ཀུན་བཏགས་དང་ལྷན་སྐྱེས་སྤོང་ཚུལ་ལ་དཔྱད་པ།
ཚུལ་ཁྲིམས་བློ་གྲོས།
འབྱུང་ཁུངས། སྤེལ་མཁན། སྤེལ་དུས།2016-11-10

    བླ་མ་ལ་ཕྱག་འཚལ་ལོ། །ཕར་ཕྱིན་ཐེག་པའི་གྲུབ་མཐའ་རྣམ་པར་བཞག་པའི་ཚེ་ན།  ཀུན་མཁྱེན་མི་ཕམ་པའི་རང་ལུགས་ལ་ཀུན་བཏགས་དང་ལྷན་སྐྱེས་ཀྱི་ཁྱད་པར་དེ།  རྣམ་པར་གཏན་ལ་དབབ་པ་བསྡུ་བ་དང་།  འཇུག་པའི་འགྲེལ་བཤད།  སློབ་དཔོན་རྒྱ་མཚོའི་སྤྲིན་གྱི་བྱང་སའི་འགྲེལ་བ།  ཤཱཀྱ་བློའི་ཚད་མའི་འགྲེལ་བཤད་སོགས་ལས་གསུངས་པ་བཞིན་དུ་གྲུབ་མཐའ་ངན་པས་སྒྲོ་བཏགས་པ་དང་མ་བཏགས་པའི་ཁྱད་པར་ཉིད་ལ་བཞེད་པར་གསལ་ཏེ་རེ་ཞིག་མ་སྤྲོས་སོ། །དེ་སྤང་ཚུལ་ལ་རང་གི་ཞེ་འདོད་བརྗོད་པ།  དེ་ལ་སྒྲུབ་བྱེད་དགོད་པ། མི་འཐད་པའི་རྩོད་པ་སྤང་བ་དང་གསུམ་ལས། དང་པོ་ནི། ཐེག་ཆེན་འཕགས་པས་ས་དང་པོར་ཀུན་བཏགས་མ་ལུས་པ་སྤངས་ལ།  ལྷན་སྐྱེས་ཀྱང་རང་གི་ངོ་སྐལ་ཅུང་ཟད་ཅིག་སྤོང་ངོ་། །ས་གཉིས་པ་ཡན་ཆད་ནས་ལྷན་སྐྱེས་ཁོ་ན་སྤོང་སྟེ། ཀུན་བཏགས་ནི་སྤང་རྒྱུ་མེད་དོ། །སྔགས་བླ་མེད་ལུགས་ལ་ཉོན་སྒྲིབ་ཀུན་ལྷན་གཉིས་ཀ་ས་དང་པོར་རིང་དུ་སྤངས་ཟིན་པས་ས་གཉིས་པ་ཡན་ཆད་དུ་ཤེས་སྒྲིབ་ཁོ་ན་སྤོང་ཞེས་གསུངས་སོ། །གཉིས་པ་སྒྲུབ་བྱེད་དགོད་པ་ལ་རིགས་པ་དང་ལུང་གི་སྒྲུབ་བྱེད་དགོད་པ་གཉིས་ལས། དང་པོ་ནི། ས་དང་པོར་ལྷན་སྐྱེས་ཀྱི་སྒྲིབ་པ་སྤོང་སྟེ། ལྷན་སྐྱེས་ཀྱི་གང་ཟག་གི་བདག་མེད་པར་མངོན་སུམ་དུ་མཐོང་བའི་ཕྱིར།  རྟགས་ཚད་མ། ཁྱབ་སྟེ། རྟོགས་པའི་ཡེ་ཤེས་སྐྱེས་ལ་དེ་རང་གི་ངོ་སྐལ་གྱི་སྤང་བྱ་མ་སྤངས་པ་ཞིག་མི་སྲིད་པའི་ཕྱིར་ཏེ། མ་རྟོགས་རྟོགས་པར་ཁས་བླངས་འགལ། །རྟོགས་ན་སྤང་བྱ་མི་སྤོང་འགལ། ཞེས་གསུངས་པ་ལྟར་རོ། །དེ་ཡང་རྟོགས་བྱ་དེ་ལ་སྒྲིབ་པའི་སྒྲིབ་པ་ཡོད་ན། རྟོགས་བྱ་དེ་ཉིད་མི་རྟོགས་པས་ཁྱབ་སྟེ། སྒྲིབ་པ་དེས་བསྒྲིབས་ནས་རྟོགས་སུ་མི་འཇུག་པའི་ཕྱིར་རོ། །ཇི་ལྟར་ན། སྒྲིབ་པ་དེས་རང་གི་བསྒྲིབ་བྱ་ལ་སྒྲིབ་བམ་མི་སྒྲིབ། མི་སྒྲིབ་ན་དེའི་སྒྲིབ་པ་ཡིན་པར་ཡང་གཞག་མི་ནུས་ལ། སྒྲིབ་ན་དེས་སྒྲིབ་བཞིན་དུ་ཇི་ལྟར་རྟོགས། སྒྲིབ་བཞིན་དུ་རྟོགས་ན་མིག་ལིང་ཐོག་གིས་སྒྲིབ་བཞིན་དུ་གཟུགས་མཐོང་བར་ཁས་ལོངས་ཤིག  གལ་ཏེ་རྟོགས་བྱ་རྟོགས་པ་ཙམ་གྱིས་སྤང་བྱ་སྤོང་བར་མ་ངེས་ཏེ་གོམས་ནས་གདོད་སྤོང་དགོས་པའི་ཕྱིར་སྙམ་ན།  དེ་ཡང་ཡོད་པ་མ་ཡིན་ཏེ། དཔེར་ན། ས་གཉིས་པའི་ཡེ་ཤེས་མ་སྐྱེས་པའི་སྔ་རོལ་ཏུ་ནི་དེ་གོམས་པ་འགལ་ཏེ། མེད་པའི་ཕྱིར། སྐྱེས་ཟིན་པའི་ཚེ་ན་ནི་དེ་སྐད་ཅིག་དང་པོ་བར་ཆད་མེད་ལམ་སྐྱེས་པ་དང་དེ་རང་གི་ངོ་སྐལ་གྱི་སྒྲིབ་པ་དུས་མཉམ་ཡིན་ལ། དེའི་རྒྱུན་གྱི་སྐད་ཅིག་ཕྱི་མ་རྣམས་ཀྱང་དེ་དང་མཚུངས་པས་སོ། །དེས་ན་ཡེ་ཤེས་རང་གི་ངོ་བོ་སྐྱེས་ཟིན་ཀྱང་ངོ་སྐལ་གྱི་སྤང་བྱ་སྤོང་བ་ལ་དེ་གོམས་ནས་མཐུ་བརྟས་ཏེ་ད་གདོད་སྤོང་བར་བྱེད་པ་ཞིག་གང་ནའང་མེད་དོ། །ལྷན་སྐྱེས་རྣམས་གོམས་པས་སྤང་བྱ་ཡིན་པར་མ་གསུངས་སམ་ཞེ་ན།  གསུངས་མོད། དེ་ནི་སྤྱིར་ལྷན་སྐྱེས་རྣམས་སྒོམ་ལམ་གྱི་ལམ་གོམས་ནས་རིམ་གྱིས་ཟད་པར་བྱ་དགོས་པའི་དོན་ཡིན་གྱི་ས་སོ་སོའི་ཡེ་ཤེས་སྐྱེས་ཀྱང་དེ་ད་དུང་མ་གོམས་ན་དེའི་སྤང་བྱའང་མི་སྤོང་བའི་དོན་མ་ཡིན་ཏེ་གོང་དུ་བཤད་པ་བཞིན་ནོ། །ཅིས་ཀྱང་ད་དུང་གོམས་པར་བྱ་དགོས་ན། ས་གཉིས་པའི་སྤང་བྱ་ལྷན་སྐྱེས་སྤོང་བ་ལ་ཡེ་ཤེས་གང་གོམས་པ་ཡིན། དང་པོའི་ཡེ་ཤེས་གོམས་ཀྱང་མི་ཕན་ཏེ། དེ་ལ་ལྷན་སྐྱེས་ཀྱི་སྤང་བྱ་མི་འདོད་པའི་ཕྱིར་དང་དེ་དེའི་གཉེན་པོའང་མ་ཡིན་པའི་ཕྱིར་རོ། །གཉིས་པའི་ཡེ་ཤེས་ནི་གོམས་པར་བྱ་མི་དགོས་ཏེ། དེ་སྐྱེས་པ་དང་རང་གི་ངོ་སྐལ་གྱི་སྤང་བྱ་སྤོང་བ་དུས་མཉམ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་ས་དང་པོ་ལའང་ཇི་སྲིད་དུ་ས་དང་པོ་མ་ཐོབ་པ་དེ་སྲིད་དུ་དེའི་ཡེ་ཤེས་ཀྱང་མ་སྐྱེས་རྟོགས་བྱའང་མ་རྟོགས་ལ་སྤང་བྱའང་མ་སྤངས་མོད། ནམ་ཡེ་ཤེས་སྐྱེས་པ་དེའི་ཚེ་ངོ་སྐལ་གྱི་སྤང་བྱ་སྤོང་བར་ཡང་མཚུངས་སོ། །དེས་ན་ས་དང་པོའི་ཚེ་ན་གཉིས་པའི་རྟོགས་བྱ་མ་རྟོགས་ལ་སྤང་བྱའང་མ་སྤངས། དང་པོའི་ཡེ་ཤེས་ཀྱི་རྒྱུན་དེ་གོམས་པས་ནམ་གཉིས་པའི་ཡེ་ཤེས་སྐྱེས་པ་དེའི་ཚེ་སྤང་བྱའང་སྤངས་ཞེས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་བར་དུ་ཤེས་དགོས། དེ་དག་གི་ཁྲོད་ན་རྟོགས་བྱ་རྟོགས་ཀྱང་སྤང་བྱ་མ་སྤངས་པ་ནི་གཅིག་ཀྱང་ངོས་གཟུང་རྒྱུ་མི་རྙེད་དོ། །བདག་མེད་རྟོགས་པའི་ཡེ་ཤེས་དང་རང་ཐད་ཀྱི་བདག་འཛིན་གཉིས་བློ་འགལ་མིན་ཞེས་ནི་སུས་ཀྱང་སྨྲ་མི་ནུས་ལ། འགལ་བ་རྒྱུན་མཚུངས་སུ་མི་འགྲོགས་པ་སྤྱིའི་ལུགས་ཡིན་པའང་དྲན་པར་བྱ་དགོས་སོ། །གཉིས་པ་ནི་། འདི་ནི་ལུང་གིས་ཀྱང་འགྲུབ་སྟེ། ཀུན་མཁྱེན་མི་ཕམ་པའི་མཁས་འཇུག་ལས།  བདག་མེད་རྟོགས་པའི་ཡེ་ཤེས་རྡོ་རྗེའི་གཞོམ་བྱ་འཇིག་ལྟ་ཀུན་བཏགས་ཉི་ཤུ་པོ་དེ་ལྷན་སྐྱེས་བཅོམ་པས་འཇིག་པ་ཡིན་པར་གསུངས་ཏེ། དེ་ཉིད་ལས། འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་སྟེ། དེ་དག་གི་རྩ་བ་བདག་འཛིན་ལྷན་སྐྱེས་ལ་བརྟེན་ནས་ཀུན་བརྟགས་པས་ན་ཡེ་ཤེས་རྡོ་རྗེས་འཇིག་ལྟ་བཅོམ་པའི་ཚེ་ཐམས་ཅད་ཅིག་ཆར་འཇིག་པར་འགྱུར་ཞིང་། ཞེས་གསུངས་ཏེ། དེའི་དོན་ནི་ཀུན་བཏགས་ཉི་ཤུ་པོ་ལྷན་སྐྱེས་ལ་བརྟེན་ནས་བཏགས་པ་ཡིན་པས་ལྷན་སྐྱེས་དེ་བཅོམ་པའི་ཚེ་ཅིག་ཅར་འཇིག་པར་འགྱུར་ཞེས་པར་ཤིན་ཏུ་གསལ་ཏེ། གཞན་དུ་ན་ཀུན་བཏགས་ཉི་ཤུ་པོ་ལྷན་སྐྱེས་ལ་བརྟེན་ནས་བརྟགས་པའི་ཕྱིར་ན་འཇིག་ལྟ་ཀུན་བཏགས་བཅོམ་ཚེ་ཐམས་ཅད་ཅིག་ཅར་འཇིག་པར་འགྱུར་ཞེ་ན་ཤིན་ཏུ་མི་འབྲེལ་བར་སེམས་སོ།  །འགྲེལ་བ་ལས་ཀྱང་། རྩ་བ་འཇིག་ལྟ་ལྷན་སྐྱེས་དེ་ཉིད་བཅོམ་པའི་ཚེ་རྩེ་མོར་གྱུར་པའི་ཀུན་བཏགས་ཀྱི་བདག་འཛིན་ཐམས་ཅད་ཅིག་ཅར་དུ་འཇིག་པར་འགྱུར། ཞེས་གསུངས་སོ། །འཇུག་པའི་མཆན་འགྲེལ་ལས་ཀྱང་འདི་བཞིན་དུ་གསུངས་སོ། །གསུམ་པ་རྩོད་པ་སྤང་བ་ནི།  འོ་ན་ཤེར་འགྲེལ་ཀེ་ཏ་ཀ་ལས། མཐོང་ལམ་གྱིས་སྒྲུབ་གཉིས་ཀུན་བཏགས་ཀྱི་ཆ་སྤོང་།  སྒོམ་ལམ་གྱིས་ལྷན་སྐྱེས་སྤོང་བར་མ་གསུངས་སམ་ཞེ་ན།  དེ་ནི་རྫོགས་པར་སྤོང་བའི་དབང་དུ་བྱས་པ་ཡིན་ཏེ། ཀུན་བཏགས་རྫོགས་པར་སྤོང་བྱེད་ནི་མཐོང་ལམ་དང་། ལྷན་སྐྱེས་ཟད་པར་སྤོང་བྱེད་ནི་སྒོམ་ལམ་ཡིན་པའི་ཕྱིར་རོ། །ལྷན་སྐྱེས་སྒོམ་ལམ་གྱི་སྤང་བྱ་ཡིན་པར་གསུངས་པ་ནི་གཙོ་ཆེ་བའི་དབང་དུའང་ཡིན་ནོ།  །འདི་འདྲའི་ལུང་མང་པོ་འདུག་སྟེ། ཐམས་ཅད་དེ་བཞིན་དུ་ཤེས་པར་བྱའོ། །སྤྱིར་ཡང་དེ་སྤོང་བར་བསྟན་པས་དེ་ཁོ་ན་སྤོང་བས་མ་ཁྱབ་སྟེ། མངོན་རྟོགས་རྒྱན་ལས། ཉོན་མོངས་ཤེས་བྱ་ལམ་གསུམ་གྱིས། །ཉམས་ཕྱིར་སློབ་མ་བསེ་རུ་དང་། །རྒྱལ་སྲས་རྣམས་ཀྱི། ཞེས་སོགས་གསུངས་པ་བཞིན་ནོ། །ཛ་ཡ་ཨ་ནན་ཏས་ལྷན་སྐྱེས་རྣམས་སྒོམ་ལམ་ཁོ་ནས་སྤང་བྱ་ཡིན་ཞེས་གསུངས་པའང་ཟད་པར་སྤོང་པ་ཉིད་ཀྱི་དབང་དུ་བྱས་པ་ཡིན་ནོ། །ཡང་ཀུན་བཏགས་སྔོན་ལ་སྤངས་ནས་ལྷན་སྐྱེས་རྗེས་སུ་སྤངས་པར་མ་གསུངས་སམ་ཞེ་ན།  གསུངས་པ་ནི་བདེན་མོད། དེའི་དོན་ནི་སྤྱིར་ཀུན་བཏགས་སྔོན་ལ་སྤངས་ཟིན་ནས་ལྷན་སྐྱེས་རྣམས་དེའི་རྗེས་ནས་ཀྱང་སྤང་དགོས་པར་བསྟན་པ་ཙམ་ཡིན་གྱི་ཀུན་བཏགས་སྤངས་པ་སྔོན་དུ་མ་སོང་ན་ལྷན་སྐྱེས་ཅུང་ཟད་ཀྱང་མི་སྤོང་པས་ཁྱབ་ཅེས་གསུངས་པ་གར་ཡང་མ་མཐོང་ངོ། །ཡང་གལ་ཏེ་ལྷན་སྐྱེས་ཀྱི་བདག་མེད་རྟོགས་པ་ཙམ་གྱིས་བདག་འཛིན་ལྷན་སྐྱེས་སྤོང་པས་ཁྱབ་ན།  ས་གཉིས་པ་སོགས་ཀྱི་སྤང་བྱའང་སྤོང་བར་ཐལ། བདག་མེད་གཉིས་པོ་ས་དང་པོ་ནས་རྟོགས་པའི་ཕྱིར་ཟེར་ན། ས་དང་པོའི་ཚེ་ན་གཉིས་པའི་ངོ་སྐལ་གྱི་རྟོགས་བྱའང་མ་རྟོགས་ལ་ཡེ་ཤེས་ཀྱང་མ་སྐྱེས་པས་ན་ག་ལ་སྤོང་། ས་དང་པོ་ནི་དེ་དང་མི་འདྲ་སྟེ་རང་གི་ངོ་སྐལ་གྱི་རྟོགས་བྱའི་ཡེ་ཤེས་སྐྱེས་ཟིན་པའི་ཕྱིར་རོ། །དེས་ན་སྤྱིར་ཐེག་ཆེན་མཐོང་ལམ་དུ་ཆོས་ཐམས་ཅད་སྟོང་ཉིད་སྤྲོས་བྲལ་དུ་མཐོང་། འོན་ཀྱང་དེ་རང་གི་ངོ་སྐལ་ཙམ་ལས་གོང་མའི་སྐལ་བ་རྣམས་ནི་མ་མཐོང་། འོ་ན་གོང་མའི་སྐལ་བ་དེ་མ་མཐོང་བས་ཆོས་ཐམས་ཅད་སྤྲོས་བྲལ་དུ་མ་མཐོང་བར་ཐལ་སྙམ་ན། མ་ཡིན་ཏེ། མིག་མི་གསལ་བ་དག་གིས་བུམ་པ་ལ་ལྟ་བའི་ཚེ་མིག་གསལ་བ་རྣམས་ཀྱིས་མཐོང་རྒྱུ་ལྟ་བུ་ཞིག་མ་མཐོང་ཡང་བུམ་པ་ཡོངས་རྫོགས་མཐོང་ཞེས་བརྗོད་དགོས་པ་བཞིན་དུ་ས་དང་པོར་ས་གོང་མ་རྣམས་ལྟ་བུའི་གསལ་སྣང་མ་ཐོབ་ཙམ་ལས་ཆོས་དབྱིངས་རྫོགས་པར་མཐོང་བ་ནི་ཡིན་ནོ། །དེས་ན་ས་གོང་འོག་རྣམས་ཀྱི་ཡུལ་ལ་ཁྱད་པར་མེད་ཀྱང་ཡུལ་ཅན་ཡེ་ཤེས་ལ་གསལ་སྣང་ཆེ་ཆུང་གི་ཁྱད་ནི་ལུང་རིགས་གཉིས་ཆར་གྱིས་གྲུབ།  སྒྲིབ་པ་སྤོང་བ་ལ་ནི་ཡུལ་ལ་ཁྱད་མེད་པ་ཙམ་གྱིས་ཕན་པ་མེད་དེ། ཡུལ་ཅན་ལ་གསལ་སྣང་ཐོབ་མ་ཐོབ་ལས་ཁྱད་པར་འོངས་པ་ཡིན་ནོ། །དེའི་ཕྱིར་ས་དང་པོའི་ཡེ་ཤེས་ལ་གོང་མ་རྣམས་ཀྱི་གསལ་སྣང་དེ་མ་ཐོབ་པས་གོང་མའི་སྤང་བྱ་མི་སྤོང་།  འོན་ཀྱང་མངོན་རྟོགས་རྒྱན་ལས་མཐོང་ལམ་ལ་རྩེ་སྦྱོར་བཞག་པ་བཞིན་ས་དང་པོ་རང་ལ་ལྟོས་པའི་གསལ་བ་རབ་ཀྱི་མཐར་ཐུག་པ་ཡོད་པས་དེས་རང་གི་ངོ་སྐལ་གྱི་སྤང་བྱ་དེ་གཞན་ལ་ལྟོས་མི་དགོས་པར་སྤོང་པའི་གནད་དེ་གཉིས་ཤེས་དགོས་སོ། །
སླར་སྨྲས་པ། 
རབ་འབྱམས་ཤེས་བྱའི་བུད་ཤིང་ལ། །
བློ་གསལ་བློ་ཡི་མེ་ལྕེ་དག །
ཕྱིར་ཞིང་མཆེད་པའི་རྐྱེན་ཉིད་ནི། །
འདྲི་ཞིང་རྩོད་པའི་རླུང་ཤུགས་ཡིན། །
 
དེ་ཕྱིར་ལུགས་གཉིས་མཐུན་པའི་གྲོགས་རྣམས་ཀྱི། །
ཆོས་སྤྱན་ཧྲིག་ཧྲིག་གཡོ་བའི་འདུན་ས་རུ། །
ལྷག་བསམས་དར་གྱི་སྐུད་པར་ལེགས་བརྒྱུས་པའི། །
འབེལ་གཏམ་མེ་ཏོག་ཕྲེང་བའི་སྐྱེས་ཤིག་ཕུལ། །
 
དེ་ལྟར་ཆོས་མཐུན་ཡིད་ཀྱིས་འདི་བྱས་ཀྱི། །
ཡིད་གཅུགས་རྡོ་རྗེའི་མཆེད་ལ་ཟུར་ཟའི་ཕྱིར། །
མ་ཡིན་རང་སེམས་འདི་ག་དཔང་པོར་ཡོད། །
དེ་ཕྱིར་དམ་པ་རྣམས་ཀྱིས་ཁྲེལ་མ་གྱུར། །