དངུལ་བྱང་བཟོ་ལུགས།
རྨེ་གྲྭ ཚེ་རིང་བསམ་འགྲུབ།
འབྱུང་ཁུངས། སྤེལ་མཁན། སྤེལ་དུས།2016-10-05

ཤོག་དངུལ་མང་བོ་ལག་ནས་མ་འཛིན། 

      ཞིང་ལས་དངུལ་བྱང་ནང་ཤོག་དངུལ་འཇོག་ལུགས་དང་བྱང་བུ་བཟོ་ཚུལ་གྱི་གོ་རིམ། (中国农业很行)དེང་སྐབས་ང་ཚོ་ཕྱོགས་ཡོངས་ནས་དཔལ་འབྱོར་འཕེལ་རྒྱས་སོང་བ་དང་མཉམ་དུ་ཞིང་འབྲོག་མང་ཚོགས་ནང་དུའང་ལག་འཛིན་ཤོག་དངུལ་ཅུང་ཟད་གྲངས་མང་བོ་ཡོད་པ་ཡིན། རེད་དེ་དངུལ་བྱང་ནང་དུ་ཉར་ཚགས་བྱ་མ་ཤེས་པ་དང་ཡང་ན་དེ་ལ་རྒྱུས་ལོན་དང་ཡིད་ཆེས་མེད་པ་ལྟ་བུར་གྱུར་ནས། ཤོག་དངུལ་མང་བོ་རང་རང་གི་ལག་ནང་དང་ཡང་ན་ཁྱིམ་ཕུགས་སོགས་སུ་སྦས་ནས་ཡོད། དེར་བརྟེན་གནད་དོན་ཡང་ཚབས་ཆེན་གང་མང་འབྱུང་གིན་ཡོད་པ་རེད། དཔེར་ན། ཤོག་དངུལ་ལ་འབུ་ཕྲ་མང་བོ་ཞུགས་ནས་བཀོལ་མེད་དུ་བཏང་བ། རླན་གཤེར་ལས་གནོད་འཚེ་བཟོས་པ། ཇག་རྐུན་ལག་ཏུ་ཤོར་བ། མེས་ཚིག་པ། རྒྱུན་པར་བདག་པོའི་སེམས་མི་སྐྱིད་པ། དེ་ལ་བརྟེན་ནས་རང་ཉིད་ཀྱི་ཚེ་སྲོག་ཀྱང་འཆོར་བཞིན་ཡོད་པ། ཤོག་དངུལ་ལོ་ཅི་ཙམ་བཞག་ཀྱང་དངུལ་སྐྱེལ་ལམ་དངུལ་འཕེལ་ཅུང་ཟད་ཀྱང་མེད་པ་སོགས་སྐྱོན་ཆ་སྣ་ཚོགས་ཀྱི་ཆག་སྒོ་རབ་དང་རིམ་པ་འབྱུང་གིན་འདུག དེས་ན་ཚེགས་ཆུང་ལ་དོན་ཆེ་བའི་དུས་གསར་གྱི་འཚོ་བ་སྟེ་ཤོག་སྒོར་དག་དངུལ་བྱང་དུ་འཇུག་པའི་ཐབས་ལམ་འདི་དག་ངེས་པར་དུ་ཤེས་དགོས། ལག་ལེན་བྱ་དགོས་པས་ཐོག་མར་འདི་ལ་རྒྱུས་ལོན་གནང་རོགས།



དང་བོ། ཞིང་ལས་དངུལ་བྱང་ཇི་ལྟར་བཟོ་དགོས། 
      སྤྱིར་བཏང་ལོ་ཚོད ༡༦ ཡན་ཟིན་པའི་མི་སུ་ཡིན་རུང་དངུལ་བྱང་བཟོ་བའི་ཐོབ་ཐང་ཡོད་ལ། (身份证/户口簿) ཐོབ་དཔང་ལག་འཁྱེར་དང་ཡང་ན་ཁྱིམ་ཐོའི་དེབ་གང་རུང་བཟུང་སྟེ་ཐད་ཀར་ཞིང་ལས་དངུལ་ཁང་དུ་ཕྱིན་ནས་ཞབས་ཕྱི་བས་རམ་འདེགས་ལྟར་བཟོ་ཆོག སྤྱིར་རིགས་མང་རུང་བཀོད་རྒྱ་ཆེ་བའི་བྱང་བུ་ལ་མི་འདྲ་བའི་རིགས་གཉིས་ཡོད། རང་བཞིན་གྱི་བྱང་བུ་དང་གསེར་བྱང་། (普卡/金卡)རང་བཞིན་གྱི་བྱང་བུའི་ནང་དུ་ཤོག་དངུལ་འཇོག་ཚད་ལ་ཚོད་འཛིན་མེད་ཅིང་། གསེར་བྱང་ལ་ངེས་པར་དུ་དམངས་སྒོར་ཁྲི ༡༠ རྒྱུན་པར་ནང་འཇུག་ཡོད་དགོས། དངུལ་བྱང་རེ་ལ་ཐོག་མའི་བཟོ་རིན་སྒོར ༥ ཙམ་ཡིན། ད་དུང་གནད་ཆེ་ཤོས་ཤིག་ལ་རང་གི་ཁ་པར་ཨང་གྲངས་སྟེང་འཕྲིན་ཡིག་གསལ་བརྡ (短消息提) ཞེས་པ་འདི་ཡོད་པར་བྱས་ན་རྗེས་ཕྱོགས་རང་གི་དངུལ་བྱང་ནང་དུ་དངུལ་འཇོག་ལེན་གྱི་བརྒྱུད་རིམ་དག་དང་དངུལ་གྱི་གྲངས་ཀ་དུས་ཚོད་སོགས་ཆ་ཚང་ཁྱོད་རང་ལ་འཕྲིན་ཡིག་གི་ལམ་ནས་གསལ་བོར་བསྐུར་འོང་བ་ཡིན། 

གཉིས་པ། བྱང་བུའི་ནང་ཤོག་དངུལ་འཇོག་སྟངས། 
      ཤོག་དངུལ་བྱང་བུའི་ནང་འཇོག་པ་ལ་རིགས་གཉིས་ཡོད། རིགས་འདི་གཉིས་ལས་དངུལ་སྐྱེད་མི་འདྲ་བ་གཉིས་འབྱུང་། (利率) དངུལ་ཁང་ནས་ཚུར་དངུལ་ལེན་པའི་དུས་ཚོད་གཏན་ཁེལ་བྱས་ནས་འཇོག་པ་དང་དུས་བཅད་ངེས་མེད་དུ་འཇོག་པ། (活期/定期)
      ༡ དུས་ངེས་མེད་དུ་བཞག་ན་ནམ་རྒྱུན་དངུལ་བྱང་སྟེང་ནས་ཤོག་དངུལ་དེ་དག་རང་གིས་དགོས་མཁོ་ལྟར་ལེན་ཆོག་ལ་ཡིན་ནའང་དངུལ་སྐྱེད་ཧ་ཅང་ཉུང་བ་ཡིན། དེའི་འཕེལ་ཚད་བརྒྱ་ཆའི༠.༣༦% ཡིན། དཔེར་མཚོན་ན་ཤོག་དངུལ ༡༠༠༠༠ ལ་ལོ་གཅིག་གི་ནང་འཕེལ་ཚད་སྒོར ༣༦ ཡིན་ལ། ལོ་གཅིག་ཟིན་རྗེས་ཁྱོན ༡༠༠༣༦ ཙམ་ཡོད་པ་ཡིན། 
      ༢ དངུལ་ལེན་དུས་ཚོད་གཏན་ཁེལ་བྱས་ནས་འཇོག་པ་ལ། ཆེས་ཐུང་མཐའ་ལོ་ཕྱེད་ཀ་ཡིན། དངུལ་ལེན་དུས་ཚོད་གཏན་ཁེལ་བྱས་པ་ཡིན་ན་དུས་ཐོག་ཏུ་མ་གཏོགས་ནམ་རྒྱུན་དངུལ་བྱང་ལས་དངུལ་ལེན་མི་ཐུབ། 
      ལོ་གཅིག འཕེལ་ཚད་བརྒྱ་ཆའི ༡.༢༥% ཡིན། དཔེར་མཚོན་ན་ཤོག་དངུལ ༡༠༠༠༠ ལ་ལོ་གཅིག་གི་ནང་འཕེལ་ཚད་སྒོར ༢༢༥ ཡིན་ལ་ཁྱོན་ལོ་གཅིག་ཟིན་རྗེས༡༠༢༢༥ ཙམ་ཡོད་པ་ཡིན། ལོ་གཉིས། འཕེལ་ཚད་བརྒྱ་ཆའི ༢.༧༩% ཡིན། དཔེར་མཚོན་ན་ཤོག་དངུལ ༡༠༠༠༠ ལ་ལོ་གཅིག་གི་ནང་འཕེལ་ཚད་སྒོར ༥༥༨ ཡིན་ལ་ཁྱོན༡༠༥༥༨ ཙམ་ཡོད་པ་ཡིན། ལོ་གསུམ། འཕེལ་ཚད་བརྒྱ་ཆའི ༣.༣༣% ཡིན། དཔེར་མཚོན་ན་ཤོག་དངུལ ༡༠༠༠༠ ལ་ལོ་གཅིག་གི་ནང་འཕེལ་ཚད་སྒོར ༩༩༩ ཡིན་ལ་ཁྱོན༡༠༩༩༩ ཙམ་ཡོད་པ་ཡིན། ལོ་ལྔ། འཕེལ་ཚད་བརྒྱ་ཆའི ༣.༦༠% ཡིན། དཔེར་མཚོན་ན་ཤོག་དངུལ ༡༠༠༠༠ ལ་ལོ་གཅིག་གི་ནང་འཕེལ་ཚད་སྒོར ༡༨༠༠ ཡིན་ལ་ཁྱོན༡༡༨༠༠ ཙམ་ཡོད་པ་ཡིན། 

གསུམ་པ། དངུལ་བྱང་བོར་བརླག་བྱུང་སྐབས་ག་འདྲ་བྱ་དགོས། 
      གལ་ཏེ་རང་ཉིད་ཀྱི་དངུལ་བྱང་དེ་བོར་བརླག་དང་རྐུན་ལག་ཏུ་ཤོར་བ་སོགས་ཀྱི་དོན་རྐྱེན་གང་རུང་བྱུང་བ་ཡིན་ན་ཐོག་མར ༩༥༥༩༩ འདི་ལ་ཁ་པར་བཏང་ནས་ལམ་སང་དངུལ་བྱང་གི་ཨང་གྲངས་དང་ཐོབ་དཔང་ལག་འཁྱེར་གྱི་ཨང་གྲངས་གསལ་བོར་བཤད་ནས་བོར་ཐོ་འགོད་དགོས། ཡང་ན་ཐད་ཀར་དངུལ་ཁང་དུ་འགྲོ་བ་དང་དྲ་ལམ་སོགས་ནས་ཀྱང་ཐོ་འགོད་བྱ་ཆོག(挂失) གལ་ཏེ་བོར་ཐོ་མ་བཀོད་པར་ཡུན་རིང་ལུས་ན་བྱང་བུ་ལས་དངུལ་བོར་བརླག་ཏུ་འགྲོ་ཉེན་ཆེ་བས་མགྱོགས་མྱུར་ངང་དོན་དེ་འགྲུབ་ཏུ་འཇུག་དགོས། གལ་ཏེ་དངུལ་བྱང་ཨང་གྲངས་བློར་ཟིན་མེད་པ་ཡིན་ན་ཐོབ་དཔང་ཨང་གྲངས་བཤད་དེ་ཐོ་འགོད་དགོས། དེ་རྗེས་རང་ཉིད་དངུལ་ཁང་དུ་སོང་ནས་སླར་ཡང་དངུལ་བྱང་གསར་བ་ཞིག་བཟོས་ནས་དེའི་ནང་དུ་ཚུར་དངུལ་དེ་དག་ནང་འཇུག་ཆོག་པ་ཡིན།

བཞི་བ། རྒྱུན་པར་གང་དག་ལ་ཉམས་འཇོག་དགོས། 
      ༡ དངུལ་བྱང་དང་ཐོབ་དཔང་ལག་འཁྱེར་གྱི་ཨང་གྲངས། རང་གི་བཀོལ་མིང་སོགས་སེམས་ལ་འཛིན་དགོས། ༢ ནམ་རྒྱུན་རང་གི་དངུལ་བྱང་དང་ཐོབ་དཔང་ལག་འཁྱེར་གཉིས་ནམ་ཡང་མཉམ་དུ་འཇོག་མི་རུང་། ༣ དངུལ་ཁང་ནས་དངུལ་ལེན་པའི་སྐབས་སུ་གསང་གྲངས་སྦ་གསང་དང་ཁོར་ཡུག་བདེ་འཇགས་ལ་ཧ་ཅང་དོ་སྣང་གནང་དགོས། འདི་དག་ནི་བོད་ནང་གི་ཞིང་འབྲོག་མང་ཚོགས་ལ་དེ་རིང་མ་ཤེས་ཐབས་མེད་ཀྱི་འཚོ་བ་གསར་བ་ཞིག་དང་། དེ་རིང་བསླབས་ན་དེ་རིང་ཕན་ཁེ་ཆེ་བའི་ཤེས་བྱ་རིན་ཐང་ཅན་ཞིག་ཡིན་པས་ཕན་ཚུན་ལ་བརྒྱུད་སྤྲོད་མང་དུ་གནང་རོགས།