར་དུ་ས་འགུལ་བ་ཡིན་ན་རང་ཉིད་ལ་སྔོན་ནས་གྲ་སྒྲིག་ཅིག་མེད་ན་སྐབས་དེར་ཅི་བྱ་གཏོལ་མེད་དུ་གྱུར་ནས་ཉེན་ཁ་འབྱུང་ཤིན་ཏུ་སླ་བ་ཡིན་པས། གང་དུ་འབྲོས་དགོས་པ། གང་ནས་གབ་ན་བདེ། སུ་ཞིག་ལ་ཉེན་བརྡ་གཏོང་དགོས། ཇི་ལྟར་བརྡ་གཏོང་བ་སོགས་གྲ་སྒྲིག་སྔོན་ནས་ཡོད་པ་ཡིན་ན་ཆག་སྒོ་མང་པོ་ཞིག་འབྱུང་མི་སྲིད་པས་ཅིས་ཀྱང་དོ་སྣང་བྱ་དགོས་ངེས་ཀྱི་རྒྱུན་ཤེས་ཉག་ཅིག་ཡིན།