གངས་ཏི་སེ།
རྩོམ་སྒྲིག་ཁང་།
འབྱུང་ཁུངས། སྤེལ་མཁན། སྤེལ་དུས།2016-10-05
ངོ་སྤྲོད་དོན་བསྡུས།
      མིང་། གངས་ཏི་སེ། ཆགས་ཡུལ། བོད་ལྗོངས་མངའ་རིས་ས་ཁུལ་གྱི་སྤུ་ཧྲེང་རྫོང་གི་ཁོངས་སུ་ཡོད།  ཆགས་དབྱིབས། རི་རྒྱུད་དེའི་ཆགས་དབྱིབས་ཟིང་ཟིང་ཆེ་ལ་ལེ་ལག་རི་རྒྱུད་རྣམས་ཀྱང་འདྲེས་འཛིང་ཤིན་ཏུ་ཆེ། གཉན་ཆེན་ཐང་ལྷའི་རི་རྒྱུད་དང་འབྲེལ་ཞིང་ཕྱི་འབབ་ཆུ་བོ་དང་ནང་འབབ་ཆུ་བོ་གཉིས་ཀྱི་མཚམས་སུ་གྱུར་ཡོད། རིང་ཚད། སྤྱི་ལེ ༡༦༠༠ ལྷག་ཡོད། ཞེང་ཚད། ལྷོ་བྱང་གི་ཞེང་ཚད་ལ་སྤྱི་ལེ ༨༠ མཐོ་ཚད། སྨི ༦༦༥༦ དང་ཆ་སྙོམས་ཀྱི་མཐོ་ཚད་ལ་སྨི ༥༨༠༠ ལྷག་ཡོད། དམིགས་བསལ། གངས་ཏི་སེ་འདིར་རྒྱ་གར་གྱི་མུ་སྟེགས་རིག་བྱེད་སྨྲ་བ། བོད་ཀྱི་གཡུང་དྲུང་བོན། སངས་རྒྱས་ཆོས་ལུགས་བཅས་ཚང་མས་རང་རང་སོ་སོའི་སྔོན་བྱུང་ལོ་རྒྱུས་གཞིར་བཟུང་ནས་ཕྱག་མཆོད་སྐོར་བ་བྱ་སྲོལ་ཞིག་ཆགས་ཡོད།



གངས་ཏེ་སེ། ༼སྨི ༦༦༥༦༽
      འདི་ནི་བོད་ལྗོངས་མངའ་རིས་ས་ཁུལ་གྱི་སྤུ་ཧྲེང་རྫོང་གི་ཁོངས་སུ་ཡོད་ཅིང་། རྒྱུན་དུ་གངས་རིན་པོ་ཆེ་རུ་འབོད་ལ། གངས་ཏེ་སེ་རི་རྒྱུད་ཀྱི་རྩེ་གཙོ་བོ་ཡིན། བོན་པོ་དང་རྒྱ་གར་ཆོས་ལུགས། ནང་པ་སངས་རྒྱས་སོགས་ཆོས་ལུགས་དུ་མས་འཇིག་རྟེན་ནམ་འཛམ་གླིང་གི་དབུས་སུ་ངོས་འཛིན་ཅིང་། རང་རང་གི་བསྟན་པའི་བདག་པོའི་ཕོ་བྲང་ངམ་ཞབས་ཀྱིས་བཅགས་པའི་ཡུལ་དུའང་བཤད། དེ་བས་རྒྱ་གར་དང་བལ་བོ། འབྲུག་ཡུལ། བོད་ཡུལ་གྱི་ས་ཆ་སོ་སོ་ནས་ཡོང་བའི་གནས་མཇལ་དང་སྐོར་བ་བྱེད་མཁན་ཤིན་ཏུ་མང་སྟེ། འདི་ནི་རྒྱལ་སྤྱིའི་གནས་རི་ཞིག་ཡིན། ༼བོད་སྤྱི་བཤད་ལས་བཏུས།༽

གངས་ཏི་སེའི་སྐོར།
      གངས་ཏི་སེ་བྱ་བ་ནི་རིའི་རྒྱལ་བོ་རི་རབ་ཟེར་བ་དེ་ཡིན་ལ། འདིའི་མཚན་གྱི་རྣམ་གྲངས་ལ་ཀཻ་ལ་ཤ་དང་། གངས་རིན་པོ་ཆེ། གངས་རི་དཔལ་དང་ལྡན་པ་སོགས་མང་། རྒྱ་སྐད་དུ་ ཡང(迷卢山)དང་ཡང་ན(须弥山)ཟེར། སྤྱིར་ན་འདི་གསལ་བོར་ཤེས་རྒྱུ་གནད་དོན་གལ་ཆེན་ནང་གི་དོན་ཆེན་ཞིག་ཡིན་ཡང་། དོ་སྣང་གིས་མ་འདང་བའི་རྐྱེན་གྱིས་མཁས་པ་ཆེན་པོ་ཚོ་ཡང་འདིར་ཐུག་དུས་མགོ་འཐོམས་ནས་སྤྱི་བརྟོལ་སྨྲ་བ་ཧ་ཅང་མང་། ཏཱ་ར་ནཱ་ཐའི་༼རྒྱ ་གར་ཆོས་ འབྱུང༽་དུ། བདེ་བྱེད་བདག་པོ་རྐང་མགྱོགས་བསྒྲུབས་ཏེ་རིའི་རྒྱལ་བོ་ཀེ་ལ་ཤར་སླེབས། ཅེས་བཤད་ཡོད་པས་དེར་བརྟགས་ནའང་སྔོན་གྱི་དུས་ནས་བཟུང་སྟེ་གངས་ཏི་སེ་ལ་རི་རབ་ཟེར་བར་གསལ། རྒྱ་གར་བ་ཚོས་ད་ལྟའང་གངས་ཏི་སེ་ལ་ཀེ་ལ་ཤ་བྱ་ཡི། ཀེ་ལ་ཤ་ནི་རིའི་རྒྱལ་བོ་རི་རབ་ཡིན་པ་རྗེ་བཙུན་མི་ལ་རས་པ་དང་། སྐྱོབས་པ་འཇིག་རྟེན་མགོན་པོ། རྒོད་ཚང་བ། བཅོམ་ལྡན་རིག་པའི་རལ་གྲི། གྲུབ་ཆེན་ཨུ་རྒྱན་པ། འབྲུག་པ་པདྨ་དཀར་བོ། ཏཱ་ར་ནཱ་ཐ། ཀ་ཐོག་ཚེ་དབང་ནོར་བུ་སོགས་མཁས་པ་མང་ཤས་ཀྱིས་བཞེད་དོ། །བཅོམ་ལྡན་རིག་རལ་གྱིས། ས་པཎ་ལ། གང་གཱ་འདི་ལས་འབབ་པའི་ཕྱིར། །མ་དྲོས་འཚོལ་བའི་ངལ་བས་ཅི། །འདུས་བྱས་རྟག་པ་མེད་པའི་ཕྱིར། །སྔོན་བཞིན་ད་ལྟ་གནས་པ་མེད། །ཅེས་གསུངས་ཤིང་། ས་པཎ་ནི་གངས་ཏི་སེ་རི་རབ་མིན་པར་འདོད་པའི་ཕྱོགས་འཛིན་མཁན་ཡིན་ཕྱིར། ཕྱིས་ཀྱི་ས་སྐྱའི་མཁས་པ་དང་། དགེ་ལུགས་ཀྱི་མཁས་པ་ཚོས་འདིའི་རྗེས་སུ་འབྲངས་པ་མང་ངོ་། །དེའི་ཕྱིར་བོད་ཀྱི་མཁས་པའི་ཁྲོད་ན། གངས་ཏི་སེ་ནི་རིའི་རྒྱལ་བོ་རི་རབ་ཡིན་མིན་རྩོད་པ་ཆེན་པོ་ཡོད་ཀྱང་། ངེད་ཀྱིས་ནི་གནའ་དཔྱོད་རིག་པའི་ལྟ་བ་འཛིན་མཁན་ཞིག་ཡིན་ཕྱིན། དོན་དག་དེ་ལ་གནའ་དཔྱོད་རིག་པའི་ལྟ་བའི་སྒོ་ནས་བཤད་ན། སྤྱིར་བོད་ཀྱི་མཁས་པའི་སེམས་ལ་མི་ལ་རས་པ་དང་ས་སྐྱ་པཎ་ཆེན་གཉིས་བསྡུར་སྐབས་མི་ལ་རས་པ་ནི་ཚེ་གཅིག་ལུས་གཅིག་ལ་འཚང་རྒྱ་བའི་སངས་རྒྱས་གསོན་པོ་ལྟ་བུར་ངོས་ འཛིན་བྱེད་ཀྱང་། མཁས་པའི་གོ་འཕང་གི་ཐོབ་ཐང་ཐད་ནས་བསྡུར་ན་ས་སྐྱ་པཎ་ཆེན་གྱི་མཚན་སྙན་ལྟ་བུ་མེད། དེ་ཡང་བོད་ཀྱི་མཁས་པ་རྣམ་གསུམ་བྱ་བའི་སྐབས་སུའང་ས་པཎ་དང་། བུ་སྟོན། རྗེ་ཙོང་ཁ་བ་གསུམ་བགྲང་བ་ལྟ་བུ་རེད། ཤུགས་རྐྱེན་དེ་དག་གིས་ས་པཎ་གྱི་གསུང་ནི་མཁས་པའི་གསུང་ཡིན་ཞེས་ཐམས་ཅད་ཀྱིས་མ་ཎི་འདྲེན་འདྲེན་བྱེད་པ་ལས་འགྲིག་མིན་གྱི་བརྟག་མཁན་ཧ་ཅང་ཉུང་། དེ་འདྲ་ཡིན་ཕྱིན་མི་ལས་སྔོན་ལ་གངས་ཏི་སེ་ནི་སངས་རྒྱས་ཀྱིས་ལུང་བསྟན་པའི་གངས་རི་ དཔལ་དང་ལྡན་པ་ཡིན་གསུངས་ཀྱང་། ས་པཎ་གྱིས་མིན་ཞེས་གསུངས་ཚེ་མང་ཤས་ཀྱིས་ཁོང་གི་རྩར་རྒྱུག་པ་ལྟ་བུའོ། །ངས་བལྟས་ན། མི་ལ་ནི་རིག་པས་བསྐོར་བའི་རྒྱལ་ཁམས་པའམ་རི་ཁྲོད་པ་ཞིག་ཡིན་པས། གངས་ཏི་སེ་སོགས་བོད་ཀྱི་གནས་རི་བླ་མཚོ་ཡོད་ཚད་ལ་དངོས་སུ་བསྐྱོད་དེ་སྒྲུབ་པ་ཉམས་ལེན་བྱས་པས། གནས་ཡུལ་ཁག་ལ་རྒྱུས་ཆེན་པོ་མངའ་བ་སྨོས་མ་དགོས། འོན་ཏེ། ས་པཎ་ནི་དེ་ལས་ལྡོག་སྟེ་སྐྱིད་གྲོང་དུ་བྱོན་པ་ལས་གཞན་གངས་ཏི་སེ་བཅས་སུ་དངོས་སུ་ཕེབས་མ་མྱོང་བས་དེ་དག་གི་གནས་ཚུལ་རྣམས་ཁོང་གིས་སྟན་ཁ་གང་མའི་ཐོག་ནས་ཐག་བཅད་པ་ཤ་སྟག་ཡིན། དེ་འདྲ་ཡིན་ཕྱིན། ངེད་ཀྱིས་ནི་ཐོས་པ་བརྒྱ་ལས་མཐོང་བ་གཅིག་ལྷག་གི་གནས་ལུགས་སྨྲ་བའི་གྲས་ཡིན་པས། གངས་ཏི་སེའི་ཐད་མི་ལའི་གསུང་གཙིགས་སུ་འཛིན་པར་བྱེད་པ་ལས་ས་པཎ་ལ་ཡིད་རྟོན་དཀའ་འོ། །རྒྱུ་མཚན་ནི་འུ་བུ་རང་ཡང་གངས་ཏི་སེ་ལ་དངོས་སུ་བསྐྱོད་དེ་ཕལ་ཆེན་དང་མཛོད་སོགས་སུ་བཤད་པའི་ས་གནད་དང་གནའ་དེང་གི་ས་མིང་ཆུ་མིང་བཅས་ལ་བརྟག་དཔྱད་བྱས་རྗེས་གངས་ཏི་སེའི་གཡས་གཡོན་གྱི་ས་དབྱིབས་ནི་གཞུང་དེ་རྣམས་སུ་བསྟན་པ་དང་ཡོངས་སུ་མཚུངས་པས་མིག་གིས་དངོས་སུ་མཐོང་བའི་གནས་ཚུལ་ལ་ཡིད་ཆེས་བྱེད་པའི་སྤོབས་པའང་ངང་ངམ་ཤུགས་ཀྱིས་སྐྱེས་སོ། །དེ་དག་ལ་འདི་ལྟར་ཡང་བསམ་དགོས་ཏེ། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས། སའི་ངོས་འཛིན་འདི་སོང་མཁན་དང་སྐོར་མཁན་ཞིག་གིས་ཤེས་ནུས་ཀྱི། སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་ལ་སྦྱངས་ནས་ཅུང་འོངས་པ་ཞིག་མིན་མཆི་སྟེ། ཞེས་གསུངས་པ་ནི་ཤིན་ཏུ་མད་དེ། ས་སྐྱ་པཎ་ཆེན་གངས་ཏི་སེ་དང་མ་ཕམ་གཡུ་མཚོ་མིག་གིས་མ་མཐོང་བར་ཐག་བཅད་པ་ལ་མང་ཤས་ཀྱིས་བདེན་པར་འཛིན་པ་དང་། མི་ལ་རས་པ་གངས་ཏི་སེ་དང་མ་ཕམ་གཡུ་མཚོ་ལ་དངོས་སུ་བསྐྱོད་དེ། ཡོད་ཚད་རྒྱུས་ལོན་བྱས་ཏེ་བདེན་པར་བཤད་ན་ཡིད་མི་རྟོན་པའི་རྒྱུ་མཚན་ནི། གྲུབ་མཐའི་ཕྱོགས་འཛིན་ལས་གཞན་གནས་གངས་ཁྲོད་འགྲིམས་པའི་བྱ་བྲལ་བ་དང་། སྐུ་སེང་ཁྲིར་འགྱིང་བའི་བླ་ཆེན་གྱི་ཁྱད་པར་ལས་ཅི་ཡང་མེད་དོ། །ད་དུང་ཆོས་གཞུང་དུ་བཤད་པའི་འོག་མིན་དང་དགའ་ལྡན་ཡང་གངས་ཏི་སེར་ཡོད་པ་ཡིན་ཡང་། མང་ཤས་ཀྱིས་དབྱིག་གཉེན་གྱི་མཛོད་ལ་མགོ་འཁོར་ནས་རྒྱུད་སྡེ་རྒྱ་མཚོའི་ནང་དུ་གསལ་བའི་ནང་དོན་རྣམས་ལ་དོ་སྣང་བྱེད་མི་འདུག༼བུ་སྟོན་ཆོས་འབྱུང༽དུའང་། འོག་མིན་ནི་ལྷ་དབང་ཕྱུག་གི་གནས་སུ་ཡོད་ཚུལ་བསྟན་འདུག་ལ། དབང་ཕྱུག་གི་གནས་ཀྱི་མིང་གཞན་ལ་ཤམ་བྷ་ལ་ཟེར། མངོན་བརྗོད་འགའ་རེར་འབྱུང་བོ་འཛིན་པ་ཞེས་ཀྱང་འཁོད་ཡོད། ༼སྙན་ངག་མེ་ལོང༽ལས། རཱ་མ་དཀའ་ཐུབ་པ་ཡིས་ཀྱང་། །འབྱུང་བོའི་འཛིན་མ་འདི་ལས་རྒྱལ། །ཞེས་པའི་སྐབས་ཀྱི་འབྱུང་བོའི་འཛིན་མའང་དབང་ཕྱུག་གི་གནས་ལ་གོ་ཞིང་། གསལ་བོར་བཤད་ན་ཤམ་བྷ་ལའི་ཡུལ་དུ་བྱུང་བའི་གནས་ཚུལ་ཞིག་ཡིན། གངས་ཏི་སེའི་མདུན་ན་ཡོད་པའི་རྒྱང་གྲགས་དགོན་ནི། ཤམ་བྷ་ལའི་རྒྱལ་ས་ཀཱ་ལ་པའི་ཤུལ་ཡིན་ཞིང་། བོན་གྱི་གདན་ས་འོལ་ལུང་བྱ་བའང་འདི་ཡིན་ལ། འོལ་ལུང་ནི་ཞང་ཞུང་གི་སྐད་ཡིན་ལ་བོད་ཀྱི་སྤྱི་སྐད་དུ། རྒྱང་གྲགས་ཟེར། ཧིན་རྡུ་ཆོས་ལུགས་ནང་དུ་བཤད་པའི་ལྷའི་དབང་བོ་བརྒྱ་བྱིན་གྱི་ཕོ་བྲང་རྣམ་རྒྱལ་ཁང་བཟང་ཡང་འདི་ཡིན། དོན་དུ་གནས་གཅིག་ལ་ཡུལ་ལུང་མི་འདྲ་བའི་མི་རྣམས་ཀྱིས་འབོད་ཚུལ་མི་འདྲ་བ་བྱུང་བ་ཙམ་ལས་གཞན་མེད་དོ། །གདོད་མའི་མི་རྣམས་ཀྱིས་ཤམ་བྷ་ལའི་ཡུལ་དང་། གངས་ཏི་སེའི་གཡས་གཡོན་གྱི་གནས་ལ་ལྷ་ཡུལ་ཟེར་ཞིང་། ལྷ་བྱ་བ་ནི། སྡུག་བསྔལ་མེད་ཅིང་བདེ་བ་ལྡན་པའི་མི་རྣམས་ལ་ལྟོས་འཇོག་གི་བཤད་པ་ཞིག་ཡིན་པ། ༼ལང་གཤེགས༽ལས། ལྷ་ཞེས་བྱ་བ་ནི་མྱ་ངན་མེད་པ་སྟེ། ཞེས་པ་ལས་ཀྱང་ཤེས་ནུས་སོ། །རྡོ་རྗེ་རྩེ་དགུ་བ་དང་། རྩེ་ལྔ་བ། རྩེ་གཅིག་པ། མཎྚལ་སོགས་ཀྱི་མཚོན་དོན་ཡང་མཐར་ཐུག་ན་གངས་ཏི་སེའི་གནས་ཀྱི་ཆེ་བ་བརྗོད་པའི་རིག་གནས་དང་འབྱུང་ཁུངས་ལ་ཐུག་ཡོད། གོང་གི་ནང་དོན་ཁག་འདིར་ཟུར་ཙམ་ལས་འཁོད་མེད་ཀྱང་། སྤྱིར་འདིའི་སྐོར་རྒྱས་པར་བྲིས་ཡོད་པས། ཞིབ་པར་གཞན་དུ་གཞན་རྩིས་ཡོད། གང་ལྟར་གངས་ཏི་སེ་ནི། འཛམ་གླིང་གི་གནས་རི་ཀུན་ལས་རྒྱལ་བོ་ཡིན་ཕྱིན། འདིའི་མིང་གཞན་ལ་རི་རབ་ལྷུན་པོ་དང་། ཀེ་ལ་ཤ  གངས་ཏི་སེ། ཀེ་ཁོད། གཡུང་དྲུང་དགུ་བརྩེགས་ཀྱི་རི་བོ་སོགས་བཤད་ཚུལ་མང་ངོ་། །༼ ཡོང་ཁུངས། གཉན་པོ་གཡུ་རྩེ་དྲ་བ།༽

གངས་རིན་པོ་ཆེ།
      གངས་ཏི་སེའམ་གངས་རིན་པོ་ཆེ་ནི། བོད་རང་སྐྱོང་ལྗོངས་ཀྱི་སྤུ་ཧྲེང་རྫོང་གི་བྱང་རྒྱུད་དུ་ལྷུན་ཆགས་སུ་ཡོད་ཅིང་། རྒྱ་མཚོའི་ངོས་ལས་སྨི་དྲུག་སྟོང་དྲུག་བརྒྱ་ང་དྲུག་གིས་མཐོ་བ་ཡོད། གནས་འདིར་ལོ་ངོ་སྟོང་ཕྲག་མང་བོའི་གོང་ནས་ནང་པ་སངས་རྒྱས་པ་དང་། ཕྱི་རོལ་རིག་བྱེད་པ་སོགས་ཀྱིས་ངོས་འཛིན་ཚུལ་མི་འདྲ་བ་བྱུང་ཡོད། དེ་ཡང་གནས་འདི་ཉིད་ཏི་སེར་ངོས་བཟུང་ཚུལ་ནི།༼མདོ་སྡེ་ཕལ་པོ་ཆེ༽དང༼དྲན་པ་ཉེར་བར་བཞག་པའི་མདོ༽སོགས་ནས་ཏི་སེར་རི་བོ་རྡོ་རྗེས་རྩེ་ལྔ་པའི་དབྱིབས་ཅན་གནམ་ཕངས་དཔག་ཚད་ལྔ་བརྒྱ་ཡོད་པ་སོགས་གསུངས་པ་དང་།དེ་ལྟ་བུའི་གངས་རི་གང་ན་ཡོད་སྙམ་ན།༼ཆོས་མངོན་པ་མཛོད༽ལས། འདི་ནས་བྱང་དུ་རི་ནག་པོ་དགུ་འདས་པ་དེ་ནི་གངས་རིའོ། །ཞེས་སོགས་གསུངས་པའི་དོན༼མཛོད་འགྲེལ༽ལས།འཛམ་བུ་གླིང་འདི་ཉིད་ན་རི་ནག་པོ་དགུ་འདས་པའི་ཕ་རོལ་ན་གངས་རི་ཡོད་དོ། །གངས་རི་དེའི་ཕ་རོལ་རི་སྤོས་ངད་ལྡན་གྱི་ཚུ་རོལ་ན་མཚོ་མ་དྲོས་པ་ཞེས་བྱ་བ་ལས་ཆུ་བོ་ཆེན་པོ་བཞི་སྟེ་གངྒཱ་དང་། སིནྡྷུ་དང་། སི་ཏ་དང་། པཀྵུ་བཅས་འབབ་པ་ཡོད་དོ། །ཞེས་པ་དང༼པད་མའི་ལུང་བསྟན་བཀའ་རྒྱ་མ༽ལས་གངས་ཏི་སེ་ཤེལ་གྱི་མཆོད་རྟེན་འདྲ་བའི་ཤར་ཕྱོགས་སུ་ཤངས་ཀྱི་ཟ་ཕུ་ལུང་ཡོད་པར་གསུངས་པ་དང་།༼བློན་པོ་བཀའ་ཐང༽ལས། རྡོ་རྗེ་གདན་ནས་བྱང་ཕྱོགས་བཅལ་བ་ན། །རི་ནག་དགུ་འདས་ཕ་རོལ་གངས་ཏི་སེ། །ཞེས་འབྱུང་བ་དང་། དཔལ་ལྡན་ཨ་ཏི་ཤ་མངའ་རིས་ཀྱི་རྒྱལ་བོ་ལྷ་བཙུན་བྱང་ཆུབ་འོད་ཀྱིས་གུ་གེར་གདན་དྲངས་སྐབས། ཏི་སེའི་མདུན་བར་ཁའི་ཐང་དུ་ཕེབས་སྐབས། ཇོ་བོ་རྗེའི་ཞལ་ནས། ཏི་སེའི་གངས་ནས་གནས་བརྟན་རྣམས་གདུགས་ཚོད་ཀྱི་གཎྜི་རྡུང་བྱུང་། རང་རེ་ཡང་གུང་གི་དྲོ་གྱིས་ཤིག་ཅེས་གསུངས་པ་སོགས་རྒྱ་བོད་ཀྱི་པཎ་གྲུབ་སུས་ཀྱང་ཏི་སེ་ཞེས་པ་ནི་བོད་ཀྱི་འདི་ལ་ངོས་འཛིན་པ་ཡིན། གནས་ཁྱད་པར་ཅན་འདི་ནས་འབྲི་གུང་སྐྱོབ་པ་འཇིག་རྟེན་གསུམ་མགོན་ནས་རྗེ་དཀོན་མཆོག་ཕན་བདེ་ཉི་མའི་བར་གངས་ཏི་སེའི་རིག་པ་འཛིན་པ་མཁན་རྡོར་འཛིན་དང་འབྲི་གུང་བའི་གྲུབ་མཐའ་འཛིན་པའི་དགེ་འདུན་གྱི་སྡེ་མ་ཆད་པ་བྱུང་། ཁྱད་པར་དུ་མཉམ་མེད་དྭགས་པོ་བཀའ་བརྒྱུད་ཀྱི་སྒྲུབ་གནས་སུ་གྱུར་སྐབས། རྗེ་མར་བའི་ལུང་བསྟན་ལྟར་མི་ལ་རས་པས་གནས་འདིར་སྒྲུབ་པ་ཡུན་རིང་མཛད། དེ་བཞིན་དུ་འབྲི་གུང་སྤྱན་སྔ་ཤེས་རབ་འབྱུང་གནས་དང་། གྲུབ་ཐོབ་སེངྒེ་ཡེ་ཤེས། རྒོད་ཚང་བ། པཎ་ཆེན་བློ་བཟང་ཆོས་རྒྱན། ཞབས་དཀར་པ་སོགས་མང་བོས་ཞབས་ཀྱིས་བཅགས་མྱོང་། གངས་ཏི་སེའི་སྟེང་གི་ཨ་ཕུག་ཏུ་གྲགས་པ་ནི་རྗེ་མི་ལས་བྲུས་ཤིང་ཨ་ཡིག་བཀོད་པར་བཤད་ལ། ཏི་སེའི་མདུན་གྱི་ལ་སྔགས་ཞེས་བྱའི་མཚོ་ཆེན་པོ་མི་ལྤགས་ཀྱི་གཡང་གཞིའི་རྣམ་པ་ཅན་ཞིག་ཡོད་པ་ནི། ཇི་སྐད་དུ། སྲིན་ཡུལ་ལངྐ་པུ་རི་ན། །དུག་མཚོ་ནག་པོ་མེ་རེ་རེ། །ཞེས་གསུངས་པ་ལྟར་ཡེ་ཤེས་མགོན་པོ་བང་ཆེན་ལྕམ་དྲལ་གྱི་ཕོ་བྲང་ཡིན་པར་གསུངས། ཏི་སེའི་ཕྱོགས་བཞི་ན་ཡོད་པའི་ཞབས་རྗེས་བཞི་ནི་མགོན་པོ་བང་གིས་གངས་ཏི་སེ་འདི་ཀླུ་ཡུལ་དུ་གདན་འདྲེན་པར་བྱའོ་སྙམ་དུ་བསམས་ནས་རྫུ་འཕྲུལ་གྱིས་ཏི་སེའི་སྐེད་པ་ལ་ཐག་པ་བརྒྱབས་ནས་འཁུར་བར་བརྩམས་པ་ན། རྒྱ་གར་འཕགས་པའི་ཡུལ་ནས་སྟོན་པ་འཁོར་བཅས་ངང་བའི་རྒྱལ་བོ་བཞིན་འཕུར་ནས་ཕེབས་ཏེ་ཕྱོགས་བཞི་ལ་ཞབས་རྗེས་རེ་བཀོད་པས་གདན་འདྲེན་མ་ནུས་པར་ལུས་པས། ད་ལྟའང་དེ་བཞི་ལ་ཏི་སེ་མི་འགྱུར་བའི་གཟེར་བཞི་ཞེས་གྲགས། ༼ ཡོང་ཁུངས། བོད་ལྗོངས་ཆ་འཕྲིན་ལྟེ་གནས།༽

གངས་རི་དཔལ་དང་ལྡན་པ།
      གངས་ཏི་སེ་རི་རྒྱུད་ནི་བོད་བྱང་ཕྱོགས་ཀྱི་ལྷོ་སྣེར་གནས་ཤིང་བོད་ཀྱི་བྱང་ཕྱོགས་དང་། ལྷོ་ཕྱོགས། ཤར་ལྷོ་བཅས་ཕྱོགས་སོ་སོའི་དབྱེ་མཚམས་ཡིན་ལ་བོད་ཀྱི་ནང་འབབ་ཆུ་བོ་དང་ཕྱི་འབབ་ཆུ་བོའི་དབར་གྱི་རང་བྱུང་གི་དབྱེ་མཚམས་ཤིག་ཀྱང་རེད། གངས་ཏི་སེའི་རི་རྒྱུད་ཀྱི་ནུབ་རི་རྣམས་གཞུང་ཐིག ༨༠ ནས་བཟུང་ཤར་ལྷོའི་ཕྱོགས་སུ་གསག་འགྲོས་སུ་བརྒྱུགས་པ་དང་། གཞུང་ཐིག ༨༤-༨༥ མཚམས་ནས་དངོས་སུ་གཞུང་དུ་བརྒྱུགས་ཏེ་གཞུང་ཐིག ༩༠ ས་ནས་གཉེན་ཆེན་ཐང་ལྷའི་རི་རྒྱུད་དང་འབྲེལ། གངས་ཏི་སེ་རི་རྒྱུད་ཀྱི་ཆ་སྙོམས་མཐོ་ཚད་ལ་མཚོ་ངོས་ལས་སྤྱི་ཁྲེ ༥༥༠༠ ནས ༥༨༠༠ བར་ཟིན་ཞིང་། དེའི་ནུབ་རྒྱུད་ཀྱི་ཞེང་ཚད་སྤྱི་ལེ ༦༠ ནས ༧༠ བར་ཟིན་པ་དང་། ཤར་རྒྱུད་ཀྱི་ཞེང་ཚད་ཆེ་ཤོས་ལ་སྤྱི་ལེ ༡༠༠ ཟིན། རི་རྒྱུད་དེའི་ཆགས་དབྱིབས་ཟིང་ཟིང་ཆེ་ལ་ལེ་ལག་རི་རྒྱུད་རྣམས་ཀྱང་འདྲེས་འཛིང་ཤིན་ཏུ་ཆེ། སྙན་གྲགས་ཆེ་བའི་སྟོད་གངས་རིན་པོ་ཆེ་ནི་རི་རྒྱུད་དེའི་གཙོ་རི་ཡིན། དེའི་མཐོ་ཚད་མཚོ་ངོས་ལས་སྤྱི་ཁྲེ ༦༦༥༦ ཡོད། རི་བོ་འདི་ནི་དེང་གི་འཁྱག་རླུང་འཕེལ་མེད་ཅིག་ཡིན།༼ཡོང་ཁུངས། མཚོ་སྔོན་པོའི་དྲ་བ།༽ 

གངས་ཏེ་སེའི་རི་རྒྱུད།
      རི་རྒྱུད་འདི་གཉིས་བོད་རང་སྐྱོང་ལྗོངས་སུ་ཡོད་དེ། མངའ་རིས་སེངྒེ་ཁ་འབབ་ནས་འཕྲེད་བཅད་རི་རྒྱུད་བར་འཁྱོག་པོར་ཆགས་ཡོད། རི་རྒྱུད་འདིའི་རིང་ཚད་ལ་སྤྱི་ལེ ༡༦༠༠ ལྷག་དང་ལྷོ་བྱང་གི་ཞེང་ཚད་ལ་སྤྱི་ལེ ༨༠། ཆ་སྙོམས་ཀྱི་མཐོ་ཚད་ལ་སྨི ༥༨༠༠ ལྷག་ཡོད། རི་རྒྱུད་འདིའི་སྣེ་གཉིས་མཐོ་ལ་དཀྱིལ་དམའ་ཞིང་། ཕྱི་འབབ་ཆུ་བོ་དང་ནང་འབབ་ཆུ་བོ་གཉིས་ཀྱི་མཚམས་སུ་གྱུར་ཡོད། གངས་ཏེ་སེ་རི་རྒྱུད་ཀྱི་མཐོ་ཤོས་ནི་གངས་རིན་པོ་ཆེ་སྨི ༦༦༣༨ དང་། བློན་པོ་གངས་སྨི ༧༠༤༨ གཉིས་ཡིན། གཉན་ཆེན་ཐང་ལྷའི་རི་རྒྱུད་ཀྱི་མཐོ་ཤོས་ནི་གཉན་ཆེན་ཐང་ལྷ་སྨི ༧༦༡༢ ཡིན། གངས་ཏེ་སེ་རི་རྒྱུད་དུ་འཁྱག་ཀླུང་ཆེན་པོ་མེད་མོད། གཉན་ཆེན་ཐང་ལྷའི་ཤར་ཁུལ་དུ་འཁྱག་ཀླུང་ཧ་ཅང་རྒྱས།༼ཡོང་ཁུངས། བོད་སྤྱི་བཤད།༽

ཀཻ་ལ་ཤའི་རི་བོ།
      བོད་རང་སྐྱོང་ལྗོངས་མངའ་རིས་ཁུལ་སྤུ་ཧྲེང་རྫོང་དུ་ཡོད་པའི་གངས་རི་ཞིག་གི་མིང་སྟེ། ཡོངས་གྲགས་སུ་སྟོད་གངས་རིན་པོ་ཆེ་ཟེར་ཞིང་། མཐོ་ཚད་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ་དྲུག་སྟོང་བདུན་བརྒྱ་བཅུ་བཞི་དང་། གངས་རིར་བསྐོར་བ་ཆ་ཚང་གཅིག་ཐེབས་པའི་འཁོར་ཚད་སྤྱི་ལེ་ལྔ་བཅུ་ང་གཉིས། གངས་རིའི་སྐོར་ལམ་གྱི་གཙོ་གནད་སྒྲོལ་མ་ལ་ཡི་མཐོ་ཚད་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ་ལྔ་སྟོང་བདུན་བརྒྱ་ཉི་ཤུ་རྩ་གསུམ། གངས་བསྐོར་ཆ་ཚང་གཅིག་ཐེབས་པར་ཉིན་ཁ་ཤས་འགོར་གྱི་ཡོད་པ་དང་། དེང་སང་གངས་རིའི་གནས་བསྐོར་གྱི་ཆ་རྐྱེན་འཛོམས་པོ་ཡོད་སྟབས་མགྱོགས་པ་ཚོས་ཉིན་གཉིས་དང་། མགྱོགས་དལ་རན་པོས་ཕྱིན་ན་ཉི་མ་གསུམ་ལ་སྐོར་བ་གཅིག་ཐེབས་ཀྱི་ཡོད། གངས་རི་ཏི་སེ་འདི་ཡོངས་གྲགས་སུ་ཀརྨ་བཀའ་བརྒྱུད་དང་། འབྲི་གུང་བཀའ་བརྒྱུད། འབྲུག་པ་བཀའ་བརྒྱུད། དགེ་ལུགས་བཅས་ཚང་མས་བཅོམ་ལྡན་འདས་ཀྱིས་ལུང་བསྟན་པ་དང༼མངོན་པ་མཛོད༽ནས་བཤད་པའི་གངས་རི་ཏི་སེ་ཡིན་པར་གཅིག་གྱུར་གྱིས་ཞལ་གྱིས་བཞེས་པ་ཡིན་ཀྱང་། ས་སྐྱ་པཎ་ཆེན་གྱིས་མཛད་པའི༼སྡོམ་གསུམ་རབ་དབྱེ༽རྩ་བ་དང་། དེའི་རང་འགྲེལ་བཅས་ལས་དེང་སང་བོད་དུ་ཡོངས་སུ་གྲགས་པའི་གངས་རི་ཏི་སེ་འདི་བཅོམ་ལྡན་འདས་ཀྱིས་མདོ་རྒྱུད་ནས་གསུངས་པ་དང༼མངོན་པ་མཛོད༽ནས་བཤད་པའི་གངས་ཏི་སེ་མ་ཡིན་པའི་སྒྲུབ་བྱེད་འགའ་ཞིག་གསུངས། དེ་ལ་དགག་ལན་གྱི་ཚུལ་དུ། ཞྭ་དམར་སྐུ་ཕྲེང་བཞི་པ་ཆོས་གྲགས་ཡེ་ཤས་ཀྱིས་མཛད་པ༼མཁས་པའི་རྣ་རྒྱན༽དང་། འབྲི་གུང་ཞབས་དྲུང་ཆོས་ཀྱི་གྲགས་པས་མཛད་པའི༼རྒོལ་ངན་འཇོམས་པའི་ལེགས་བཤད༽འབྲུག་པ་སངས་རྒྱས་རྡོ་རྗེས་མཛད་པའི༼གནས་གསུམ་གསལ་བྱེད་ལེགས་བཤད་ནོར་བུའི་མེ་ལོང༽འབྲི་གུང་རྡོ་རྗེ་འཛིན་པ་ངག་དབང་འཕྲིན་ལས་ཀྱིས་མཛད་པའི༼གནས་ཆེན་གངས་རི་མཚོ་གསུམ་ཆུ་བོ་བཞི་དང་བཅས་པ་གཏན་ལ་དབབ་པ་ལུང་དོན་སྣང་བར་བྱེད་པའི་མེ་ལོང༽རྣམས་བརྩམས་ནས་བོད་དུ་ཡོངས་སུ་གྲགས་པའི་གངས་རིན་པོ་ཆེ་འདི་ཉིད་གངས་རི་ཆེན་པོ་ཏི་སེ་དངོས་ཡིན་པ་དང་། ཕྱོགས་བཞིའི་ཁ་འབབ་ཀྱི་ཆུ་རྣམས་འབབ་པའི་ཆུ་འགོ་གང་དུ་ཡོད་པ། དེ་དག་བོད་ཀྱི་ས་གནས་གང་དང་གང་བརྒྱུད་ནས་འཛམ་གླིང་རྒྱལ་ཁབ་གང་གི་ས་ཆར་འབབ་པ་སོགས་གསལ་བཤད་ཞིབ་ཕྲ་མཛད་ཡོད། དེ་སྔོན་རྒྱ་གར་གྱི་མུ་སྟེགས་ཆོས་ལུགས་པའི་ནང་གསེས་དབང་ཕྱུག་པ་དང་གཅེར་བུ་པ་སོགས་ལྷ་དབང་ཕྱུག་ལ་སྐྱབས་གནས་སུ་འཛིན་པ་རྣམས་ཀྱིས་གངས་ཏི་སེ་འདི་བཞིན་ལྷ་ཆེན་དབང་ཕྱུག་ཆེན་པོའི་བཞུགས་གནས་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། གཡུང་དྲུང་བོན་གྱི་ཆོས་བརྒྱུད་འཛིན་པ་རྣམས་ཀྱིས་སྟོན་པ་གཤེན་རབས་མི་བོ་མཆོག་ཞབས་ཀྱིས་བཅགས་ནས་བྱིན་གྱིས་བརླབས་པའི་གནས་ཁྱད་པར་ཅན་ཡིན་པར་ངོས་འཛིན་པའི་གནས་བཤད༼ཏི་སེའི་དཀར་ཆག་ཚངས་དབྱངས་ཡིད་འཕྲོག༽ཅེས་པ་ཞིག་ཀྱང་བརྩམས་ཡོད་པ་བཅས། གངས་ཏི་སེ་འདིར་རྒྱ་གར་གྱི་མུ་སྟེགས་རིག་བྱེད་སྨྲ་བ། བོད་ཀྱི་གཡུང་དྲུང་བོན། ནང་པ་སངས་རྒྱས་ཆོས་ལུགས་བཅས་ཚང་མས་རང་རང་སོ་སོའི་སྔོན་བྱུང་ལོ་རྒྱུས་གཞིར་བཟུང་ནས་ཕྱག་མཆོད་བསྐོར་བ་བྱ་སྲོལ་ཞིག་ཆགས་ཡོད། སངས་རྒྱས་ཆོས་ལུགས་ཀྱི་གཞུང་མངོན་པ་མཛོད་དང་། ཡོངས་གྲགས་ཀྱི་ངག་རྒྱུན་ལ། གངས་རི་ཆེན་པོ་ཏི་སེ་ནི་གངས་རི་རང་བྱུང་གི་མཆོད་རྟེན་དབྱིབས་ཅན་དུ་ཡོད་པ་དང་། འཛམ་བུ་གླིང་གི་ཆུ་བོ་ཆེན་པོ་བཞིའི་ཆུ་འགོ་ཡིན་པ་སྟེ། ཤར་ཕྱོགས་ཀྱི་བྲག་རྟའི་ཁ་འདྲ་བ་ནས་ཆུ་བོ་གངྒཱ། ལྷོ་ཕྱོགས་ཀྱི་བྲག་རྨ་བྱའི་ཁ་འདྲ་བ་ནས་ཆུ་བོ་པཀྵུ། ནུབ་ཕྱོགས་ཀྱི་བྲག་གླང་པོ་ཆེའི་ཁ་འདྲ་བ་ནས་ཆུ་བོ་སིན་དྷུ། བྱང་ཕྱོགས་ཀྱི་བྲག་སེང་གེའི་ཁ་འདྲ་བ་ནས་ཆུ་བོ་སི་ཏཱ་འབབ་པར་བཤད་པ་ལྟར་དེང་སང་གི་ཀྲུང་གོའི་ས་བཀྲའི་དཔར་རིས་ནང་དུ་ཡང་དེ་དང་མཐུན་པར་བཀོད་ཡོད་པ་སྟེ། ཆུ་བོ་རྟ་མཆོག་ཁ་འབབ་ནི། གངས་རི་ཏི་སེའི་ཤར་ངོས་ནས་འགོ་ཚུགས་ཏེ་སྐྱིད་གྲོང་གི་བྱང་རྒྱུད་ནས་རིམ་བཞིན་ལྷ་རྩེ། གཞིས་རྩེ། ཆུ་ཤུལ། དེ་ནས་ཀོང་སྟོད་བར་འབབ་པའི་མིང་ལ་ཡར་ལུང་གཙང་པོ་ཟེར། ཀོང་སྟོད་ནས་ཀོང་སྨད་རྒྱ་ལ་སེང་གཏམ་བར་དང་། དེ་ནས་རྒྱ་གར་ཨ་སམ་དུ་སླེབས་མཚམས་མིང་ལ་བྷ་རམ་པུར་རྟ་ཟེར། ཨ་སམ་ནས་ཁ་ནུབ་ཏུ་ཕྱོགས་ཏེ་བྷང་གྷ་ལའི་རྒྱལ་ཁབ་ཀྱི་བྱང་ངོས་ནས་ཁ་ལྷོར་གཏད་དེ་ཀ་ལི་ཀ་ཏའི་ཤར་ཕྱོགས་ཀྱི་མཚོ་འགག་ནས་ཧིན་དྷུ་རྒྱ་མཚོར་འབབ། རྨ་བྱ་ཁ་འབབ་ནི། གངས་རི་ཏི་སེའི་ལྷོ་ཕྱོགས་ནས་ཤར་ལྷོའི་ཕྱོགས་སུ་ཁ་གཏད་དེ་བལ་ཡུལ་གྱི་ནུབ་ཕྱོགས་བར་དང་། དེ་ནས་ཁ་ལྷོར་ཕྱོགས་ཏེ་རྒྱ་གར་དུ་སླེབས་མཚམས་སླར་ཡང་ཤར་ལྷོའི་ངོས་སུ་གཏད་ནས་ཀ་ལི་ཀ་ཏའི་ཤར་ཕྱོགས་ཀྱི་མཚོ་འགག་ནས་ཧིན་དྷུ་རྒྱ་མཚོ་དང་འདྲེས། གླང་ཆེན་ཁ་འབབ་ནི། གངས་རི་ཏི་སེའི་ནུབ་ཕྱོགས་ནས་ཀསྨི་རའི་ཡུལ་གྱི་བར་ཁ་ནུབ་ཏུ་གཏད་ནས་འབབ་ཅིང་། དེ་ནས་པ་ཅི་སི་ཐན་གྱི་བྱང་ངོས་ནས་ལྷོ་ནུབ་ཕྱོགས་སུ་ཁ་གཏད་དེ་རྒྱལ་ས་ཁ་ར་ཆིའི་མཚོ་འགག་ཏུ་ཨ་ར་པི་རྒྱ་མཚོར་འདྲེས། སེང་གེ་ཁ་འབབ་ནི། གངས་རི་ཏི་སེའི་བྱང་ངོས་ནས་འགོ་ཚུགས་ཏེ་རྩ་བྲང་བཀྲ་ཤིས་སྒང་ལ་སླེབས་བར་ནུབ་བྱང་ངོས་སུ་ཁ་གཏད་ནས་འབབ་ཅིང་། དེ་ནས་གླང་ཆེན་ཁ་འབབ་ཀྱི་ཆུ་དང་འདྲེས་ནས་ཁ་ཆེའི་ཡུལ་བར་སླེབས། དེ་ནས་སླར་ཡང་གླང་ཆེན་ཁ་འབབ་དང་ཁ་བྲལ་ནས་ཨ་ཧྥུ་ཧན་གྱི་བྱང་ཕྱོགས་བརྒྱུད་དེ་སྔའི་སུའུ་ལེན་གྱི་ནུབ་ཕྱོགས་སུ་ཡོད་པའི་ཞན་ཧེའི་རྒྱ་མཚོར་འདྲེས་པ་བཅས་ཡིན། གངས་ཏི་སེའི་གནས་བཤད་སྐོར་འབྲི་གུང་གདན་རབས་སོ་བཞི་པ་དཀོན་མཆོག་བསྟན་འཛིན་གྱིས་མཛད་པའི༼གངས་རིའི་གནས་བཤད་ཤེལ་དཀར་མེ་ལོང༽ལྕགས་དཔར་མའི་ཤོག་གྲངས ༡༡༧ ཡོད་པ་དང་། གངས་རི་བ་ཆོས་དབྱིངས་རྡོ་རྗེས༼བོད་ལྗོངས་མངའ་རིས་ཡུལ་སྐོར་ཚན་པའི་ཕྱི་འབྲེལ་ལོ་ཙཱ་བ༽རྩོམ་སྒྲིག་གནང་བ༼གངས་མཚོ་གནས་གསུམ་གྱི་ལོ་རྒྱུས་སྐལ་ལྡན་ཤིང་རྟ༽༼བོད་ལྗོངས་ནང་བསྟན༽༡༩༩༠ ལོའི་དུས་དེབ་དང་པོའི་ནང་འཁོད་པ་བཅས་ལ་གཟིགས།༼ཡོང་ཁུངས། དུང་དཀར་ཚིག་མཛོད་ཆེན་མོ།༽