ལྷ་ས་གྲོང་ཁྱེར།
རྩོམ་སྒྲིག་ཁང་།
འབྱུང་ཁུངས། སྤེལ་མཁན། སྤེལ་དུས།2016-10-05

 

ངོ་སྤྲོད་རགས་བསྡུས།

      མིང་། ལྷ་ས། ལྷ་ཇོ་ཤཱག་རྣམ་གཉིས་གནས་འདིར་བཞུགས་པས་ལྷ་ས་ཞེས་པའི་མིང་ཐོགས། ལོ་ཚིགས། ལོ་ངོ་ཆིག་སྟོང་སུམ་བརྒྱ་བདུན་ཅུ་ལྷག་གི་ལོ་རྒྱུས་ཡོད། རྒྱ་ཁྱོན། སྤྱི་ལེ་ངོས་སྙོམས ༤༩ ལྷག་ཙམ། མི་འབོར། ཁྲི ༣༧ ལྷག་ཡོད། ས་བབ། མཚོ་ངོས་ལས་སྨི ༣༦༥༠ ཙམ་མཐོ་བས་འཛམ་གླིང་སྟེང་ས་བབ་ཆེས་མཐོ་བའི་གྲོང་ཁྱེར་ཡིན།


 


ལྷ་ས་གྲོང་ཁྱེར།

      ལོ་ངོ་ཆིག་སྟོང་སུམ་བརྒྱ་ལྷག་གི་ལོ་རྒྱུས་ཡོད་པའི་བོད་ཀྱི་བཙན་པོའི་དུས་ཀྱི་གྲོང་ཁྱེར་ཞིག་ཡིན་པ་ལ། ད་ལྟའང་བོད་ཀྱི་ལྟེ་བའི་གྲོང་ཁྱེར་ཞིག་ཡིན་པ་རེད། ལྷ་ས་ཞེས་པ་ནི་ཐོག་མར་སྤྲུལ་པའི་ར་ཡིས་ས་དབོར་ཏེ་འོ་མཚོ་བསུབས་པས་ར་ས་ཞེས་པའི་མིང་ནས་རིམ་བཞིན་ལྷ་ས་ཞེས་པར་འགྱུར་བའམ། སངས་རྒྱས་དངོས་ཀྱིས་རབ་གནས་མཛད་པའི་ལྷ་སྐུ་ཇོ་ཤཱག་རྣམ་གཉིས་གནས་འདིར་བཞུགས་པས་ལྷ་ས་ཞེས་པའི་མིང་ཐོགས་ཞེས་གསུང་སྲོལ་མི་འདྲ་བ་ཡོད། ད་ལྟ་གྲོང་ཁྱེར་འདིའི་སྤྱིའི་འཛུགས་སྐྲུན་གྱི་རྒྱ་ཁྱོན་ནི། སྤྱི་ལེ་ངོས་སྙོམས ༤༩ ལྷག་ཙམ་དང་། མི་འབོར་ཁྲི ༣༧ ལྷག་ཙམ། རྒྱ་མཚོའི་ངོས་མས་སྤྱི་ཁྲི ༣༦༥༠ ཙམ་གྱིས་མཐོ་བའི་ས་བབས་མཐོ་ཤོས་ཡིན་སྟབས་འཛམ་གླིང་ཐོག་ས་བབས་མཐོ་ཤོས་ཀྱི་གྲོང་ཁྱེར་ཞིག་ཡིན་ཞེས་ཟེར། གྲོང་ཁྱེར་འདིར་ཕེབས་དགོས་ན་བར་ཁམས་ཆབ་མདོ་གྲོང་རྡལ་ནས་སྤྱི་ལེ ༡༠༦༢ ཙམ་དང་ལྷོ་ཁ་རྩེ་གྲོང་རྡལ་ནས་སྤྱི་ལེ ༡༩༡ ཙམ། གཙང་གཞིས་རྩེ་གྲོང་རྡལ་ནས་སྤྱི་ལེ ༢༨༠ ཙམ་སྟོད་མངའ་རིས་སེང་གེ་ཁ་བབས་གྲོང་རྡལ་ནས་སྤྱི་ལེ ༡༧༠༠ ཙམ། བྱང་ནག་ཆུ་གྲོང་རྡལ་ནས་སྤྱི་ལེ ༣༢༦ ཙམ། ཀོང་པོ་ཉི་ཁྲི་གྲོང་རྡལ་ནས་སྤྱི་ལེ ༤༦༤ ཙམ། སྒོར་མོ་མེ་འཁོར་བབས་ཚུགས་ནས་སྤྱི་ལེ ༡༡༦༥ ཙམ། སི་ཁྲོན་ཁྲིན་ཏུའུ་གྲོང་ཁྱེར་ནས་སྤྱི་ལེ ༢༤༡༥ ཙམ་བཅས་སོ་སོ་ནས་ལམ་ཐག་དེ་ལྟ་བུ་ཕེབས་ན་གནའ་བོའི་གྲོང་ཁྱེར་འདིར་འབྱོར་གྱི་རེད། ༼གངས་ཅན་བོད་ཀྱི་གནས་བཤད་ལམ་ཡིག་གསར་མ་ལས་དྲངས།༽
 
ལྷ་སའི་མིང་དོན།
      འདི་ལ་ཇོ་བོ་ཨ་ཏི་ཤའི་རྣམ་ཐར་ནང་ཆོས་འཁོར་དཔལ་གྱི་ལྷ་ས་ཞེས་འཁོད་པ་ལྟར་ན་ཇོ་བོ་རྗེ་བོད་དུ་བྱོན་པའི་དུས་སུ་ཡང་ལྷ་ས་ཞེས་པའི་མིང་ཡོད་མུས་ཡིན་པ་མཐོང་ཐུབ། འོན་ཀྱང་བཙན་པོའི་དུས་སུ་ར་ས་ཞེས་འབོད་པ་མང་ཞིང་ལྷ་ས་གཙུག་ལག་ཁང་མདུན་གྱི་དབོན་ཞང་རྡོ་རིང་གི་ངོས་ཤར་མའི་མཇུག་ཏུ། ལྷ་སའི་ཤར་ཕྱོགས་སྦྲ་སྟོད་ཚལ་ཞེས་འཁོད་པ་དེས་རྒྱལ་བོ་ཁྲི་རལ་བ་ཅན་གྱི་དུས་སུ་ལྷ་ས་ཞེས་ཀྱང་འབོད་སྲོལ་བྱུང་འདུག་པས། མིང་གི་འགྱུར་བ་དེ་འདྲ་ག་དུས་བྱུང་བ་དང་། དེའི་རྒྱུ་མཚན་གང་ཡིན་པ་བཅས་ཞིབ་འཇུག་བྱ་དགོས། ༼དུང་དཀར་ཚིག་མཛོད་ལས་དྲངས།༽
 
ར་ས་ཐོགས་དོན།
      ལྷ་ས་གཙུག་ལག་ཁང་ཐོག་མར་བཞེངས་སྐབས་ས་གནས་འོ་ཐང་གི་མཚོ་ཟེར་བ་མཚོ་ཆེན་པོ་ཞིག་ཡོད་པ་དེ་སུབ་སྐབས་མཚོའི་དཀྱིལ་དུ་རྡོའི་མཆོད་རྟེན་བརྩིགས་ཏེ། དེའི་སྟེང་དུ་ཕྱོགས་བཞི་མཚམས་བརྒྱད་དུ་གདུང་མ་བསྣོལ་མར་བཏང་བ་དེའི་ཐོག་ཏུ་ར་མ་ཞིག་ལ་ས་རྡོ་བཀལ་ཏེ་མཚོ་བསུབས་པར་བརྟེན་མཚོ་བསུབས་པའི་ཤུལ་གྱི་སྐམ་ས་དེ་ལ་ར་ས་ཞེས་མིང་ཐོགས་པ་ཡིན་ཞེས་ལོ་རྒྱུས་ཡིག་ཆ་མང་བོའི་ནང་གསལ། ༼དུང་དཀར་ཚིག་མཛོད་ལས་དྲངས།༽
 
ལྷ་ས་རགས་བཤད།
      དབུས་སྐྱིད་ཆུའི་རྐེད་རྒྱུད་ཀྱི་གཞུང་དུ་ཆགས་པའི་གྲོང་ཁྱེར་ཞིག་སྟེ། བོད་རྒྱལ་སྲོང་བཙན་སྒམ་པོའི་དུས་སུ་དམར་པོ་རིའི་རྩེར་སྐུ་མཁར་ཕོ་བྲང་དམར་བོ་བརྩིགས། འོ་ཐང་དུ་རྒྱ་བལ་ནས་སྤྱན་དྲངས་པའི་སྐུ་རྟེན་ཇོ་ཤཱཀྱ་རྣམ་གཉིས་བཞུགས་སུ་གསོལ་བའི་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་བཞེངས་ཏེ་ཆོས་དང་རྒྱལ་སྲིད་ཀྱི་གཞི་བཙུགས། རྒྱལ་པོའི་མངའ་ཐང་དང༌། འབངས་ཀྱི་བདེ་སྐྱིད། ཆོས་ཀྱི་འབྱོར་བས་མངོན་པར་མཐོ་བ་ལྷ་ཡུལ་ས་ལ་འཕོས་པ་ལྟ་བུ་ཡོད་པས་ལྷ་ས་ཞེས་སུ་གྲགས། དེ་ནས་བཟུང་མཐར་རྒྱལ་པོ་གླང་དར་མའི་བར་གྱི་བོད་རྒྱལ་རབས་རིམ་བྱུང་གི་རྒྱལ་ས་དང༌། ཕྱིས་སུ་རྒྱལ་དབང་ལྔ་པ་ཆོས་སྲིད་ཟུང་གི་བདག་པོར་མངའ་གསོལ་བ་ནས་བཟུང་རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱིས་ཆོས་དང་སྲིད་ཀྱི་ཕྲིན་ལས་ཀྱི་སྣང་བས་ཁྱབ་པའི་གདན་སའི་མཐིལ་དང༌། བོད་ཀྱི་ཆབ་སྲིད། དཔལ་འབྱོར། རིག་གནས་བཅས་ཀྱི་ལྟེ་བར་གྱུར།༼སྨོན་ལམ་ཚིག་མཛོད་ལས་དྲངས།༽
 
དབུས་གཙང་ལྷ་ས།
      ལྷ་ས་ནི་བོད་ཀྱི་ཆབ་དཔལ་རིག་གནས་ཀུན་གྱི་ལྟེ་བ་ཡིན་པར་མ་ཟད་བོད་བརྒྱུད་ནང་བསྟན་གྱི་གནས་དམ་པའང་ཡིན། ༡༩༦༠ ལོར་དངོས་སུ་གྲོང་ཁྱེར་གྱི་རྣམ་པར་ཆགས་པ་རེད། ༡༩༨༢ ལོར་ལོ་རྒྱུས་རིག་གནས་ཀྱི་གྲོང་ཁྱེར་གྲགས་ཅན་དུ་གྱུར།  ལྷ་ས་ནི་བོད་མཐོ་སྒང་གི་ས་དབུས་ཡིན་ལ་ཧི་མ་ལའི་རི་རྒྱུད་ཀྱི་བྱང་ངོས་ནས་འཇལ་ན་མཚོ་ངོས་ལས་མཐོ་ཚད་སྨི ༣༦༥༠ ཡོད། ལྷ་སའི་སྐྱིད་ཆུ་རིང་མོའི་ཆུ་རྒྱུན་གཅོང་རོང་དང་ཐང་ཆེན་བརྒྱུད་ནས་མཐར་ཡར་ཀླུང་གཙང་བོ་དང་འདྲེས། ལྷ་སའི་མངའ་ཁོངས་སུ་གཏེར་ཁུངས་ཕུན་སུམ་ཚོགས་པ་མང་བོ་ཡོད་པ་དང་ས་ཁུལ་གཞན་དང་བསྡུར་ན་ས་བཅུད་དང་གཏེར་རིགས་ཐོན་ཁུངས་སོགས་ཆེས་ལེགས་པོ་ཡོད་པ་རེད། ལྷ་སར་ལོ་རྟག་པར་གནམ་གཤིས་དྭངས་ཤིང་། ཆར་ཞོད་འཚམ་པ། དགུན་ཁ་གྲང་མི་ཆེ་ལ་དབྱར་ཚ་གདུག་མེད་པས་དྲོད་གྲང་སྙོམས་པ། ཁ་དབུགས་དྭངས་ཤིང་ཡུལ་ལྗོངས་ཀྱི་རྣམ་པས་ཡིད་དབང་འཕྲོག་པ་བཅས་ཀྱི་ཁྱད་ཆོས་ལྡན། ལོ་གཅིག་གི་ནང་ཉི་མ་ཤར་ཚད་ནི་དུས་ཚོད ༣༠༠༠ ཡན་ཆད་ཡིན་པས་ཉི་འོད་ཀྱི་ཕ་མཁར་ཞེས་པའི་མཚན་སྙན་ཡང་ཐོབ་པ་རེད། ལྷ་སའི་ཡུལ་ལྗོངས་མཛེས་སྡུག་ལྡན་ཞིང་ལོ་རྒྱུས་ཀྱི་དུས་ཡུན་རིང་བ། དམངས་ཀྱི་ཡུལ་སྲོལ་གོམས་གཤིས་ལེགས་ཤིང་མི་རྣམས་ཀྱི་གཤིས་རྒྱུད་དྲང་ལ་ཀུན་སྤྱོད་ཚུལ་མཐུན་ཡིན་པ། ཆོས་ནོར་གྱི་དཔལ་གྱིས་ཕྱུགས་པས་འཛམ་གླིང་ཡུལ་གྲུ་ཀུན་ཏུ་སྙན་པའི་གྲགས་པ་ཆེས་ཆེར་རྒྱས་པར་གྱུར་ཡོད་དོ། ། ༼ངེད་དྲ་ཚིགས་སྒྲ་སྒྱུར་བས(百度)པེ་ཏོས་ལས་བསྒྱུར།༽