སྐོར་བྲོ།
མི་གསལ།
འབྱུང་ཁུངས།ཧི་མ་ལའི་རིག་མཛོད་ཁང་། སྤེལ་མཁན།དྲྭ་ཚིགས་དོ་དམ་པས། སྤེལ་དུས།2017-10-20
ནང་དོན་རགས་བསྡུས།
      རྒྱ་ཡིག་གི་མིང་།  锅庄       ཕྱི་ཡིག་གི་མིང་། Tibetan folk dance




      སྐོར་བྲོ་ནི་ཞབས་བྲོ་ཀུན་གྱི་ཡུམ་ཡིན་ཞེས་བརྗོད་ཆོག་ཅིང་། ཅིའི་ཕྱིར་ཞེ་ན། མིའི་རིགས་ཀྱིས་གནའ་ནས་ད་བར་དུ་འཛིན་སྐྱོང་སྤེལ་གསུམ་བྱས་དང་བྱེད་བཞིན་ཡོད་པའི་བྲོ་གར་ཆེ་མ་ཆུང་གསུམ་དང་། སྒོས་སུ་རང་རེའི་བོད་ཀྱི་བྲོ་གར་རིག་གནས་ལ་ཞིབ་ཏུ་བརྟག་ཅིང་དཔྱད་ན། དེ་དག་དང་སྐོར་བྲོའི་བར་ལ་འབྲེལ་བ་མེད་པའམ་སྐོར་བྲོའི་ཆ་མི་ལྡན་པ་གཏན་ནས་མེད། དེ་ཡང་སྐོར་བྲོའི་ལོ་རྒྱུས་ཧ་ཅང་རིང་བའི་ཚུལ་ནི། མིའི་རིགས་ལ་ལོ་རྒྱུས་ཅི་ཙམ་ཡོད་པ་ལྟར། སྐོར་བྲོ་ལའང་དེ་བཞིན་གདའ་བ་ཡིན།


1 ངོ་སྤྲོད།

      སྐོར་བྲོ་ནི་ཞབས་བྲོ་ཀུན་གྱི་ཡུམ་ཡིན་ཞེས་བརྗོད་ཆོག་ཅིང་།  ཅིའི་ཕྱིར་ཞེ་ན།  མིའི་རིགས་ཀྱིས་གནའ་ནས་ད་བར་དུ་འཛིན་སྐྱོང་སྤེལ་གསུམ་བྱས་དང་བྱེད་བཞིན་ཡོད་པའི་བྲོ་གར་ཆེ་མ་ཆུང་གསུམ་དང་།  སྒོས་སུ་རང་རེའི་བོད་ཀྱི་བྲོ་གར་རིག་གནས་ལ་ཞིབ་ཏུ་བརྟག་ཅིང་དཔྱད་ན།  དེ་དག་དང་སྐོར་བྲོའི་བར་ལ་འབྲེལ་བ་མེད་པའམ་སྐོར་བྲོའི་ཆ་མི་ལྡན་པ་གཏན་ནས་མེད།  དེ་ཡང་སྐོར་བྲོའི་ལོ་རྒྱུས་ཧ་ཅང་རིང་བའི་ཚུལ་ནི།   མིའི་རིགས་ལ་ལོ་རྒྱུས་ཅི་ཙམ་ཡོད་པ་ལྟར།  སྐོར་བྲོ་ལའང་དེ་བཞིན་གདའ།  རྒྱུ་མཚན་ནི་གནའ་རྫས་རིག་པའི་དཔྱད་འབྲས་ཏེ།  སྤྱི་ལོ1973ལོར་མཚོ་སྔོན་རྟ་ཐང་རྫོང་རྟའུ་ཐང་གོང་མར་མིའི་གཟུགས་རིས་བཅོ་ལྔ་སྐོར་གསུམ་དང་།  སྤྱི་ལོ1995ལོར་ཐུན་ཏེ་རྫོང་རུ་ཐང་གི་རྨ་ཆུའི་ཡ་ཁར་མི་ཉེར་བཞི་སྐོར་གཉིས་སུ་བགོས་ནས་བྲོ་འཁྲབ་བཞིན་པའི་རྣམ་པ་མཚོན་པར་བྱས་ཡོད་པའི་ཀ་ཏོ་ར་སྔོག་འདོན་བྱས་པ་དག་ནི་ལོ་ངོ་བཞི་སྟོང་ནས་ལྔ་སྟོང་ཡན་གྱི་ལོ་རྒྱུས་ལྡན་པའི་གནའ་རྫས་དངོས་ཡིན་ཚུལ་བརྗོད་པ་ལས་ཟུར་ཙམ་རྟོགས་ཐུབ། 
གནའ་རྫས་དེ་དག་ལས་བྲོ་གར་འཁྲབ་པའི་རྣམ་པ་ཅན་གྱི་ཚོན་རྫའམ་ཀ་ཏོ་རའི་སྟེང་བཀོད་པའི་ཞབས་བྲོའི་གཟུགས་རིས་ལས་བྲོ་པའི་གོན་པ་དང་།  ཉམས་འགྱུར།  གྲལ་གཤར་གྱི་འགྱུར་ལྡོག་སོགས་ལ་དབྱེ་ཞིབ་བྱས་ན།  སྐབས་དེའི་སྐོར་བྲོ་ནི་དར་རྒྱ་ཆེ་ཞིང་རིག་གནས་ཆུ་ཚད་མཐོ་བ་མངོན།  རྒྱུ་མཚན་བྲོ་པ་རྣམས་ཀྱིས་ཕན་ཚུན་ལ་ལག་འཇུས་བྱས་ནས་སྐོར་བྲོ་འཁྲབ་པ་དང་།  རྐང་བའི་སྒྲིག་དབྱིབས་ལས་འཁྲབ་སྟངས་གོམ་འགྲོས་མང་ལ་འགྱུར་ལྡོག་ལྡན་པ་སྟེ།  གྲལ་གཤར་ལ་གོར་གོར་གཙོ་བྱས་ཏེ།  གཤར་གཤར་དང་སྡེབ་གཤར།  དྲང་གྲལ་དང་ཐད་གྲལ་སོགས་ཀྱི་སྒོ་ནས་བྲོའི་འཁྲབ་སྟངས་མཚོན་འདུག  དེ་མིན་འཁྲབ་གོས་གྱོན་པའང་སྤུས་ལེགས་ཡིན་པ་མ་ཟད།  ཡུལ་ཕྱོགས་ཀྱི་ཁྱད་ཆོས་གསལ་བོར་མངོན་འདུག   དཔེར་ན།  མཚོ་སྔོན་རྟ་ཐང་རྫོང་རྟའུ་ཐང་ནས་ཐོན་པའི་ཚོན་རྫའམ་ཀ་ཏོ་རའི་སྟེང་གི་བྲོ་པའི་གྱོན་པ་ནི།  མགོ་ན་མགོ་སྐྲ་ཆ་ལས། །ལུས་ལ་ར་ལྤགས་གཡང་བཟོས། །གོ་ལྷམ་བདེ་འཇམ་གོན་ནས། །སྤྲོ་སྐྱིད་གར་ལ་རོལ་སོང་། །ཞེས་པ་ལྟ་བུ་དང་།  ཐུན་ཏེ་རྫོང་རུ་ཐང་རྨ་ཆུའི་ཁུགས་སོ་ནས་ཐོན་པའི་ཚོན་རྫའི་སྟེང་གི་སྐོར་བྲོ་འཁྲབ་མཁན་གྱི་བྲོ་པའི་གྱོན་ཆས་ནི།  མགོ་ལ་ཝ་ཞྭས་ཟུར་བརྒྱན། །གནའ་ལྤགས་་སློག་ཐུང་ལྷུག་སྤྲས། །སྟོད་སྨད་ལུས་རྒྱན་ཡང་མོ། །སྐོར་བྲོ་གར་གྱིས་བཟི་སོང་། །ཞེས་པ་ལྟར་གཟུགས་དབྱིབས་ལེགས་བྲིས་བྱས་ཡོད་པས་མཚོན་ནོ། །

2 འཁྲབ་སྟངས།
      སྐོར་བྲོའི་འཁྲབ་སྟངས་ཀྱི་ཆ་ནས་བཤད་ན།  སྐབས་དེའི་མི་རྣམས་ཀྱི་སྤྲོ་བ་དང་རེ་མོས།  ཡང་ན་དུས་སྟོན་གྱི་མཛད་སྒོ་གང་དེའི་མཁོ་གལ་སྒྲུབ་པར་རི་ལུང་པ་རེ་ན་ཆུ་རེ།  ས་ཡུལ་ཕྱོགས་རེ་ལ་དཔེ་རེ་ཞེས་ཟེར་བའི་ལུགས་ལྟར།  མདོ་དབུས་ཁམས་གསུམ་གྱི་ཡུལ་ལུང་སོ་སོའི་གོམས་འདྲིས་དང་ཁྱད་ཆོས་ལྟར་བརྗོད་བྱའི་སྙིང་བོ་མ་དོར་པར་རྗོད་བྱེད་ཚིག་དང་དབྱངས་རྟ་འོས་འཚམས་ཤིག་ལ་གླུ་བྲོ་གར་གསུམ་མཉམ་སྦྱོར་བྱས་ཏེ།  མི་མང་ལྷན་དུ་འདུས་ས་རུ། །ཕན་ཚུན་ལག་རྡང་དཔུང་ཐུག་གིས། །སྤྲོ་སྐྱིད་སེམས་ཁམས་དབང་བསྒྱུར་ཏེ། །སྐྱིད་པའི་སྐོར་བྲོ་སྣ་ཚོགས་འཁྲབ། །མེ་ཕུང་སྦར་པའི་མཐའ་འཁོར་རུ། །མེ་སྟག་འཚུབ་འདྲའི་སྐོར་བྲོ་རྩེད། །གཤར་སྐོར་ཕྲེང་གསུམ་འདོད་མོས་ལྟར། །ལུས་ཀྱི་དགྱེ་སྒུར་འཁོར་གསུམ་ལ། །རྐང་ལག་བདེ་མྱུར་མཆོང་ལྡིང་སྦྱར། །གྱོན་གོས་འཁྲབ་ཆས་སྣ་ཚོགས་ནི། །གང་འདོད་ཡིད་ཀྱི་ལྟད་མོ་བསྒྱུར། །ཞེས་པ་ལྟར་རོ། །

3 ཞར་བྱུང་།
      སྐོར་བྲོའི་རིག་གནས་གནའ་ནས་ད་ལྟའི་བར་འཛིན་སྐྱོང་སྤེལ་གསུམ་བྱས་མཐར།  ཡུལ་ལུང་གི་གོམས་འདྲིས་དང་དུས་ཀྱི་ཁྱད་ཆོས་མངོན་པར་གསལ་བའི་སྐོར་བྲོ་འདྲ་མིན་སྣ་ཚོགས་ཤིག་བྱུང་དང་འབྱུང་བཞིན་པ་འདིར་མིང་ཙམ་བགྲང་ན།  ཨ་མདོའི་ཡུལ་དུ་གནའ་བོའི་རྫོང་རུ་སྐོར་བྲོ་དང་།  རྟ་ཐང་སྐོར་བྲོ།  ཙན་དན་ཁྲོ་ལོ། སྒྲ་ལ་སེང་སྐད།  ད་དགའ་ཏ་ལེ།  ཨ་འགྲོ་སོ་ལོ་ལོ།  ཁ་བ་གངས་ཀྱི་མེ་ཏོག  མཚོ་སྔོན་ཁ་ཁུ་ལིང་བཞིན་དུ་མཛེས་སོང་ལྟ་བུ་དང་།  སྟོད་ན་ནག་ཆུ་དང་ལྷ་སའི་སྐོར་བྲོ།  བར་ན་ཆབ་མདོ་དང་ཁམས་ཡུལ་སྐོར་བྲོ།  སྨད་ན་བླ་བྲང་དང་འཇང་གི་སྐོར་བྲོ་སོགས་གང་མང་ཡོད།  གཞན་ཡང་ཉེ་ཆར་གསར་དུ་བསྒྲིགས་པའི་མཚོ་ལྷོའི་སྐོར་བྲོ་ཁག་དང་པོ་དང་གཉིས་པ་སོགས་ཁྱབ་བརྡལ་དུ་བཏང་ནས།  གནའ་དུས་ལོ་སར་དང་།  དུས་སྟོན།  དགོང་ཚོགས་སོགས་བྱ་འགུལ་རེ་གཉིས་ཤིག་གི་སྟེང་རང་གྲུབ་བམ་རྩ་འཛུགས་འོས་འཚམས་ཤིག་བྱས་པ་ལས་འཁྲབ་པའི་བྲོ་གར་ཞིག་ནས་འཕེལ་རྒྱས་སུ་ཕྱིན་ཏེ།  ད་ལྟར་བོད་རང་རིགས་ལས་བརྒལ་ནས་རྒྱལ་ཡོངས་མི་རིགས་ལྔ་ལྔས་མཐའ་གཅིག་ཏུ་དགའ་བསུ་དང་།   གཞན་ཡང་འཛམ་གླིང་ཡུལ་གྲུ་ཁག་ཏུ་བྲོ་འཁྲབ་པར་ན་མཉམ་ལང་ཚོ་དར་ལ་དབབ་དགོས་ཞེས་པའི་ཐིག་ཤིང་ལས་འགོངས་ཏེ།  ཁོར་ཡུག་གི་གུ་ཡངས་དོག་དང་།  དུས་ཚོད་ལ་ཚད་བཀག་མེད་པར་མི་དུ་མ་ལྷན་དུ་འདུས་རྗེས།  རོལ་མོའི་དབྱངས་འགྲོས་དང་བསྟུན་ནས་ཕྱག་དང་ཞབས་ཀྱིས་རྒྱ་འདེབས་དང་པ་དང་།  ལུས་ཀྱིས་དགྱེ་སྒུར་འཁྱོག་གསུམ་བྱས་ཏེ།  རང་སེམས་ཀྱི་འདུན་མ་མཚོན་པའམ།  ཡང་ན་ལུས་ཕུང་སྦྱོང་བརྡར་དང་སེམས་ཁམས་སྙོམ་སྒྲིག་བྱེད་པའི་ལུས་རྩལ་གྱི་རྣམ་གྲངས་ཤིག་སྟེ།  མདོར་ན་གར་མཁན་དང་ཡུལ་དུས་ལ་བཀག་རྒྱ་མེད་པར་སྐྱེས་ཕོ་མོ་རྒན་གཞོན་ཚང་མས་དུས་མཉམ་གཅིག་ཏུ་ཞབས་བྲོ་འཁྲབ་ཆོག་པའི་བྲོ་གར་ཞིག་ཏུ་གྱུར་པའོ། །


དཔྱད་གཞིའི་ཡིག་ཆ།

       1  ནག་པོ་སྐལ་བཟང་གིས་གཙོ་སྒྲིག་བྱས་པའི 《བོད་ཀྱི་ཞབས་བྲོ་རིག་གནས་ཤེལ་དཀར་ཕྲེང་བ》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2014ལོའི་ཟླ11པར་དཔར་ཐེངས་དང་པོ་དཔར། ཤོག་ངོས27-33ན་གསལ།