རྐྱང་ཁྲ།
མི་གསལ།
འབྱུང་ཁུངས།ཧི་མ་ལའི་རིག་མཛོད་ཁང་། སྤེལ་མཁན།དྲྭ་ཚིགས་དོ་དམ་པས། སྤེལ་དུས།2017-10-20
ནང་དོན་རགས་བསྡུས།
      རྒྱ་ཡིག་གི་མིང་།  斑马       ལ་ཏིང་གི་སྐད། Equus quagga;Equus zebra;Equus grevyi        ཁམས། སྲོག་ཆགས་ཁམས།      སྒོ། སྒལ་ཚིགས་སྲོག་ཆགས་སྒོ།      སྐོར། འོ་འཐུང་སྐོར།      སྡེ། རྨིག་ཟླུམ་སྲོག་ཆགས་སྡེ།      ཚན། རྟ་ཚན།      ཁོངས།  རྟ་ཁོངས།      རིགས། རིགས་གསུམ་པ།        ཁྱབ་ཡུལ།      ཧྥེ་གླིང་ནས་འཚོ་སྡོད་བྱས་ཡོད།



      རྐྱང་ཁྲ་ནི་རྨིག་ཟླུམ་ཁག་གི་རྟའི་ཚན་གྱི་རྐྱང་ཁྲའི་སྐོར་ལ་གཏོགས་པའི་རི་དྭགས་རིགས3གྱི་སྤྱི་མིང་ཡིན་ལ། ལུས་སྟེང་དུ་རང་སྲུང་ལ་གོ་ཆོད་པའི་ནག་ཐིག་ཡོད་པར་བརྟེན་མིང་དེ་ལྟར་ཐོགས་པ་རེད། རྐྱང་ཁྲ་ནི་ཨ་ཧྥེ་རི་ཁ་གླིང་ཁོ་ནར་འཚོ་བའི་སྲོག་ཆགས་ཡིན།


1 ངོ་སྤྲོད།

      རྐྱང་ཁྲ་ནི་རྨིག་ཟླུམ་ཁག་གི་རྟའི་ཚན་གྱི་རྐྱང་ཁྲའི་སྐོར་ལ་གཏོགས་པའི་རི་དྭགས་རིགས3གྱི་སྤྱི་མིང་ཡིན་ལ། ལུས་སྟེང་དུ་རང་སྲུང་ལ་གོ་ཆོད་པའི་ནག་ཐིག་ཡོད་པར་བརྟེན་མིང་དེ་ལྟར་ཐོགས་པ་རེད། རྐྱང་ཁྲ་ནི་ཨ་ཧྥེ་རི་ཁ་གླིང་ཁོ་ནར་འཚོ་བའི་རི་དྭགས་ཡིན། རྐྱང་ཁྲ་རིགས་བཞི་ལས་རིའི་རྐྱང་ཁྲ་ནི་ལུས་སྟེང་གི་ནག་ཐིག་ཅུང་སྦོམ་པ་དང་ཕོ་རྐྱང་གི་ཨོག་མར་ལྐོག་ཤལ་ཡོད།
རྐྱང་ཁྲ་ཕལ་བའི་སུག་རྟིང་ནས་སུག་མགོའི་བར་དུ་ནག་ཐིག་འདུ་ཡོད་པའམ་ཡང་ན་ནག་ཐིག་མེད་པ་ཡིན། རྐྱང་ཁྲ་ལྟར་སྣང་གི་མགོ་དང་སོག་མགོ་ན་མ་གཏོགས་ནག་ཐིག་མེད་ལ། སུག་པ་དང་རྔ་མ་དཀར་པོ་ཡིན་ཞིང་། སྒལ་ཐིག་གསལ་པོ་ཡོད། མིག་མངས་རྐྱང་ཁྲའི་ལུས་ཡོངས་སུ་ནག་ཐིག་ཕྲ་ལ་ཞིབ་པོས་ཁྱབ་ཡོད་པ་དེ་ལ་ཐིག་ཕྲ་རྐྱང་ཁྲ་ཡང་ཟེར། དེ་དག་ལས་རིའི་རྐྱང་ཁྲ་ནི་རི་སྒང་དང་དེའུ་འབུར་མང་སའི་གནས་སུ་འཚོ་རྒྱུར་དགའ་བ་དང་། རྐྱང་ཁྲ་ཕལ་བ་ནི་ཁོད་ཡངས་པའི་རྩྭ་ཐང་དུ་འཚོ་རྒྱུར་དགའ་ལ། མིག་མངས་རྐྱང་ཁྲ་ནི་ཚ་བ་དང་ཐན་པ་ཆེ་བའི་མྱ་ངམ་ཕྱེད་ཙམ་གྱི་ས་ཁུལ་དུ་འཚོ་རྒྱུར་དགའ་བ་དང་སྐབས་འགར་རྩྭ་ཐང་སྐམ་པོར་ཡང་རྒྱུ་བ་རེད།


2 འཚོ་བའི་གོམས་གཤིས།

      རྐྱང་ཁྲའི་ལུས་སྟེང་གི་ཁྲ་ཐིག་དེ་ནི་མིའི་མཛུབ་རིས་ལྟར་གཅིག་མཚུངས་ཡིན་པ་གཅིག་ཀྱང་མེད། རྐྱང་ཁྲ་ནི་བག་ཟོན་ཆེ་བའི་གཤིས་ལུགས་ཅན་ཡིན་ལ། ནམ་རྒྱུན་ཁྱུ་ཚོགས་བྱས་ནས་རྒྱུ་བ་དང་། རྒྱུན་དུ་སེང་གེས་བསད་འགྲོ་བ་རེད། རྐྱང་ཁྲ་ནི་སྤྱན་གཟིགས་སྲོག་ཆགས་རྩ་ཆེན་ཞིག་ཡིན་པ་དང་། མི་རྣམས་ཀྱིས་དེའི་ཤ་དང་པགས་པའི་དོན་དུ་དེ་རྔོན་དྲགས་པས། རྐྱང་ཕྲ་ལྟར་སྣང་ནི་སྤྱི་ལོ1872ལོར་རྩ་སྟོངས་སུ་སོང་ཚར་བ་རེད་ལ། རིའི་རྐྱང་ཁྲ་ཡང་རྩ་སྟོངས་སུ་འགྲོ་བའི་ཉེན་ཁར་ཐུག་ཡོད་པ་རེད། རྐྱང་ཁྲ་ནི་རྩྭ་གཟན་སྲོག་ཆགས་ཡིན། གཟན་དུ་རྩྭ་དང་སྡོང་ཕྲན། སྡོང་བོའི་ཡལ་ག སྡོང་བོའི་ལོ་མ། སྡོང་ཤུན་སོགས་ཟ་བ་ཡིན།


3 སྐྱེ་འཕེལ།

      རྐྱང་ཁྲའི་མངལ་སྦྲུམ་ཡུན་ནི་ཟླ11-13ཡིན། ལོ་གསུམ་གྱི་ནང་ཕྲུ་གུ་ཐེངས་གཅིག་བཙའ་བ་དང་བཙའ་ཐེངས་རེ་ལ་ཕྲུ་གུ1རེ་བཙའ་བ་ཡིན། རྐྱང་ཕྲུག་དེ་བཙས་ནས་ཅུང་མ་འགོར་བར་ཡར་ལངས་པའམ་འགྲོ་ཐུབ། རྐྱང་ཕྲུག་གིས་ནུ་མ་ནུ་བའི་དུས་ཡུན་ནི་ཟླ6ཡིན། ལོ3-4སྟེང་གཞི་ནས་ནར་སོན་ཏེ་རྒྱུད་སྤེལ་ཆོག རྐྱང་ཁྲའི་ཚེ་ཚད་ནི་ལོ20-30བར་ཡིན།


4 ཁྱབ་ཡུལ།

      རྐྱང་ཁྲ་ནི་ཧྥེ་གླིང་ན་མ་གཏོགས་མེད། ཧྥེ་གླིང་གི་རྒྱལ་ཁབ་པོ་ཚི་ཝ་ན་དང་ཁོང་གོ ཨེ་ཙེ་ཨོ་ཕོ་ཡ། ཁེན་ནི་ཡ། མ་ལ་ཝེ། མོ་ཙམ་པི་ཁེ། ན་སྨི་པི་ཡ། རུ་ཝང་ཏ། སོ་མ་ལི། ཨ་ཧྥེ་རི་ཁ་ལྷོ་མ། སུའུ་ཏན། སུའེ་ཙི་ལན། ཐན་ཧན་ནི་ཡ། ཝུ་ཀན་ཏ། ཧན་པི་ཡ། ཙམ་པབ་ཝེ་སོགས་ནས་འཚོ་སྡོད་བྱས་ཡོད།


དཔྱད་གཞིའི་ཡིག་ཆ།

      1  འཇིགས་བྱེད་སྐྱབས་སོགས་ཀྱིས་བསྒྱུར་པའི 《ཀྲུང་གོའི་སློབ་འབྲིང་སློབ་མའི་ཤེས་བྱ་ཀུན་བཏུས》 མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ2012ལོའི་ཟླ4པར་པར་གཞི་དང་པོ། ཤོག་གྲངས57ན་གསལ།
      2  པའེ་ཏུའུ་རིག་མཛོད།   2016.5.30