ཇོ་མོ་གླང་མ།
རྩོམ་སྒྲིག་ཁང་།
འབྱུང་ཁུངས། སྤེལ་མཁན། སྤེལ་དུས།2016-10-05
ངོ་སྤྲོད་དོན་བསྡུས།
      རི་བོ་ཇོ་མོ་གླང་མ་ནི་བལ་བོད་ཀྱི་འབྲེལ་མཚམས་བོད་ལྗོངས་གཞིས་རྩེ་ས་ཁུལ་དིང་རི་རྫོང་གི་ཁོངས་གཏོགས་སུ་ཆགས་ཡོད་ལ། ཧི་མ་ལའི་རི་རྒྱུད་ཀྱི་ཆེས་མཐོ་བའི་རི་ཡིན་པར་མ་ཟད་འཛམ་གླིང་ཐོག་གི་རི་བོ་ཆེས་མཐོ་ཤོས་དེའང་ཡིན། གཞན་ཆགས་དབྱིབས་དང་རིང་ཚད་ཞེང་ཚད་མཐོ་ཚད་སོགས་ནི་ཧི་མ་ལའི་རི་རྒྱུད་ལྟར་བརྩི་དགོས། བོད་ཀྱི་ངག་རྒྱུན་དུ་ཧི་མ་ལའི་རི་རྒྱུད་ཀྱི་རི་མཐོན་པོ་ལྔ་ནི་ཚེ་རིང་མཆེད་ལྔ་ཡིན་པར་གྲགས། རི་འདི་དེའི་གྲས་ཀྱི་ཡིན།

རི་བོ་ཇོ་མོ་གླང་མ།

      ཇོ་མོ་གླང་མ་ནི་བོད་ལྗོངས་གཞིས་རྩེ་ས་ཁུལ་དིང་རི་རྫོང་གི་ཁོངས་གཏོགས་བལ་བོད་གཉིས་ཀྱི་འབྲེལ་མཚམས་སུ་སྐྱིད་སྦུག་གྲོང་དང་ཉེ་བའི་སར་ཧི་མ་ལ་ཡི་རི་རྒྱུད་དུ་འཛམ་གླིང་ན་ཆེས་མཐོ་ཤོས་ཀྱི་རི་བོ་ཞིག་ཡིན་ལ། ཧི་མ་ལ་ཡའི་དཀྱིལ་དུ་གནས་ཤིང་ས་བབ་མཐོ་ཚད་རྒྱ་མཚོའི་ངོས་ནས་སྨི ༨༨༤༤.༤༣ དང་འཛམ་གླིང་ན་སྙན་གྲགས་ཡོངས་སུ་ཁྱབ་པའི་རི་བོ་ཞིག་ཀྱང་ཡིན། རི་རྒྱུད་འདིའི་རིང་ཚད་ལ་སྤྱི་ལེ ༢༤༠༠ ལྷག་དང། ཞེང་ཚད་སྤྱི་ལེ ༢༠༠ ནས ༣༠༠ ལྷག་ཡོད་ཅིང་། རི་རྒྱུད་ཀྱི་སྣེ་གཉིས་བྱང་དུ་གུག་ཅིང་དཀྱིལ་ལྷོ་ཕྱོགས་སུ་འབུར་བས་གཞུ་དབྱིབས་དང་མཚུངས་ལ། སྤྲིན་དཀར་གྱིས་མགུལ་དུ་འཁྱུད་ཅིང་། མཆོད་སྡོང་ལྟར་རིམ་པ་བཞིན་གྱེན་དུ་བཏེགས་ཤིང་མཁའ་ལ་ཟུག་པའི་རི་ཡི་རྩེ་མོ་ལྔ་ཡོད་ལ་དེ་དག་ནི་ཆོས་དད་བོད་མིའི་ངག་རྒྱུན་དུ་ཚེ་རིང་མཆེད་ལྔའི་གནས་ཆེན་དུ་ངོས་འཛིན་མཛད་པའི་སྲོལ་རྒྱུན་འཇགས་སུ་གནས་ཡོད། གནས་རི་འདིའི་ཉེ་འཁོར་དུ་མཛེས་སྡུག་ཕ་མཐར་མི་མངོན་པའི་མན་ཤེལ་གྱི་ཕྲེང་བ་ཚར་དུ་མངར་བ་ལྟར་སྨི ༨༠༠༠ ཡན་གྱི་ཟིན་པའི་གནམ་གྱི་ཀ་བ་ལྟ་བུའི་གངས་རི་ཆེན་པོ་བཞི་ཡོད་ཅིང་། དབྱར་དགུན་སྟོན་དཔྱིད་མེད་པར་རྒྱལ་ཕྱི་ནང་གི་ཡུལ་སྐོར་འགྲུལ་བཞུད་པ་ཁ་ཆར་བུ་ཡུག་འཚུབ་པ་ལྟར་གནས་རི་འདི་ཡི་རྩེ་ཞོལ་བར་གསུམ་ཁོར་ཡུག་ཀུན་ན་ཉུལ་བཞིན་ཡོད། ཇོ་མོ་གླང་མའི་ཡུལ་སྐོར་བ་དེ་དག་ནི་གཙོ་བོ་ཡོ་རོབ་གླིང་དང་ཨ་མེ་རི་ཁ་གླིང་གི་རྒྱལ་ཁབ་ཁག་ནས་ཡོང་བ་ཡིན་པ་དང་། ཇོ་མོ་གླང་མ་ནི་འཛམ་གླིང་གི་རི་བོ་མཐོ་ཤོས་དེ་ཡིན་ཞིང་། རི་འཛེག་ལ་དགའ་བའི་རྒྱལ་ཁབ་ཕྱི་ནང་གི་སྐྱེ་བོ་ཀུན་གྱིས་ཇོ་མོ་གླང་མར་འཛེག་པ་ནི་མི་ཚེའི་དོན་ཆེན་ཞིག་ཏུ་བརྩི་བཞིན་པ་དང་། དེར་འཛེག་ཐུབ་མཁན་རྣམས་དཔའ་བོ་ཞིག་ཏུ་བརྩི་བཞིན་ཡོད། གོ་ཐོས་ལྟར་ན་ཇོ་མོ་གླང་མའི་བྱང་ངོས་སུ་འཛེག་པའི་དུས་སྐབས་ཡག་ཤོས་ནི་ཟླ་བཞི་བའི་ཟླ་སྨད་ནས་དྲུག་པའི་ཟླ་སྟོད་བར་དང་། ཟླ་དགུ་བའི་ཟླ་དཀྱིལ་ནས་བཅུ་བའི་ཟླ་སྟོད་བར་ཡིན། ཇོ་མོ་གླང་མའི་རི་འདབས་སུ་ཆགས་པའི་སྐྱིད་གྲོང་ངམ་སྐྱིད་སྦུག་གྲོང་ཚོའི་འགྲམ་དུ་རྡོ་ཕ་བོང་ཁ་གཤགས་པ་ལྟ་བུ་ཞིག་ཡོད་པ་དེ་ནི་སྔོན་སློབ་དཔོན་པདྨ་འབྱུང་གནས་སྐྱིད་སྦུག་གི་ཡུལ་གྲུ་དེར་ཕེབས་སྐབས་རྡོ་ཕ་བོང་དེས་ལམ་བཀག་པས། སློབ་དཔོན་རིན་པོ་ཆེས་རྫུ་འཕྲུལ་བསྟན་ནས་ཕ་བོང་དེ་དུམ་བུར་གཤགས་པ་རེད་ཅེས་བཤད་སྲོལ་ཡོད། གསེར་འོད་ལམ་ལམ་དུ་འཕྲོ་བའི་གངས་རིའི་རྩེ་ནས། ཉི་ཟེར་གྱི་གཟི་མདངས་དང་ལྷན་དུ་ལྷ་བྱ་གོང་མོས་གངས་རིའི་མེལ་ཚེ་ལ་དྲན་པའི་གསོས་འདེབས་སུ། དགུན་གསུམ་བུ་ཡུག་དང་སྦྲེལ་བའི་ཁ་བའི་འདབས་མས་དལ་གྱིས་ཁེབས་པའི་གངས་དཀར་གྱི་ལོ་རྒྱུས་རིང་མོ་ཞིག་མགྲིན་པའི་གདངས་སུ་གྱེར་བ། ཐག་རིང་ནས་ཡོང་བའི་ཡུལ་སྐོར་དང་ལྗོངས་རྒྱུ་བ་རྣམས་ཁུ་སིམ་པའི་རྣ་ལམ་དུ་ལྷང་ལྷང་དུ་བསྒྲགས་པ་དང་ཆབས་གཅིག སྲིད་པ་ཆགས་པའི་གངས་རྒན་ཉི་འོད་ཀྱིས་བཞུས་ཏེ། གངས་སྒོ་ཕྱེས་ནས་བསུ་མའི་ཟོལ་གྱིས་བརྡ་ཐབས་མཚོན་པ། དབྱར་གསུམ་ཤར་ནུབ་ཟུང་གི་རི་ཟུར་ནགས་ཀླུང་འཁྱིལ་བའི་ལྗོན་ཤིང་གི་ཡལ་འདབས་རྒྱས་པའི་རྩེ་ནས། མགྲིན་བཟང་ཁུ་བྱུག་སྔོན་མོས་དབང་གཞུའི་འཇའ་ཚོན་གྱིས་འཁྱུད་པའི་སྨུག་རླངས་ཀྱི་ཟིལ་བ་འཇོ་བཞིན་སྦྲང་ཆར་གྱིས་མྱོས་ཏེ། གངས་རི་ལ་དུངས་པའི་སྒྲ་དབྱངས་རི་ལུང་ཁོར་ཡུག་ཀུན་ཏུ་ཁྱབ་ཅིང་ཐོས་འཛིན་གསོས་སུ་འདེབས་བཞིན་ཡིད་ཀྱི་དང་བ་འདྲེན་པ། སྟོན་གསུམ་སྟོད་དུ་རྫ་རི་སྔོན་མོས་དལ་གྱིས་གཡོ་བའི་བ་ལྡན་གྱི་ཆུ་འཛིན་དཀར་བོའི་ན་བཟའ་ཀླུབ་ཅིང་། གངས་ཞུན་གྱི་རྔུལ་ནག་བཞུར་བའི་རི་འདབས་སུ་དྭངས་གཙང་རྫ་ཆུ་སྔོན་མོའི་བཞུར་རྒྱུན་ལྷུང་ལྷུང་དུ་འབབ་སྟེ། ལྦུ་ཕྲེང་གྱེན་དུ་འཐོར་བས་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བ་གོང་འཕེལ་དུ་འགྲོ་བའི་བལྟས་སུ་གྲུབ་པ་དང་། དཔྱིད་གསུམ་དལ་བུར་ལྡང་བའི་དྲི་ཞོན་གྱིས་རེག་པའི་ནོར་འཛིན་སྒེག་མོས་ཆགས་པའི་ཟུག་རྔུ་མ་བཟོད་པར། རྔུལ་ནག་གི་སྨུག་རླངས་དྲི་བཟང་དང་སྡེབས་པའི་སྤོས་ངད་རི་ཀློང་ཀུན་ཏུ་ཁྱབ་ཅིང་གནས་རི་ལ་མཆོད་སྤྲིན་འབུལ་བ། མདོར་ན་གོ་ལའི་ཡང་རྩེར་ཇོ་མོ་གླང་མ་ཞེས་ཀུན་གྱིས་ཡིད་སྨོན་འཆོར་བའི་གནས་རི་ཁྱད་པར་བའི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོ་ལས་ཆུ་ཐིགས་ཙམ་འཛམ་གླིང་སྐྱེ་འགྲོ་ཀུན་གྱི་མཆོད་ཡོན་གྱི་རྫས་སུ་ཕུལ་བ་ལགས་སོ། །༼བོད་ཀྱི་སློབ་འབྲིང་དྲ་བ།༽
 
ཇོ་མོ་གླང་མ།
      འཛམ་གླིང་གི་རི་བོ་མཐོ་ཤོས་གངས་རྒྱལ་མོ་མཐོན་མཐིང་སྟེ་རང་ལྗོངས་དིང་རི་རྫོང་གི་ལྷོ་ཕྱོགས་ཇོ་མོ་གླང་མ༼མཐོ་ཚད་སྤྱི་ཁྲེ ༨༨༧༨.༡༣ཡོད༽དེ་ཡང་རི་རྒྱུད་འདིའི་དཀྱིལ་རྒྱུད་ཀྱི་བོད་བལ་ས་མཚམས་ཀྱི་རྒྱུད་དུ་ཆགས་ཡོད། རི་བོ་འདི་ནི་ལྷུན་པོའི་ཚོགས་ལས་འཕགས་ཤིང་དབུ་རྩེ་ཁ་བའི་མདངས་འཛིན་ལ་ན་བུན་སྤྲིན་གྱི་ཅོད་པན་མཛེས་པ་སོགས་ངོ་མཚར་ཤིན་ཏུ་ཆེ། རྒྱལ་ཁབ་ཀྱི་རི་འཛེག་ལུས་རྩལ་པ་ཚོས་བོད་རབ་བྱུང་བཅུ་དྲུག་པའི་ལྕགས་བྱི༼༡༩༦༠༽ལོའི་ཟླ ༥ ཚེས ༢༥ ཉིན་དང་ཤིང་ཡོས༼༡༩༧༥༽ལོའི་ཟླ ༥ ཚེས ༢༧ ཉིན་སོ་སོར་བྱང་ངོས་ནས་རི་བོ་འདིའི་རྩེ་མོར་ཐེངས་རེ་འཛེགས་ཏེ་རྒྱལ་ཁབ་ཀྱི་ཚན་རིག་ལས་དོན་པ་ཚོ་དང་མཉམ་དུ་ཇོ་མོ་གླང་མའི་ཁུལ་དུ་ཚན་རིག་རྟོག་ཞིབ་རིམ་པ་བྱས་ཏེ་སླད་ཕྱིན་བོད་དུ་འབྱུང་བའི་ནུས་པ་བེད་སྤྱད་བྱ་རྒྱུར་སྨན་པའི་ཚན་རིག་ཐོག་གི་གཞི་འཛིན་ས་བཟོས་ཡོད། རི་བོ་ཧི་མ་ལ་ཡ་འདི་བོད་ལྗོངས་ས་མཐོའི་ལྕགས་རི་ཆེན་པོ་ཞིག་དང་འདྲ་བར་རླུང་གི་རྒྱུན་བཀག་སྟབས་བོད་ཀྱི་སྐྱེ་དངོས་དང་གནམ་གཤིས་སོགས་ལ་ཡང་བག་ཆགས་ཆེན་པོ་བཞག་ཡོད།༼དུང་དཀར་ཚིག་མཛོད་ལས་དྲངས།༽
 
གནས་རི་གྲགས་ཅན་ཇོ་མོ་གླང་མ།
      འདི་ནི་བོད་ལྗོངས་དང་བལ་བོ་གཉིས་ཀྱི་བར་མཚམས་སུ་ཡོད་ཅིང་། ཧི་མ་ལ་ཡ་རི་རྒྱུད་ཀྱི་ཆེས་མཐོ་བའི་རི་ཡིན་པར་མ་ཟད། འཛམ་གླིང་གི་ཆེས་མཐོ་བའི་རིའང་ཡིན། མཐོ་ཚད་འདི་ནི ༢༠༠༥ ལོའི ༥ ཚེས ༢༢ ཉིན་ཀྲུང་གོའི་ཇོ་མོ་གླང་མའི་མཐོ་ཚད་བསྐྱར་གཞལ་རུ་རི་ཁག་རི་རྩེར་འགོས་ནས་འཇལ་བའི་མཐོ་ཚད་ཡིན་ཏེ། དེ་ནས་བཟུང ༡༩༧༥ ལོའི་སྨི ༨༨༤༨.༡༣ དེ་སྤྱོད་མཚམས་བཞག ངག་རྒྱུན་དུ་ཧི་མ་ལ་ཡ་རི་རྒྱུད་ཀྱི་རྩེ་མཐོན་པོ་ལྔ་ནི་ཚེ་རིང་མཆེད་ལྔ་ཡིན་ལ། དེ་ལས་ཇོ་མོ་གླང་མ་ཡོད་པའི་ཕྱོགས་དེ་ནི་མཛེས་སྡུག་ཡིད་དུ་འོང་ཞིང་སྐྱེ་དགུས་བདེ་སྐྱིད་ཀྱི་དཔལ་ལ་རོལ་ས་ཞིག་ཡིན་པར། ནམ་ཞིག་ཤུན་ཏུ་མ་རུངས་པའི་བདུད་ཅིག་འོངས་ནས་ཀུན་ལ་འཚེ་བ་བྱས་ཙ་ན། སྙིང་རྗེ་ཅན་གྱི་ལྷ་མོ་ཞིག་གིས་བདུད་དེ་རི་ཆེན་པོ་ཞིག་གི་འོག་ཏུ་མནན་པས་རྗེས་སུ་མི་རྣམས་ཀྱིས་རི་དེ་ལ༼ཇོ་མོ་གླང་མ༽ཞེས་འབོད།༼བོད་སྤྱི་བཤད་ལས་དྲངས།༽