བྱ་རྒོད།
མི་གསལ།
འབྱུང་ཁུངས།ཧི་མ་ལའི་རིག་མཛོད་ཁང་། སྤེལ་མཁན།དྲུ་ཚིགས་དོ་དམ་པས། སྤེལ་དུས།2017-10-19
ནང་དོན་རགས་བསྡུས།

      རྒྱ་ཡིག་གི་མིང་། 高山兀鹫  ཕྱི་ཡིག་གི་སྐོར། Himalayan Griffon ལ་ཏིང་གི་སྐད། Gyps himalayensis  ཁམས། སྲོག་ཆགས་ཁམས། སྒོ། སྒལ་ཐག་སྲོག་ཆགས་སྒོ། སྐོར། བྱ་སྐོར། སྡེ། ཁྲ་གླག་སྡེ། ཚན། གླག་ཚན། ཁོངས། རྒོད་ཁེངས། རིགས། བྱ་རྒོད། སྲུང་སྐྱོབ་རིམ་པ། རྒྱལ་ཁབ་ཀྱི་སྲུང་སྐྱོབ་སྲོག་ཆགས་གཉིས་པ། ཁྱབ་ཡུལ།  ཨ་ཧྥུ་ཧན། འབྲུག་ཡུལ། རྒྱ་གར། བལ་བོ། ཧ་ས་ཁི་སི་ཐན། མོང་གོལ། ཐེ་གོ ཀྲུང་གོ་སོགས་ན་གནས།




      བྱ་རྒོད་ནི་ས་བབ་མཐོ་ས་ན་གནས་པའི་གཏན་སྡོད་རང་བཞིན་གྱི་འདབ་ཆགས་ཆེ་གྲས་ཤིག་ཡིན། འཕུར་ཡུན་རིང་ཞིང་འཕུར་ཚད་མཐོ་བ། འཛམ་གླིང་སྟེང་གི་འཕུར་ཚད་ཆེས་མཐོ་བའི་བྱ་རིགས་ཤིག་ཡིན། བེམ་རོ་ཟ་རྒྱུར་དགའ།


1 གཟུགས་གཞིའི་ཁྱད་ཆོས།   

      བྱ་རྒོད་ཀྱི་གཟུགས་གཞིའི་རིང་ཚད་ལ་ལི་སྨི122ཡོད་ཅིང་། ལྗིད་ཚད་ལ་སྤྱི་རྒྱ8-12 གཤོག་པའི་རིང་ཚད་ལ་ཧའོ་སྨི755-805ཡིན། ལུས་སྟོད་དཀར་སྐྱའམ་སྨུག་སྐྱ་ཡིན་པ་དང་མགོ་ན་བྱ་སྤུ་སེར་སྐྱ་ཙམ་ཐར་ཐོར་དུ་སྐྱེས་ཡོད། སྐེ་ཕྲ་ཞིང་དཀར་རྗེན་ཡིན་ལ། སྐེ་རྩ་ན་སྲིད་རིང་ཞིང་ཞེང་ཆེ་བའི་སྒྲོ་སྤུ་དཀར་སྐྱ་སྐྱེས་ཡོད་པ་དང་། དེའི་སྟེང་ན་མདུང་མགོའི་དབྱིབས་དང་མཚུངས་པའི་ཐིག་རིས་ཡོད། གཤོག་ཞེང་ཆེ་ལ་གཤོག་སྣེ་དང་རྔ་སྒྲོ་ནག་པོ་ཡིན། བྱ་རྒོད་ཀྱི་མཆུ་ལྗང་སྐྱ་དང་ལུས་སྨད་དཀར་སྐྱ། སུག་སྡེར་ལྗང་སྐྱ་བཅས་ཡིན། ཕོ་མོ་གང་ཡིན་རུང་ལུས་ཀྱི་ཆེ་ཆུང་དང་སྤུ་མདངས་སོགས་གཅིག་མཚུངས་ཡིན།

2 ཁྱབ་ཡུལ།
      ཨ་ཧྥུ་ཧན། འབྲུག་ཡུལ། རྒྱ་གར། ཧ་ས་ཁི་སི་ཐན། མ་ལེ་ཞི་ཡ། མོང་གོལ། བལ་བོ། ཐ་ཅི་ཁི་སི་ཐན། ཐེ་གོ་བཅས་སོགས་དང་རང་རྒྱལ་གྱི་བོད་ལྗོངས་དང་ཞིན་ཅང་། ཉིང་ཞ། ཀན་སུའུ། སི་ཁྲོན། ཡུན་ནན། མཚོ་སྔོན་སོགས་མདོ་དབུས་མཐོ་སྒང་ན་གནས་པའི་གཏན་སྡོད་རང་བཞིན་གྱི་འདབ་ཆགས་ཆེ་གྲས་ཀྱི་རིགས་ཤིག་ཡིན།

3 འཚོ་གནས་ཁོར་ཡུག
      བྱ་རྒོད་ནི་ས་བབ་མཐོ་ལ་མཁའ་དབུགས་སྐམ་ཞིང་གྲང་ངར་ཆེ་བའི་གནས་ཏེ། རི་དྭགས་ཆེ་གྲས་རྒྱུ་སའི་བར་སྣང་དུ་འཕུར་བཞིན་ཡོད་པ་མཐོང་ཐུབ། རྫ་མཐོ་སའི་ནགས་ཚལ་དང་བྲག་རི་སོགས་ན་ཡང་གནས་ཡོད། གནས་བཅའ་ས་ཕལ་ཆེར་མཚོ་ངོས་ལས་སྨི་ལས2500ནས་སྨི5000བར་གྱི་མཐོ་སྒང་ཡིན་ལ། ནམ་རྒྱུན་མཚོ་ངོས་ལས་སྨི6000ཡོད་པའི་བར་སྣང་ན་ལྡིང་སྐོར་རྒྱག་པ་དང་ནམ་འཕང་སྟོད་བཞིན་འདུག སྐབས་རེར་དགུན་དུས་སུ་རི་འདབས་ནས་ཀྱང་མཐོང་ཐུབ།

4 འཚོ་བའི་གོམས་གཤིས།
      འཛམ་གླིང་སྟེང་གི་འཕུར་ཚད་ཆེས་མཐོ་བའི་བྱ་རིགས་ཤིག་ཡིན་ལ་ཆེས་མཐོ་བའི་འཕུར་ཚད་མཚོ་ངོས་ལས་སྨི9000ལྷག་ཡིན། རི་བོ་ཇོ་མོ་གླང་མར་འཕུར་ནས་བརྒལ་ཐུབ། སྤྱིར་བྱ་རྒོད་གཅིག་གམ་བྱ་རྒོད་གཉིས་ནས་བྱ་རྒོད་གསུམ་ཙམ་བར་སྣང་དུ་འདུས་ནས་ཁ་ཟས་འཚོལ་བ་དང་། སྲོག་ཆགས་ཀྱི་བེམ་རོ་ཟ་རྒྱུར་དགའ་བས་སྲོག་ཆགས་ཀྱི་བེམ་རོ་ཡོད་ས་རུ་བྱ་རྒོད་མང་བོ་འདུ་སྲིད། མཚམས་ལན་རེར་བྱ་རྒོད་མང་བོ་རི་དྭགས་རྒྱུ་ལམ་གྱི་བར་སྣང་དུ་འདུས་ཏེ། རི་དྭགས་ཤི་རོ་བཙལ་ཏེ་ཁ་ཟས་བྱེད་པ་ཡིན། གཤོགས་ཟུང་ཧ་ཅང་ཆེ་བས་ཡུན་རིང་བོར་འཕུར་བར་སྟབས་བདེ་བཟོས་ཡོད།

5 སྐྱེ་འཕེལ།
      ལོ་རེའི་ཟླ་དང་པོ་ནས་ཟླ་བཞི་བའི་བར་ནི་བྱ་རྒོད་ཀྱི་སྐྱེ་འཕེལ་བྱེད་པའི་དུས་ཡུན་ཡིན་ལ། རྒོད་ཚང་ཕལ་ཆེར་བྲག་སྲུབས་ན་བཅས་ཡོད། བྲག་ངོས་གཅིག་ན་རྒོད་ཚང་བཞི་ནས་དྲུག་ཡོད་པའི་གནས་ཚུལ་ཡང་མཐོང་རྒྱུ་ཡོད། བྱ་རྒོད་ཕལ་ཆེར་གྱིས་རྒོད་ཚང་རྙིང་བ་ཞིག་གསོ་བྱས་ནས་རྒོད་ཚང་གསར་བ་བཟོ་བ་ཡིན། བྱ་རྒོད་ཀྱིས་ལོ་རེར་སྒོ་ང་གཅིག་རེ་རུམ་པ་དང་། སྒོ་ང་ནི་ཁྲ་ཐིག་མེད་པའི་སྒོ་ང་དཀར་བོ་ཡིན།

6 སྲུང་སྐྱོབ་བྱེད་པའི་དོན་སྙིང་།
      བྱ་རྒོད་ནི་འདབ་ཆགས་ཁྲོད་ཀྱི་གཟུགས་གཞི་ཆེས་ཆེ་བའི་འདབ་ཆགས་ཀྱི་རིགས་ཤིག་ཡིན་ལ། དགུང་ནམ་འཕང་སྟོད་སྲོལ་མིག་ལ་མཛེས་པར་མ་ཟད། སྲོག་ཆགས་ཀྱི་བེམ་རོ་སོགས་མི་གཙང་བ་དག་ཁ་ཟས་སུ་སྤྱད་དེ་ཁོར་ཡུག་གཙང་སྦྲ་བྱེད་པར་བྱེད་ནུས་གལ་ཆེན་འདོན་བཞིན་ཡོད།

7 ད་ཡོད་གནས་བབ།
      བོད་པ་རྣམས་ཀྱིས་གནའ་ནས་བཟུང་བྱ་རྒོད་ལ་སྲུང་སྐྱོབ་བྱེད་པ་ནི་གོམས་སྲོལ་ཞིག་ཏུ་གྱུར་ཡོད། དམངས་ཁྲོད་རྩོམ་རིག་ཏུའང་བྱ་རྒོད་ལ་བསྟོད་པའི་གཏམ་རྒྱུད་དང་གླུ་ཚིག  གཏམ་དཔེ་སོགས་ཤིན་ཏུ་མང་། ཡིན་ནའང་མི་རྣམས་ཀྱིས་ཐོན་སྐྱེད་སྤེལ་བ་དང་བྱི་གསོད་དུག་གཟན་འཕངས་པ་སོགས་ཀྱི་དབང་གིས་བྱ་རྒོད་ནི་ཇེ་ཉུང་ནས་ཇེ་ཉུང་དུ་གྱུར་ཡོད། ད་ལྟ་ཁོར་ཡུག་སྲུང་སྐྱོབ་བྱ་དགོས་པའི་འདུ་ཤེས་ཉིན་རེ་བཞིན་ཇེ་ཆེར་གྱུར་བ་དང་མཉམ་དུ་བྱ་རྒོད་ཀྱི་གྲངས་ཀའང་སྔར་ལས་ཇེ་མང་དུ་འགྲོ་བཞིན་མཆིས། བྱ་རྒོད་ནི་རང་རྒྱལ་གྱི་གལ་གནད་དུ་བཟུང་སྟེ་སྲུང་སྐྱོབ་བྱ་དགོས་པའི་རི་སྐྱེས་སྲོག་ཆགས་ཨང་རིམ་གཉིས་པ་ཡིན།

དཔྱད་གཞིའི་ཡིག་ཆ།
      1 ནག་པོ་སྐལ་བཟང་གིས་སྒྲིག་རྩོམ་བྱས་པའི 《མདོ་དབུས་མཐོ་སྒང་གི་རི་དྭགས་རྩ་ཆེན་སྐོར》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2011ལོའི་ཟླ9པར་དཔར་ཐེངས་དང་པོ་དཔར། ཤོག་ངོས151-154 ན་གསལ།