ཚད་མའི་སྐབས་ཀྱི་དཔྱད་པ་ཐོར་བུ་འགའ་ཞིག་བཞུགས་སོ། །
ཚུལ་ཁྲིམས་བློ་གྲོས།
འབྱུང་ཁུངས། སྤེལ་མཁན། སྤེལ་དུས།2016-11-10

    ཚད་མ་རིགས་གཏེར་ལས་གསུངས་པའི་གཟུང་ཡུལ་གྱི་སྐབས།  རིགས་གཏེར་ལས།  ཡུལ་གྱི་མཚན་ཉིད་བློས་རིག་བྱ། །ཞེས་པའི་རྩ་ཚིག་ལ་བློ་མ་འཁྲུལ་བས་རིག་བྱ་ཞེས་པ་ལྟ་བུའི་ཁྱད་པར་གང་ཡང་སྦྱར་མི་དགོས་ལ་སྦྱར་མི་རུང་སྟེ། མཚན་ཉིད་ཁྱབ་ཆུང་དུ་འགྲོ་བས་སོ། །དོན་སྤྱི་དང་ནི་མེད་སྣང་གཉིས། །ཡུལ་ཡིན་ཞེ་ན། ཞེས་པར་གཟུང་ཡུལ་ཡིན་ཞེ་ན་ཞེས་སྦྱར་དགོས་ཀྱི་སྤྱིར་ཡུལ་ཡིན་པ་ཙམ་མི་འགོག་སྟེ། འོག་ཏུ་སྣང་ཡུལ་གཉིས་པོ། ཞེས་གསུངས་པའི་ཕྱིར་རོ།  །གཟུང་ཡུལ་ཡིན་ན་ཤེས་པ་ལས་ཐ་དད་པའི་ཡུལ་ཡིན་དགོས་ཞེས་པ་འདི་བོད་སྔ་རབས་པས་ཁས་ཀྱང་བླངས་ལ། ལུང་དང་རིགས་པས་ཀྱང་འགྲུབ་པར་བཞེད་པ་ཡིན་ནོ། །དང་པོ་གྲུབ་སྟེ། རྩ་བ་ལས། སྣང་ཡུལ་གཉིས་པོ་ཤེས་པ་ལས། །ཐ་དད་ཡིན་ན། ཞེས་དང་། རང་འགྲེལ་ལས། བོད་རྣམས་རྟོག་པ་འཁྲུལ་བའི་ཡུལ་དོན་སྤྱི་དང་། རྟོག་མེད་འཁྲུལ་བའི་ཡུལ་མེད་པ་གསལ་སྣང་གཉིས་མེད་ན་འཁྲུལ་བ་གཞི་མེད་དུ་འགྱུར་བས་སྣང་ཡུལ་གཉིས་ཡོད་ལ། དེའང་འཁྲུལ་ཤེས་གཉིས་འཛིན་པའི་རང་རིག་གི་ཤུགས་ལ་གྲུབ་བོ་ཞེས་ཟེར་བ་དང་། ཞེས་དང་། སློབ་དཔོན་འུ་ཡུག་པས། འདིར་ཤེས་པ་ལས་ཐ་དད་པའི་གཟུང་ཡུལ་འདོད་པ་བཀག་པ་ཡིན་ཞེས་གསུངས་པར་གློ་བོ་མཁན་ཆེན་གྱི་འགྲེལ་བར་བྲིས་པའི་ཕྱིར་རོ། །གཉིས་པ་གྲུབ་སྟེ། རྣམ་འགྲེལ་ལས། རྒྱུ་ཡི་དངོས་པོ་མ་གཏོགས་པར། །གཟུང་བ་ཞེས་བྱ་གཞན་ཅི་ཡང་མེད། །ཅེས་པའི་ལུང་གིས་གཟུང་ཡུལ་རང་མཚན་ཡིན་པར་བསྒྲུབས་པ་དང་། རང་འགྲེལ་ལས། རང་རིག་ལ་གཟུང་ཡུལ་མེད་པར་གསུངས་པའི་ཕྱིར་རོ། །སྐབས་འདིར་ཀུན་མཁྱེན་གོ་རམས་པས། གཟུང་ཡུལ་ཡིན་ན་ཕྱི་དོན་ཡིན་པ་དང་། སེམས་ཙམ་པའི་ལུགས་ལ་གཟུང་ཡུལ་མེད་ཅེས་བཞེད། གློ་བོ་མཁན་ཆེན་པས་དེ་བཀག་ནས་སེམས་ཙམ་ལུགས་ལའང་གཟུང་ཡུལ་ཡོད་པར་གསུངས་སོ།  །སྤྱིར་སེམས་ཙམ་པའི་ལུགས་ལའང་གཟུང་ཡུལ་ཡོད་པ་མི་འགལ་ཏེ། དེའི་ལུགས་ལ་ཐ་སྙད་སྣང་ཚུལ་ཙམ་དུ་ཕྱི་དོན་ཁས་ལེན་པར་དམིགས་པ་བརྟག་པ་དང་རྣམ་འགྲེལ་གྱི་ཚད་འབྲས་དང་པོ་སོགས་ཀྱིས་གྲུབ་པའི་ཕྱིར་རོ། །འོན་ཀྱང་རིགས་གཏེར་རྩ་བའི་དགོངས་པ་ནི། སེམས་ཙམ་པའི་ལུགས་ལ་གཟུང་ཡུལ་མི་བཞེད་པ་ཉིད་ཡིན་ཏེ། གཞུང་འདིར་མངོན་སུམ་གྱི་སྐབས་སུ། བྱེ་བྲག་སྨྲ་གསུམ་རྣམ་རིག་གཉིས། །ཞེས་སེམས་ཙམ་པའི་ལུགས་ལ་རྣལ་འབྱོར་མངོན་སུམ་ལས་གཞན་པའི་མངོན་སུམ་ཐམས་ཅད་རང་རིག་ཙམ་དུ་གསུངས་ལ། རང་རིག་ལ་གཟུང་ཡུལ་མི་འདོད་པར་གསུངས་པ་དང་། འདིར་ཡང་། ཇི་སྲིད་ཕྱི་རོལ་ཁས་ལེན་པ། །དེ་སྲིད་རྒྱུ་ལ་གཟུང་ཡུལ་ཟེར།  །ཤེས་བྱ་ནང་གིར་ཞུགས་པ་ལ། །ཡུལ་དང་ཡུལ་ཅན་གྲུབ་པ་མེད། །ཅེས་ཕྱི་དོན་ཁས་ལེན་པའི་ཚེ་ན་ཤེས་པ་སྐྱེད་བྱེད་ཀྱི་རྒྱུ་ལ་གཟུང་ཡུལ་དུ་འཇོག་པ་ཡིན་གྱི། སེམས་ཙམ་པའི་སྐབས་སུ་ཡུལ་དང་ཡུལ་ཅན་ཐ་དད་དུ་གྲུབ་པ་མེད་པས་གཟུང་ཡུལ་མེད་ཅེས་གཟུང་ཡུལ་རང་མཚན་ལ་རྩོད་པའི་ལན་གསུངས་པས་ཤེས་པའི་ཕྱིར་རོ། །མཁས་གྲུབ་སངས་རྒྱས་དཔལ་དང་ལྷོ་པ་ཀུན་མཁྱེན་ཤེས་པར་གྱུར་པའི་གཟུང་ཡུལ་བཞེད་པར་གསུངས་ཀྱང་འདིར་མི་བཞེད་དོ། །གོང་གི་རྒྱུ་ཡི་དངོས་པོ་མ་གཏོགས་པ།  །ཞེས་སོགས་ཀྱི་སྒྲུབ་བྱེད་དེ་ལ། མཁས་གྲུབ་རྗེའི་སྡེ་བདུན་གྱི་རྒྱན་ཡིད་ཀྱི་མུན་སེལ་ལས། ཁ་ཅིག རྟོག་པའི་གཟུང་ཡུལ་ཡིན་པ་མི་སྲིད་དེ། རྒྱུ་ཡི་དངོས་པོ་མ་གཏོགས་པར།  །གཟུང་བ་ཞེས་བྱ་གཞན་ཅིའང་མེད། །ཅེས་དང་། དེའི་འགྲེལ་བར་ལྷས། རྣམ་པ་འཇོག་པའི་རྒྱུ་ནི་ཡུལ་ཉིད་ཡིན་ནོ། །ཞེས་བཤད་པས་སོ་ཟེར་བའང་མི་འཐད་དེ། དེ་ནི་གཞན་རིག་མངོན་སུམ་གྱི་དབང་དུ་བྱས་པའི་ཕྱིར་ཏེ། གཞན་དུ་ན། ཡུལ་ཡིན་ན་རྒྱུ་ཡིན་པར་འདོད་དགོས་པར་འགྱུར་རོ། །ཞེས་གསུངས་སོ། །རྣམ་འགྲེལ་ལས། རས་སོགས་གཟུགས་ནི་གཅིག་ཡིན་ན།  །ཞེས་སོགས་དེ་དག་གཞན་རིག་མངོན་སུམ་གྱི་སྐབས་ཡིན་པ་བདེན་མོད།  ད་དུང་དེ་ལས་གཞན་པའི་ཡུལ་བཞིའི་ནང་ཚན་དུ་གྱུར་བའི་གཟུང་ཡུལ་ཡོད་པའི་ཤེས་བྱེད་ནི་དགོད་དགོས་ལ།  ཡུལ་ཡིན་ན་རྒྱུ་ཡིན་པར་འདོད་དགོས་པར་ནི་མི་འགྱུར་ཏེ། རྣམ་པ་འཇོག་པའི་རྒྱུ་ནི་གཟུང་ཡུལ་ཉིད་ཡིན་ནོ་ཞེས་གོ་ན་ཆོག་པའི་ཕྱིར་རོ། །ཀུན་མཁྱེན་མི་ཕམ་པའི་ལུགས་ལ། མཁས་འཇུག་ལས།  སྣང་ཡུལ་ནི་རྟོག་མེད་ཤེས་པའི་ཡུལ་གཟུགས་སོགས་ལྟ་བུ། ཞེན་ཡུལ་ནི་རྟོག་བཅས་ཀྱི་ཤེས་པས་དོན་སྤྱི་ལ་ཡུལ་དུ་ཞེན་པ།  དེ་གཉིས་ཀར་ཡང་སྐྱེས་བུས་འཇུག་ལྡོག་གི་ཡུལ་དུ་བྱེད་པའི་ཆ་ནས་འཇུག་ཡུལ།  བློས་གཟུང་བར་བྱ་བའི་ཡུལ་ཡིན་པའི་ཆ་ནས་གཟུང་ཡུལ་ཞེས་བརྗོད་ལ་ཞེས་གསུངས་མོད། དེར་ངེས་པ་ནི་མ་ཡིན་ཏེ། ལེགས་བཤད་སྣང་བའི་གཏེར་ལས། རྟོག་པའི་ཡུལ་དོན་སྤྱི་ལའང་སྣང་ཡུལ་ཞེས་མང་དུ་གསུངས་འདུག་པའི་ཕྱིར། སྣང་ཡུལ་ཡིན་ན་རྟོག་མེད་ཀྱི་ཡུལ་ཡིན་པས་མ་ཁྱབ་བོ། །གཟུང་ཡུལ་ལའང་། དེ་ཉིད་ལས།  རང་འཛིན་ཤེས་པ་ལ་རྣམ་པ་གཏོད་བྱེད་ཀྱི་རྒྱུ་ཡི་དངོས་པོ་མ་གཏོགས་པ་གཟུང་བ་ཞེས་བྱ་བ་གཞན་ཅི་ཡང་མེད་དེ། ཤེས་པ་སྐྱེད་པའི་རྒྱུ་མ་ཡིན་ན་གཟུང་ཡུལ་ཡང་མིན་ཏེ། འབྲེལ་བ་མེད་པ་ལ་ཡུལ་དུ་འགྱུར་ན་ནི་ཐམས་ཅད་ཐམས་ཅད་ཀྱི་གཟུང་ཡུལ་དུ་འགྱུར་རོ། །ཞེས་གསུངས་ཤིང་། དོན་སྤྱི་ལ་གཟུང་ཡུལ་ཞེས་པའི་མིང་གིས་སྨོས་པ་གཅིག་ཀྱང་མི་སྣང་བས།  རྣམ་པ་གཏོད་བྱེད་ཀྱི་རང་མཚན་ཁོ་ན་ལས། བློས་གཟུང་ཚད་ལ་གཟུང་ཡུལ་དུ་མི་བཞེད་པ་འདྲ་བས་སླད་ནས་བརྟག་པར་བྱའོ། །བརྗོད་བྱ་དང་རྗོད་བྱེད་ཀྱི་སྐབས། སྤྱིར་བརྗོད་བྱ་དང་རྗོད་བྱེད་ལ་དངོས་ཀྱི་བརྗོད་བྱ་རྗོད་བྱེད་དང་ཞེན་པའི་བརྗོད་བྱ་རྗོད་བྱེད་དེ་བཞི་ཡོད། དེ་ལས་དངོས་གཉིས་ནི་སྒྲ་སྤྱི་དང་དོན་སྤྱི་གཉིས་དང་། ཞེན་པ་གཉིས་ནི་སྒྲ་རང་མཚན་དང་དོན་རང་མཚན་གཉིས་ཡིན།  སྒྲ་རང་མཚན་གྱིས་དོན་བུམ་པ་སོགས་བརྗོད་པར་རློམ་ཡང་དོན་ལ་དེས་བརྗོད་མི་ནུས། བུམ་པ་ཁྱེར་ཅིག་ཅེས་པའི་སྐབས་སུ་བུམ་པའི་རང་མཚན་བརྗོད་པར་རློམ་ཡང་དོན་ལ་དེ་བརྗོད་མི་ནུས་སོ། །དེས་ན་རྗོད་བྱེད་དངོས་ནི་སྒྲ་སྤྱི་ཡིན་ཏེ། དེས་བརྗོད་བྱ་གོ་བར་བྱེད་པ་ཡིན། བརྗོད་བྱ་དངོས་ནི་བུམ་པའི་དོན་སྤྱི་ཡིན་ཏེ། དེ་གོ་བར་བྱེད་པ་ཡིན་ནོ། །གལ་ཏེ་རྗོད་བྱེད་ནི་སྒྲ་རང་མཚན་ཡིན་ཏེ། དེས་རྣ་ཤེས་བསྐྱེད་ནས་དོན་གོ་བ་ཡིན་གྱི། སྒྲ་མ་གྲགས་ན་དོན་མི་གོ་བའི་ཕྱིར་རོ་ཞེ་ན། དེ་ནི་མ་ཡིན་ཏེ། གལ་ཏེ་སྒྲ་རང་མཚན་དེ་རྗོད་བྱེད་དངོས་ཡིན་ན། འོན་པ་མ་གཏོགས་པའི་མི་ཐམས་ཅད་ཀྱི་སྐད་རིགས་ཐམས་ཅད་ཤེས་དགོས་པར་འགྱུར་ཏེ།  སྒྲ་རང་མཚན་ནི་ཀུན་གྱི་རྣ་བར་གྲག་པའི་ཕྱིར་རོ། །རྣ་བར་གྲག་ཀྱང་དོན་མི་གོ་ན་ནི། དོན་གོ་བའི་མི་གཅིག་ཀྱང་མེད་པར་འགྱུར་ཏེ། སྒྲ་རང་མཚན་ལས་གཞན་པའི་རྗོད་བྱེད་མེད་ལ། དེ་རྣ་ཤེས་ལས་གཞན་པའི་ཤེས་པ་གང་གིའང་ཡུལ་མ་ཡིན་ཅིང་།  རྣ་ཤེས་ཀྱི་ཡུལ་དུ་གྱུར་ཀྱང་དོན་མི་གོ་བའི་ཕྱིར་རོ།  །དེས་ན་སྒྲ་སྤྱི་ཉིད་རྗོད་བྱེད་ཡིན་ཏེ། བོད་པ་ཞིག་གིས་མེ་ཞེས་བརྗོད་པའི་ཚེ་ན། དྲུང་དུ་ཡོད་པའི་བོད་པ་དག་གི་ཡིད་ལ་ཚ་ཞིང་སྲེག་པའི་མིང་གི་རྣམ་པ་དེ་ལམ་གྱིས་འཆར། དེ་དང་མཉམ་དུ་ཚ་ཞིང་སྲེག་པའི་མེ་དེའང་འཆར་ཏེ། གོ་བརྡ་ལེགས་པར་འཕྲོད་པ་ཡིན།  བོད་པ་ལས་གཞན་པ་དག་གི་རྣ་ལམ་དུ་མེ་ཞེས་པའི་སྒྲའི་རང་མཚན་དེ་གྲག་ཀྱང་ཚ་ཞིང་སྲེག་པའི་མིང་གི་རྣམ་པ་དེ་མ་ཤར་བས་གོ་བརྡ་མ་འཕྲོད་པ་ཡིན།  སྐད་རིགས་གཅིག་པ་རྣམས་ཀྱིས་འཁྲུལ་བའི་དབང་གིས་མིང་དོན་དེ་གཉིས་མཉམ་དུ་སྦྲེལ་ནས་ཡོད་པས་དོན་གོ་བ་ཡིན། སྐད་རིགས་མི་གཅིག་པ་རྣམས་བློ་ངོར་དེ་འདྲའི་འབྲེལ་བ་དེ་མེད་པས་ཕན་ཚུན་བརྡ་མི་འཕྲོད་དོ།  །འོན་ཀྱང་བློའི་རྣམ་པ་དེ་སྒྲ་རང་མཚན་ལ་བརྟེན་ནས་བྱུང་བ་ཡིན་པས་སྒྲ་རང་མཚན་གྱིས་བརྗོད་པར་བྱས་སོ་སྙམ་དུ་འཁྲུལ་བ་ཡིན་ནོ། །དེ་བཞིན་དུ་བརྗོད་བྱའང་དོན་རང་མཚན་མ་ཡིན་ཏེ། བརྗོད་མི་ནུས་པའི་ཕྱིར། བློ་ངོར་བརྗོད་པར་འདོད་པའི་ཆོས་དེའི་དོན་སྤྱི་ཤར་བར་བྱས་པ་ལ་དོན་དེ་བརྗོད་ཅེས་པའི་མིང་བཏགས་པ་ཡིན་པའི་ཕྱིར་རོ། །དོན་སྤྱི་དེ་ཡུལ་རང་མཚན་དང་གཅིག་ཏུ་འཁྲུལ་ནས་ཡོད་པས་རང་མཚན་བརྗོད་པར་བྱས་སྙམ་དུ་འཁྲུལ་བ་ཡིན་གྱི། རང་མཚན་དངོས་སུ་བརྗོད་ཚུལ་ཞིག་མེད་དོ། །མཁས་པ་རྣམས་ཀྱིས་རང་མཚན་བརྗོད་མི་བརྗོད་གཉི་ཀ་གསུངས་ཀྱང་དོན་ལ་འདི་ཉིད་ལས་གཞན་མེད་དོ། །དེ་བཞིན་དུ་དགག་སྒྲུབ་ཐམས་ཅད་ཀྱང་བློ་ངོར་བྱས་ནས་དོན་ལ་བྱེད་པར་རློམ་པ་ཡིན་གྱི། དོན་ལ་དགག་སྒྲུབ་བྱར་མེད་དེ། ཀ་བ་མི་རྟག་པ་ཡིན་ན་ནི། ཡིན་པར་བསྒྲུབ་མི་དགོས་ལ། མིན་ན་ནི་ཆོས་ཀྱི་གྲགས་པས་ཀྱང་བསྒྲུབ་པར་བྱ་མི་ནུས་པའི་ཕྱིར་རོ། །བློ་ངོར་དགག་སྒྲུབ་བྱས་པ་དེ་དོན་གྱི་གནས་ཚུལ་དང་མཐུན་པར་གྱུར་ཚེ་དོན་དེ་བསྒྲུབས་ནས་གྲུབ་པར་རློམ་པ་ཡིན་ནོ། གཞན་སེལ་གྱི་སྐབས། ཚད་མ་རིགས་གཏེར་ལས། གཞན་སེལ་བློ་ཡི་འཇུག་ཚུལ་ཡིན། །བེམ་པོའི་དོན་ལ་གཞན་སེལ་མེད། །ཅེས་པ་སློབ་དཔོན་གཙང་ནག་པ་སོགས་ཀྱིས་དོན་རང་མཚན་ཉིད་གཞན་སེལ་མཚན་ཉིད་པ་ཡིན་པར་འདོད་པ་དགག་པ་ཡིན་གྱི། རང་མཚན་ཉིད་ཀྱང་གཞན་སེལ་བཏགས་པ་ཙམ་ཡིན་པ་ནི་མི་བཞེད་པ་མ་ཡིན་ཏེ། དེ་ཉིད་ལས། དེ་མིན་རང་བཞིན་ལས་ལྡོག་པ། །དངོས་པོ་ཀུན་ལ་གྲུབ་པའི་ཕྱིར། །ཞེས་དང་། ལྡོག་པ་དངོས་པོར་མ་གྲུབ་ཅིང་། །བློ་ཡི་འཇུག་ཚུལ་དཔྱད་པ་ན། །དངོས་པོ་ཀུན་ལ་ཡོད་པའི་ཕྱིར། །ཞེས་གསུངས་པའི་ཕྱིར་ཏེ། འདི་རྣམ་འགྲེལ་ལས། གང་ཕྱིར་དངོས་ཀུན་རང་བཞིན་གྱིས།  །རང་རང་ངོ་བོ་ལ་གནས་ཕྱིར། །མཐུན་དངོས་གཞན་གྱི་དངོས་དག་ལས། །ལྡོག་པ་ལ་ནི་བརྟེན་པ་ཅན།  །ཞེས་དང་། ཀ་མ་ལ་ཤཱི་ལས། དོན་གྱི་བདག་ཉིད་ཀྱིས་སེལ་བའི་དོན་རང་བཞིན་བསྟན་པའི་ཕྱིར། དེའི་རྒྱུ་རང་གི་མཚན་ཉིད་ལ་ལྡོག་པ་དེ་ཡོད་པའི་ཕྱིར་ཏེ། རྒྱུ་མཚན་དང་བཅས་པའོ།  །ཞེས་དང་། ཀུན་མཁྱེན་མི་ཕམ་རྒྱ་མཚོའི་ཞལ་ནས། དགག་སྒྲུབ་ཀྱི་ཐ་སྙད་འདི་ཆིག་རྐྱང་རེ་ཁོ་ནས་ཡོངས་སུ་རྫོགས་པར་མི་སྣང་སྟེ། སྒྲུབ་པས་ཀྱང་དགག་པ་ཤུགས་ལ་སྟོན་པ་དང་།  དགག་པས་ཀྱང་ཡོངས་གཅོད་གྲུབ་པ་ལྟ་བུ་མི་སྟོན་པ་མེད་པས་སྔོན་པོར་སྣང་བས་སྔོ་མིན་བསལ་ཞེས་གཞག་པར་དཀའ་བས་ན་སྣང་ཡུལ་སྒྲུབ་པ་གཙོ་ཆེ་བས་རྣམ་བཅད་ཤུགས་ལ་གྲུབ་པ་དང་།གཞན་སེལ་དགག་པ་གཙོ་ཆེ་བས་ཡོངས་གཅོད་ཤུགས་ལ་གྲུབ་པ་ལྟར་གོ་ཞིང་སོ་སོའི་ལྡོག་པ་ནས་ཕྱེ་ན་མ་འདྲེས་པར་འཆད་དུ་ཡོད་མོད། ཅེས་གསུངས་པ་རྣམས་དགོངས་པ་གཅིག་ཏུ་སྣང་བའི་ཕྱིར་རོ། །གལ་ཏེ་དོན་རང་མཚན་ཡིན་པའི་གཞན་སེལ་ནི་ཡོད་དེ།  བུམ་པ་དེ་དོན་གྱི་ཐོག་ནས་ཀྱང་ཀ་བ་སོགས་ལས་ལོག་པའི་རང་བཞིན་དུ་གནས་པ་ཡིན་གྱི་བློས་བཏགས་པ་ཙམ་མ་ཡིན་ནོ་སྙམ་ན། འོ་ན། དོན་རང་མཚན་ཡིན་པའི་འབྲེལ་བའང་ཡོད་པར་ཐལ་ཏེ། རང་མཚན་གྱི་རྒྱུ་འབྲས་ཡོད་པའི་ཕྱིར། ཁྱབ་སྟེ། འབྲེལ་མེད་ཀྱི་རྒྱུ་འབྲས་ཡོད་མི་སྲིད་པའི་ཕྱིར།  རྒྱུ་འབྲས་ནི་འབྲེལ་བ་དོན་ལ་ཡོད་པས་མ་ཡིན་ཏེ། དོན་གྱི་དུ་བ་མེ་མེད་ན། །མི་འབྱུང་བ་ཙམ་ཡོད་མོད་ཀྱི། །སྔ་ཕྱི་བཟུང་ནས་སྦྲེལ་བ་ནི། །རྟོག་པ་མིན་པས་སྦྲེལ་མི་ནུས།  །ཞེས་གསུངས་པའི་ཕྱིར་སྙམ་ན། འདིར་ཡང་། དོན་གྱི་བུམ་པ་ཀ་བ་ཉིད། །མིན་པ་ཙམ་ཞིག་གྲུབ་མོད་ཀྱི། །ཡིན་མིན་བཟུང་ནས་བསལ་བ་ནི། །རྟོག་པ་མིན་པས་སེལ་མི་ནུས། །ཞེས་མཚུངས་སོ། །དེས་ན་འགལ་འབྲེལ་དང་བརྗོད་བྱ་རྗོད་བྱེད་དང་སྤྱི་བྱེ་བྲག་དང་གཞན་སེལ་རྣམས་ནི་ཐམས་ཅད་ཀྱང་བློའི་འཇུག་ཚུལ་ཙམ་ཡིན་པ་ལ་ཁྱད་པར་མེད་པས། དོན་རང་མཚན་ལ་མ་གྲུབ་པ་ཡིན་པར་ཡང་ཁྱད་པར་མེད་དོ། །དེས་ན། བརྟག་པ་དོན་ལ་འཇུག་པ་དང་། །མི་འཇུག་པ་སྟེ་རྣམ་པ་གཉིས། །འཇུག་པས་འཇུག་ཡུལ་ཐོབ་པ་ན། །འབྲེལ་བ་ཉིད་དེ། ཞེས་གསུངས་པ་བཞིན་བུམ་པ་ཀ་མིན་དུ་འཛིན་པ་བློ་དོན་མཐུན་ཡིན་པས་བུམ་པ་ལ་དོན་གྱི་གཞན་སེལ་ཞེས་མིང་འདོགས་རུང་མོད། དོན་ལ་རང་མཚན་དེ་ཉིད་གཞན་སེལ་མ་ཡིན་ཏེ།  གཞན་སེལ་དངོས་ནི་བློའི་འཛིན་སྟངས་སམ་འཇུག་ཚུལ་ཞིག་ཡིན་པའི་ཕྱིར་ཏེ། གཞན་སེལ་བློ་ཡི་འཇུག་ཚུལ་ཡིན། ཞེས་གསུངས་པ་བཞིན་ནོ། །དེ་ལ་སྒྲས་བརྗོད་རིགས་ཀྱིས་དབྱེ་ན་གསུམ་སྟེ།  བློའི་དང་། དོན་གྱི་དང་། མེད་དགག་གི་གཞན་སེལ་ལོ། །དང་པོ་ནི། རྟོག་པ་ལ་དོན་གྱི་གཟུགས་བརྙན་ཤར་བ་སྟེ། ཀ་མ་ལ་ཤཱི་ལས། དེ་ལ་བརྟེན་ནས་ཞེས་བྱ་བ་ནི་མི་འཇིགས་པ་ལ་སོགས་པ་དང་མཚུངས་པའི་དོན་དེ་ལ་བརྟེན་ནས་ཏེ་རྒྱུར་བྱས་ནས་དེ་ཉམས་སུ་མྱོང་བའི་སྟོབས་ཀྱིས་སྐྱེས་པའི་རྣམ་པར་རྟོག་པའི་ཤེས་པ་གང་ཡིན་པ་དེ་ལ་དོན་གྱི་རྣམ་པ་ཉིད་ཀྱི་དོན་གྱི་གཟུགས་བརྙན་གང་ཡིན་པ་དེའི་བདག་ཉིད་དུ་དོན་གྱི་རྣམ་པ་སྣང་བ་དེ་ལ་གཞན་སེལ་བ་ཞེས་བྱ་བའི་མིང་འདི་བཏགས་སོ་ཞེས་འགྲེལ་ལོ། །ཞེས་གསུངས་པའི་ཕྱིར་རོ། །དེ་ལ་གཞན་སེལ་ཞེས་འདོགས་པའི་རྒྱུ་མཚན་དངོས་ནི། བུམ་པའི་གཟུགས་བརྙན་དེ་ཀ་བ་ལ་སོགས་པའི་གཟུགས་བརྙན་རྣམས་ལས་ལྡོག་པར་སྣང་བའི་ཕྱིར་ཏེ། ཀ་མ་ལ་ཤཱི་ལའི་འགྲེལ་བ་ལས། དངོས་སུ་ནི་རྣམ་པར་རྟག་པ་གཞན་གྱིས་སྒྲོ་བཏགས་པའི་སྣང་བ་གཞན་ལས་ཐ་དད་པས་རང་ཉིད་སྣང་བའི་ཕྱིར་ཏེ།  ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་ནི། བུམ་པ་ལ་སོགས་པ་དོན་རང་མཚན་གྱི་དངོས་པོ་རྣམས་ཡིན་ཏེ། དེ་རྣམས་སོ་སོ་ནས་གཞན་དང་མ་འདྲེས་པར་རང་བཞིན་གྱིས་གནས་པ་ཡིན་པའི་ཕྱིར་ཏེ། རྣམ་འགྲེལ་ལས། གང་ཕྱིར་དངོས་ཀུན་རང་བཞིན་གྱིས། །སོགས་དང་། སྔ་མ་ལས། རང་གི་མཚན་ཉིད་ལ་ལྡོག་པ་དེ་ཡོད་པའི་ཕྱིར་ཏེ།  ཞེས་དང་། གཞན་ལས་ཏེ་རིགས་མི་མཐུན་པ་ལས་མ་འདྲེས་པ་སྟེ། ཞེས་སོགས་གསུངས་པའི་ཕྱིར་རོ། །གསུམ་པ་ནི། བུམ་པའི་གཟུགས་བརྙན་དེར་རྟ་ལ་སོགས་ཀྱི་གཟུགས་བརྙན་མ་གྲུབ་པའམ་རྣམ་པར་བཅད་པའི་མེད་དགག་སྟེ། བུམ་པའི་གཟུགས་བརྙན་གྱི་ཤུགས་ལ་རྟོགས་པར་བྱ་བ་གང་ཡིན་པའོ། །དེ་ལ་བློའི་གཞན་སེལ་འདི་བློ་རང་མཚན་ལ་བཞེད་ཅེས་ཁ་ཅིག་གསུངས་མོད། བློ་ངོར་སྣང་བའི་དོན་གྱི་གཟུགས་བརྙན་ཉིད་ལ་བཞེད་པར་གསལ་ཏེ། དེ་ཁོ་ན་ཉིད་བསྡུས་པ་ལས། གཅིག་ཏུ་སྲེ་བར་བྱེད་པ་ཡིན། །ཞེས་དང་། ཀ་ཤཱིའི་འགྲེལ་བར། བློའི་གཞན་སེལ་གྱི་སྐབས་སུ།  དེ་ལ་བརྟེན་ནས་ཞེས་བྱ་བ་ནི་མི་འཇིགས་པ་ལ་སོགས་པ་དང་མཚུངས་པའི་དོན་དེ་ལ་བརྟེན་ནས་ཏེ་རྒྱུར་བྱས་ནས་དེ་ཉམས་སུ་མྱོང་བའི་སྟོབས་ཀྱིས་སྐྱེས་པའི་རྣམ་པར་རྟོག་པའི་ཤེས་པ་གང་ཡིན་པ་དེ་ལ་དོན་གྱི་རྣམ་པ་ཉིད་ཀྱི་གཟུགས་བརྙན་གང་ཡིན་པ་དེའི་བདག་ཉིད་དུ་དོན་གྱི་རྣམ་པ་སྣང་བ་དེ་ལ་གཞན་སེལ་ཞེས་བྱ་བའི་མིང་དུ་བཏགས་སོ་ཞེས་འགྲེལ་ལོ།  །ཞེས་གསལ་བར་གསུངས་པའི་ཕྱིར་རོ། །གཞན་སེལ་དེ་གསུམ་ལས་མཚན་ཉིད་པའམ་དངོས་ནི་བློའི་གཞན་སེལ་དེ་ཉིད་ཡིན་ཏེ། གཞན་སེལ་ཞེས་བྱ་བ་དེ་མིན་བསལ་བའམ་དགག་པ་ཡིན་ལ་དོན་རང་མཚན་ལ་ནི་དགག་སྒྲུབ་གང་ཡང་ཡོད་མི་སྲིད་པའི་ཕྱིར་དང་།  དེ་ཉིད་ལས། དེ་ལྟར་རེ་ཞིག་གཟུགས་བརྙན་གྱི་མཚན་ཉིད་ཀྱིས་སེལ་བ་ནི་དངོས་སུ་སྒྲས་བསྐྱེད་པར་བྱ་བ་ཡིན་པའི་ཕྱིར་དངོས་ཀྱི་སྒྲའི་དོན་ཡིན་ནོ་ཞེས་བསྟན་ནས། སེལ་བ་ལྷག་མ་རྣམས་ཀྱང་སྒྲའི་དོན་ཉེ་བར་བཏགས་པར་བརྗོད་ན་འགལ་བ་མེད་པ་ཉིད་དོ་ཞེས་བསྟན་པའི་ཕྱིར་དེ་ལྟར་རྣམ་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཞེས་གསུངས་པའི་ཕྱིར་རོ། །འོ་ན། དེ་ཉིད་ལས། འདིས་ནི་རང་གི་མཚན་ཉིད་གཞན་སེལ་བར་བསྟན་པ་ནི་དངོས་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །ཞེས་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། དེའི་དོན་ནི་བློའི་གཞན་སེལ་ལ་གཞན་སེལ་ཞེས་པའི་མིང་འདོགས་པའི་རྒྱུ་མཚན་དངོས་བཏགས་བཞི་ཡོད་པ་གོང་ལྟར་ཡིན་ཡང་རང་མཚན་ལ་གཞན་སེལ་ཞེས་འདོགས་པའི་རྒྱུ་མཚན་དངོས་ཉིད་ཡིན་ལ། དེ་ཡང་དོན་རང་མཚན་ལ་གཞན་ལས་ལྡོག་པ་དེ་ཡོད་པའི་ཕྱིར་ནའོ་ཞེས་པའི་དོན་ཡིན་ཏེ། དེ་ཉིད་ལས། དེ་ལ་རྒྱུ་མཚན་བཤད་པ། གཞན་མ་འདྲེས་པར་ཡོད་པའི་ཕྱིར་ཞེས་བྱ་བ་སྟེ། གཞན་ལས་ཏེ་རིགས་མི་མཐུན་པ་ལས་མ་འདྲེས་པ་སྟེ། ལྡོག་པ་དེ་ཡོད་པའི་ཕྱིར་ཏེ། ཞེས་གསུངས་པའི་ཕྱིར་རོ། །དེས་ན་གཞན་ལས་ལྡོག་པའམ་གཞན་སེལ་བའི་ཆ་དངོས་མེད་དང་ལྡོག་ལྡན་རང་མཚན་དངོས་པོ་ཡིན་པའི་ཤན་ལེགས་པར་དབྱེ་བར་བྱའོ། །གལ་ཏེ་དོན་རང་མཚན་ཉིད་གཞན་སེལ་དངོས་ཡིན་ན་གནོད་བྱེད་འདི་ལྟར་ཡོད་དེ།  ཤིང་མིན་ལས་ལྡོག་པའི་ཤིང་གི་གཞན་སེལ་དེ་རྫས་སུ་གྲུབ་པ་དང་དེ་ཡང་ཤིང་གསལ་རྣམས་དང་རྫས་གཅིག་ཏུ་གྲུབ་དགོས་སོ། །དེ་ལྟ་ན་ཤིང་མིན་གྱི་གཞན་སེལ་དེ་ཙན་དན་དང་རྫས་གཅིག་གམ་སྐྱེར་བ་དང་རྫས་གཅིག  དང་པོ་ལྟར་ན་ཙན་དན་དེ་ཤིང་ཡིན་པར་གྲུབ་ཏུ་ཆུག་ཀྱང་སྐྱེར་བ་ནི་གདོན་མི་ཟ་བར་ཤིང་མིན་དུ་འགྱུར་ཏེ། ཤིང་མིན་ལས་ལྡོག་པའི་ཤིང་ནི་ཙན་དན་ཁོ་ན་ཡིན་པའི་ཕྱིར་རོ། །མ་གྲུབ་བོ་ཞེ་ན། གྲུབ་སྟེ། ཤིང་མིན་ནི་ཙན་དན་གྱི་རང་མཚན་དང་རྫས་གཅིག་ཡིན་པ་གང་ཞིག  ཙན་དན་གྱི་རང་མཚན་ཡིན་ན་ཙན་དན་ཁོ་ན་ཡིན་པས་ཁྱབ་པའི་ཕྱིར་ཏེ། ཙན་དན་གྱི་རང་མཚན་དུ་གྱུར་པའི་རྡུལ་ཡིན་ན་སྐྱེར་བ་ལ་སོགས་པ་ཡིན་པ་མི་སྲིད་པས་ཁྱབ་པའི་ཕྱིར་རོ། །དེས་ན་ཀུན་མཁྱེན་མི་ཕམ་རྒྱ་མཚོས་དོན་རང་མཚན་གྱི་གཞན་སེལ་བཞེད་པ་དེའང་རང་མཚན་ལ་གཞན་སེལ་ཞེས་གདག་པ་འདི་ཙམ་ཞིག་ཡིན་གྱི། སྔ་རབས་པ་ཁ་ཅིག་གི་བཞེད་པ་བཞིན་དུ་དོན་རང་མཚན་ཉིད་གཞན་སེལ་མཚན་ཉིད་པ་ཡིན་པར་ནི་མི་བཞེད་དེ། ལེགས་བཤད་སྣང་བའི་གཏེར་ལས། སྔོན་པོ་ཡིན་པ་ཙམ་གྱིས་སྔོ་མིན་བསལ་བ་ནི་དོན་ལ་ཐ་དད་མེད་པར་གནས་པའི་འབྲལ་མི་ཤེས་པ་ཡིན་པས་ན་དོན་རང་མཚན་གྱི་གཞན་སེལ་ཡོད་པར་སྨྲ་བའི་ཕྱོགས་འདི་སེལ་འཇུག་གི་ཐ་སྙད་སྨྲ་བའི་སྐབས་སུ་ཁས་མི་ལེན་པར་འོས་མེད་ཀྱིས་གྲུབ་པའི་ཕྱིར་དེའི་ཕྱོགས་འཛིན་པར་བྱའོ། །ཞེས་དང་། དེས་ན་དོན་རང་གི་ངོ་བོ་ལ་ནི་སྒྲ་རྟོག་གི་ཐ་སྙད་གང་ཡང་མི་འཇུག་ཀྱང་ཐ་སྙད་དོན་མཐུན་རྣམས་དོན་ལ་མི་བསླུ་བར་ཡང་འདོད་དགོས་པས་ན་ཐ་སྙད་དེ་ལྟར་ཁས་ལེན་པའི་ལུགས་ལྟར་བདེ་བར་སེམས་སོ། །ཞེས་དོན་རང་མཚན་ལ་གཞན་སེལ་གྱི་ཐ་སྙད་བཏགས་ན་བདེ་ཞེས་གསུངས་འདུག་པའི་ཕྱིར་རོ། །དེས་ན་རིགས་གཏེར་རྩ་བ་དང་ཀུན་མཁྱེན་མི་ཕམ་པའི་དགོངས་པ་ནི་རང་མཚན་ལ་གཞན་སེལ་གྱི་མིང་འདོགས་མི་འདོགས་ཙམ་ལས་གཞན་མེད་པས་མི་འགལ་བར་ཤེས་པར་བྱའོ། །འབྲེལ་བའི་སྐབས།འབྲེལ་བ་དོན་གྱི་ཐོག་ན་མེད་པ་བཞིན་དུ་རྒྱུ་འབྲས་ཀྱང་དོན་རང་མཚན་གྱི་ཐོག་ན་མེད་དེ། རྣམ་འགྲེལ་ལས། ཕན་འདོགས་གང་ཡིན་སྐྱེད་པའང་ཡིན། །ཞེས་དང་། རིགས་གཏེར་ལས།  རྒྱུ་འབྲས་ཕན་འདོགས་བྱ་བྱེད་ཡིན། །ཞེས་རྒྱུ་འབྲས་ཕན་འདོགས་བྱེད་དང་གདགས་བྱ་ཡིན་པར་གསུངས་ན། དེ་དོན་རང་མཚན་གྱི་ཐོག་ན་མེད་པའི་ཕྱིར་ཏེ། འབྲེལ་བརྟག་ལས། བལྟོས་པ་ན་ཕན་པ་བྱེད་པ་ཡིན་མོད་ཅེ་ན། དེ་མེད་ན་ཇི་ལྟར་ཕན་པ་བྱེད། རྒྱུའི་ཚེ་ན་འབྲས་བུ་ཞེས་བྱ་བའི་དོན་མེད་དོ། །འབྲས་བུའི་ཚེ་ན་ཡང་རྒྱུ་ཞེས་བྱ་བའི་དོན་མེད་དེ། མཐུ་མེད་པས་ཕན་པ་བྱེད་པ་མ་ཡིན་ནོ། །ཞེས་དང་། རིགས་གཏེར་ལས། རྒྱུ་འབྲས་དངོས་དང་དངོས་མེད་ལ། །ཕན་བྱ་ཕན་བྱེད་འཐད་པར་དཀའ།  །ཞེས་གསུངས་པའི་ཕྱིར་རོ། །གལ་ཏེ་རྒྱུ་འབྲས་མེད་ན་མྱུ་གུ་ལ་སོགས་པ་རང་བྱུང་དུ་འགྱུར་རོ། །ཞེ་ན། མ་ཡིན་ཏེ། དོན་གྱི་དུ་བ་མེ་མེད་ན། །མི་འབྱུང་བ་ཙམ་ཡོད་མོད་ཀྱི། །ཞེས་གསུངས་པ་དེ་ཉིད་ལ་རྒྱུ་འབྲས་ཞེས་བློ་ངོར་གཞག་ནུས་པའི་ཕྱིར་རོ། །འོ་ན། དེ་ཉིད་འབྲེལ་བ་ཡིན་ནོ་སྙམ་ན་མ་ཡིན་ཏེ། འབྲེལ་བ་ནི་ཐ་དད་ཀྱི་ཆོས་གཉིས་བློས་བསྡོམས་ཏེ་སྦྲེལ་བའི་ཆ་དེ་ཡིན་ལ།  དོན་རང་མཚན་གྱི་ཐོག་ནས་གོང་བཤད་བཞིན་རྒྱུས་འབྲས་བུ་ལ་ཕན་འདོགས་ཚུལ་སོགས་གཞག་མི་ནུས་པའི་ཕྱིར་རོ། །དེ་ལྟ་ན་དོན་རང་མཚན་ལ་མེད་ན་མི་འབྱུང་ནི་ཡོད་ལ།  མེད་ན་མི་འབྱུང་གི་འབྲེལ་བ་ནི་མེད་ཅེས་པ་འདི་འཇམ་མགོན་ས་པཎ་དང་ཀུན་མཁྱེད་མི་ཕམ་པ་སོགས་ཀྱི་བཞེད་པའོ། །འགལ་བའི་སྐབས། འགལ་བའི་སྐབས་སུ་ཕན་ཚུན་སྤང་འགལ་ཞེས་པ་ཆོས་གང་ཞིག་ཆོས་གཞན་གྱི་དབེན་པ་ཙམ་ཞིག་མ་ཡིན་ཏེ། དེ་ལྟ་ན་ངག་གིས་གཏམ་སྨྲ་བ་དང་སེམས་ཀྱིས་ཤེས་བྱ་ཐམས་ཅད་མཁྱེན་པ་གཉིས་ཀྱང་འགལ་དགོས་ན་མི་འགལ་བར་རིགས་ཐིགས་ལས་དངོས་སུ་གསུངས་པའི་ཕྱིར་ཏེ། དེ་ལས།  དངོས་པོ་རྣམས་ཀྱི་འགལ་བ་ནི་རྣམ་པ་གཉིས་ཏེ། རྒྱུ་མ་ཚང་བ་མེད་པར་འབྱུང་བ་ལ་གཞན་ཡོད་ན་མེད་པའི་ཕྱིར་འགལ་བ་སྟེ། གྲང་བ་དང་ཚ་བའི་རེག་པ་ལྟ་བུའོ། །གཅིག་གིས་གཅིག་སྤངས་ཏེ་གནས་པའི་མཚན་ཉིད་ཁོ་ན་སྟེ་ཡོད་པ་མེད་པ་ལྟ་བུའོ། །འགལ་བ་རྣམ་པ་དེ་གཉི་ག་ཡང་སྨྲ་བ་ཉིད་དང་ཐམས་ཅད་མཁྱེན་པ་ཉིད་ལ་མི་སྲིད་པའི་ཕྱིར་མི་འགལ་བ་ཡོད་པའི་ཕྱིར་དམིགས་ཀྱང་མེད་པར་རྟོགས་པ་མ་ཡིན་ནོ།  །ཞེས་གསུངས་པའི་ཕྱིར་རོ། །དེས་ན་གཅིག་གིས་གཅིག་སྤངས་ཏེ་གནས་ཞེས་པ་འདི་ལ་རྣམ་པ་གཉིས་ཡོད་དེ། སྤངས་ཏེ་གནས་ཙམ་དང་། སྤངས་ཏེ་གནས་པར་མ་ཟད་གཅིག་མ་ཡིན་ན་གཅིག་ཤོས་ཏེ་ཡིན་དགོས་པ་གཉིས་ཡོད་པའི་ཕྱིར་རོ། །ཕན་ཚུན་སྤངས་འགལ་ཞེས་པ་ནི་གཅིག་ལ་གཅིག་མེད་པ་ཙམ་མ་ཡིན་པར་གཅིག་ཤོས་རྣམ་བཅད་དུ་སྤངས་པས་གཅིག་ཤོས་ཡོངས་གཅོད་དུ་བཞག་པ་དངོས་དངོས་མེད་ལྟ་བུ་ཞིག་དགོས་ཏེ།  ཆོས་མཆོག་གི་རིགས་ཐིགས་འགྲེལ་ལས། འདི་ལ་གང་ཡོངས་སུ་གཅོད་པ་ན་གང་རྣམ་པར་གཅོད་པ་སྟེ།  ཡོངས་སུ་གཅོད་པ་ཞེས་བྱ་བ་དེ་ནི་རྣམ་པར་གཅད་པར་བྱ་བ་ཡོངས་སུ་སྤངས་ཏེ་གནས་པའི་ངོ་བོར་བལྟ་བར་བྱའོ། །ཞེས་དང་། དུལ་ལྷའི་རིགས་ཐིགས་འགྲེལ་ལས། དེའི་དངོས་པོ་ནི་གཅིག་གཅིག་སྤངས་ནས་གནས་པའི་མཚན་ཉིད་ཁོ་ན་སྟེ་དེས་འགལ་བའོ། །དཔེར་ན་ཡོད་པ་དང་མེད་པ་གཉིས་ལ་ཡོད་པ་ནི་མེད་པ་སྤངས་པས་རྣམ་པར་བཞག་གོ །མེད་པ་ནི་ཡོད་པ་སྤངས་པས་རྣམ་པར་བཞག་གོ །འགལ་བ་རྣམ་པ་དེ་གཉིས་ཡང་སྨྲ་བ་ཉིད་དང་ཐམས་ཅད་མཁྱེན་པ་ཉིད་མི་སྲིད། ཅེས་དང་། སྨྲ་བ་ཉིད་སྤངས་པས་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་བཞག་པ་ཡང་མ་ཡིན་ལ། ཐམས་ཅད་མཁྱེན་པ་ཉིད་སྤངས་པས་སྨྲ་བ་ཉིད་རྣམ་པར་བཞག་པ་ཡང་མ་ཡིན་ནོ། །ཞེས་དང་། སྔ་མ་ལས། སྨྲ་བ་ཉིད་ཡོངས་སུ་སྤངས་ཏེ་ཐམས་ཅད་མཁྱེན་པ་གནས་པ་ཡང་མ་ཡིན་ཏེ། སྨྲ་བ་ཡོངས་སུ་སྤངས་པའི་ཤིང་ལ་སོགས་པ་དེ་དག་གི་ཐམས་ཅད་མཁྱེན་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ།  །སྨྲ་བ་ཉིད་ནི་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་སྤངས་པའང་མ་ཡིན་ཏེ། ཤིང་ལ་སོགས་པ་ཡང་སྨྲ་བ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་རོ། །གཅིག་ལ་གཅིག་མ་གྲུབ་པ་ཙམ་སྤངས་པའི་དོན་ཡིན་ན་ནི། སྨྲ་བ་ཉིད་ཡོངས་སུ་སྤངས་ཏེ་ཐམས་ཅད་མཁྱེན་པ་གནས་པ་ཡང་མ་ཡིན་ཏེ། ཞེས་པ་ལ་སོགས་པ་གསུངས་པར་མི་རིགས་ཏེ།  སྨྲ་བ་ཉིད་ཐམས་ཅད་མཁྱེན་པ་ཤིན་ཏུའང་མ་ཡིན་པའི་ཕྱིར་རོ། །འགལ་བ་དེ་གཉིས་གནས་པའི་ཡུལ་ཡང་ལྷན་ཅིག་མི་གནས་འགལ་ནི་དངོས་པོ་གཉིས་ལ་གནས་ཤིང་། ཕན་ཚུན་སྤང་འགལ་ནི་དངོས་པོ་དང་དངོས་མེད་གཉིས་ཀ་ལ་གནས་པ་ཡིན་ཏེ། གོང་དུ་སྨྲས་པ་དེ་དག་གིས་ཀྱང་ལེགས་པར་འགྲུབ་ལ། གཞན་ཡང་སློབ་དཔོན་ཆོས་མཆོག་གིས། ཡུལ་ཡང་ཐ་དད་པ་ཡིན་ཏེ། ཕན་ཚུན་སྤངས་པ་ནིི་དངོས་པོ་དང་དངོས་པོ་མེད་པ་མཐའ་དག་ལ་ཡིན་ལ། ལྷན་ཅིག་ཏུ་མི་གནས་པའི་འགལ་བ་ནི་དངོས་པོ་ཉིད་འབའ་ཞིག་ལ་ཡིན་ནོ།  །ཞེས་གསུངས་པ་ལྟར་རོ། །གལ་ཏེ་སྔོ་སེར་མི་འགལ་ན་བྱས་པ་དང་རྟག་པ་འགལ་བའི་རྒྱུ་མཚན་ཅི་ཡིན། དེ་གཉིས་བརྒྱུད་འགལ་ཡིན་པའི་ཕྱིར་ཏེ། རྟག་མི་རྟག་དངོས་འགལ་ཡིན་ལ།  བྱས་པ་མི་རྟག་པའི་ཁྱབ་བྱ་ཡིན་པས་ན་རྟག་པ་དང་འགལ་ལོ་སྙམ་ན། འོ་ན་ནི། སྔོན་པོ་དང་སྔོ་མིན་དངོས་འགལ་ཡིན་ལ། སེར་པོ་སྔོ་མིན་གྱི་ཁྱབ་བྱ་ཡིན་པའི་ཕྱིར་འགལ་བ་མ་ཡིན་ནམ་ཞེ་ན།  མ་ཡིན་ཏེ་དེ་ལྟ་ན་སེར་པོ་ཆོས་ཅན། དམར་པོའི་ཁྱབ་བྱ་ཡིན་པར་ཐལ། དམར་པོ་དེ་སྔོ་མིན་ཡིན་པའི་ཕྱིར། ལན་དངོས་ནི་སྔོ་མིན་ཞེས་པ་སྔོན་པོ་རྣམ་པར་བཅད་པའི་ལྡོག་པ་ཙམ་ལ་གོ་དགོས་ཀྱི་སེར་པོ་སོགས་ལ་གོ་རྒྱུ་མ་ཡིན་པར་གོང་དུ་བཤད་པ་ལྟར་ཡིན་ནོ། །མཚན་མཚོན་གྱི་སྐབས། མཚན་མཚོན་གྱི་རྣམ་བཞག་སྐབས་སུ། བ་ལང་གི་མཚན་ཉིད་དུ་ནོག་ལྐོག་ཤལ་དང་ལྡན་པ་འགོད་ལ། དེའི་མཚན་ཉིད་ཀྱི་མཚན་ཉིད་དུ་བ་ལང་གི་དངོས་འགལ་གཅོད་པའི་དོན་ལྡོག་ཏུ་གྲུབ་པ་འགོད་ན། དངོས་འགལ་གཅོད་པའི་དོན་ལྡོག་ཏུ་གྲུབ་པའི་མཚན་ཉིད་ཡོད་དམ་མེད།  ཡོད་ན་དེ་ལའང་མཚན་ཉིད་གཞན་དགོས་པས་མཚན་ཉིད་ཐུག་མེད་དུ་འགྱུར་ལ། མེད་ན་དེ་ཤེས་བྱ་མ་ཡིན་པར་འགྱུར་ཏེ། ཤེས་བྱ་ཀུན་ལ་ཆོས་གསུམ་གྱིས། །ཁྱབ་ཕྱིར་ཞེས་གསུངས་པའི་ཕྱིར་རོ་ཞེ་ན། དེ་ལ་མཚན་ཉིད་ལོགས་སུ་མེད་པས་ཐུག་མེད་དུ་ཐལ་བའི་སྐྱོན་མེད་ལ། ཤེས་བྱ་མ་ཡིན་པར་ཡང་མི་འགྱུར་ཏེ། དངོས་འགལ་གཅོད་པའི་དོན་ལྡོག་ཏུ་གྲུབ་པ་ཞེས་བྱ་བ་དེ་གང་ཡིན་ན། ནོག་ལྐོག་ཤལ་ཉིད་ཡིན་གྱི་དེ་ལས་གཞན་དུ་ཅི་ཡང་མེད་ལ། ནོག་ལྐོག་ཤལ་ནི་ཤེས་བྱ་མ་ཡིན་པར་མི་འགྱུར་ཏེ། མཚན་མཚོན་གཞི་གསུམ་ཚང་བའི་རང་བཞིན་ཅན་གྱི་ཤེས་བྱ་ཡིན་པའི་ཕྱིར་རོ། །དེས་ན་མཚན་ཉིད་ཐུག་མེད་དེ་འདྲ་ནི། བློས་བཏགས་པ་ཙམ་ཡིན་ཏེ། རི་བོང་གི་རྭ་དང་། རྭའི་གཉེར་མ། གཉེར་མའི་རིང་ཐུང་ཞེས་བགྲངས་པ་དང་འདྲའོ། །དེ་བཞིན་དུ་ཀ་བ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། ཞེས་སྨྲས་པ་ལ། བྱས་པ་དེར་མི་རྟག་པ་ཡོད་དམ་མེད། མེད་ན་དེ་རྟག་པར་འགྱུར་ལ། ཡོད་ན་དེ་ལའང་མི་རྟག་པ་གཉིས་པ་ཡོད་དམ་མེད་ཅེས་སོགས་བསྐལ་བར་བགྲངས་ཀྱང་ཐུག་པ་མེད་པ་བཞིན་ནོ།  །དེས་ན་འདི་འདྲའི་རིགས་རྣམས་ཀུན་དོན་གྱི་གནས་ཚུལ་དང་བློས་བཏགས་ཚུལ་ཤན་མ་ཕྱེས་པ་ཡིན་ཏེ། དཔེར་ན་རྡུལ་ཕྲན་ཐུག་མེད་དུ་འདོད་པ་བཞིན་ནོ། །རྟོག་གེའི་སྐབས་སུ་འདི་ལེགས་པར་ཤེས་པ་ནི་གལ་ཆེའོ། །ཡིད་མངོན་གྱི་སྐབས། དབང་མངོན་ལ་རྒྱུན་ཡོད་ལ་ཡིད་མངོན་ལ་རྒྱུན་མེད་ཅེས་པའི་དོན་ནི།  དབང་མངོན་སྐད་ཅིག་སྔ་མ་སྔ་མའི་རྗེས་སུ་ཕྱི་མ་ཕྱི་མ་འབྱུང་བའི་རིགས་མཐུན་གྱི་རྒྱུན་ཡོད་པ་བཞིན་དུ། ཡིད་མངོན་ལ་ཡང་ཡོད་པས་དེ་ཙམ་གྱི་ཆ་ནས་རྒྱུན་ཡོད་མེད་མི་གཞག་གོ །འོ་ན་གང་ཡིན་ཞེ་ན།  དབང་མངོན་ལ་ནི་རང་ལས་ལོགས་སུ་རང་གི་དབང་པོའི་རྫས་རྒྱུན་ཡོད་དེ།  མིག་ཤེས་ལས་ལོགས་སུ་མིག་དབང་ཡོད་པ་ལྟ་བུའོ། །ཡིད་མངོན་ལ་ནི་དེ་འདྲ་མེད་དེ། དེའི་དེ་མ་ཐག་རྐྱེན་དང་བདག་རྐྱེན་དབང་པོ་གཉིས་ཀ་རྫས་རྒྱུན་གཅིག་ལས་མེད་ལ།  གཅིག་པོ་དེའང་དབང་མངོན་ཉིད་ཡིན་པའི་ཕྱིར་རོ། །ཞིབ་པར་གོ་བོ་རབ་འབྱམས་པའི་སྡེ་བདུན་རབ་གསལ་ལས་གསུངས་པ་ལྟར་ལ། དེ་ཉིད་ཀུན་མཁྱེན་མི་ཕམ་པའང་བཞེད་དེ། ལེགས་བཤད་སྣང་གཏེར་ལས། རྣམ་ཤེས་སྔ་མ་འགགས་མ་ཐག་པ་ལས་ཡིད་དབང་རང་ལ་དེ་འདྲའི་རྟེན་ལོགས་སུ་མེད་པས་ན། ཞེས་གསུངས་པའི་ཕྱིར་རོ། །གཞན་ཡང་དབང་མངོན་ནི་རང་གི་རིགས་འདྲ་སྐད་ཅིག་སྔ་མ་ལས་ཕྱི་མ་སྐྱེ་ལ། ཡིད་མངོན་ནི་སྐད་ཅིག་རེ་རེ་བཞིན་དུ་དབང་མངོན་ལས་སྐྱེས་པ་རང་གི་རིགས་འདྲ་སྔ་མ་ལས་ཕྱི་མ་མི་སྐྱེ་སྟེ། དཔེར་ན། སྒྲ་སྐད་ཅིག་རེ་རེ་བཞིན་དུ་མགྲིན་པའམ་དྲིལ་བུ་སོགས་ལས་སྐྱེ་ཡི་རང་གི་རིགས་འདྲ་སྐད་ཅིག་སྔ་མ་ལས་མི་སྐྱེ་བས་རྒྱུན་མེད་ཅེས་མངོན་པ་ལས་གསུངས་པ་དང་ཡང་འདྲའོ། །ཡུལ་ངེས་ཚུལ་ནི། ཀུན་མཁྱེན་མི་ཕམ་པས་ནི། དོན་ལ་ཡིད་མངོན་གྱིས་ཡུལ་ངེས་པར་བྱེད་པ་ཡིན་ཡང་རང་སྟོབས་ཀྱིས་མ་ཡིན་ཏེ། དབང་ཤེས་ལ་བརྟེན་དགོས་པའི་ཕྱིར། དེས་ན་དབང་ཤེས་ཀྱིས་ཡུལ་ངེས་ཞེས་པའི་ཐ་སྙད་འདོགས་དགོས་པར་བཞེད།  སྟ་རེས་ཤིང་བཅད་པ་ཡིན་ཡང་དེས་རང་སྟོབས་ཀྱིས་མ་ཡིན་ཏེ། སྐྱེས་བུ་ལ་བརྟེན་དགོས་པའི་ཕྱིར།  དེས་ན་སྐྱེས་བུ་ཤིང་བཅད་ཅེས་པའི་མིང་འདོགས་དགོས་པ་བཞིན་ཞེས་བཞེད་དོ། །མི་ཕམ་རྒྱ་མཚོའི་ལུགས་ལ་དབང་མངོན་ལྔའི་རྗེས་སུ་སྐྱེས་པའི་ཡིད་མངོན་ལྔ་ག་རྣམ་པ་ལྔ་ཡིན་ཡང་།  རྫས་ནི་གཅིག་ཡིན་དགོས་ཏེ། གཞན་དུ་ན། གཟུགས་སྒྲ་སོགས་དུས་མཉམ་དུ་མྱོང་བར་ཡིད་མངོན་གྱིས་ཤེས་ལ་དབང་མངོན་གྱིས་མི་ཤེས་པའི་རྒྱུ་མཚན་ཅི་ཡང་མེད་པའི་ཕྱིར་རོ། །གཟུགས་སྒྲ་སོགས་ཤེས་པའི་མངོན་སུམ་རྣམས་ཐ་དད་ཡིན་པས་རྫས་གཅིག་ཏུ་མི་རུང་ངོ་སྙམ་ན། སྐྱོན་མེད་དེ། དཔེར་ན། རྣམ་འགྲེལ་གྱི་དགོངས་པ་མཐར་ཐུག་གཟུང་འཛིན་གྲངས་མཉམ་པའི་ལུགས་ལ་རས་ཁྲ་བོ་མཐོང་བའི་ཚེ་ན། དཀར་པོ་མཐོང་བ་དང་དམར་པོ་མཐོང་བ་སོགས་ཀྱི་འཛིན་རྣམ་དག་ནང་ཕན་ཚུན་ཐ་དད་ཡིན་ཡང་། ཐ་དད་པ་དེ་དག་རྫས་གཅིག་ཡིན་པར་རྣམ་འགྲེལ་ལས་གསུངས་པ་དང་། རིགས་པས་ཀྱང་གྲུབ་སྟེ། གཞན་དུ་ན། གང་ཟག་ཐ་དད་པའི་མིག་ཤེས་བཞིན་དཀར་པོ་དང་དམར་པོ་སོ་སོར་མཐོང་བ་ཙམ་དུ་འགྱུར་གྱི། ཁྲ་བོ་མཐོང་བར་མི་འགྱུར་རོ། །དེ་ལྟར་གཟུགས་འཛིན་ཡིད་མངོན་དང་སྒྲ་འཛིན་ཡིད་མངོན་སོགས་རྣམ་པ་ཐ་དད་པ་ཡིན་ཡང་རྫས་གཅིག་ཚུལ་འདི། འཇམ་དབྱངས་བློ་གཏེར་དབང་པོའི་མཆན་འགྲེལ་ན་ཤེལ་རྡོའི་དཔེ་ཞིག་གསུངས་སྣང་བ་དེ་ལྟར་དུ་ཤེས་དགོས།  རྣམ་ཤེས་ཚོགས་དྲུག་ལས་མི་འདོད་པ་རྣམས་ཀྱི་ལུགས་ལ་དབང་ཤེས་ལྔ་ལས་གཞན་པའི་རྣམ་ཤེས་ཐམས་ཅད་ཡིད་ཤེས་ཡིན་དགོས་ཏེ། རང་རིག་ནི་ཤེས་པ་ཐམས་ཅད་ཀྱི་གསལ་རིག་གི་ཆ་ཙམ་ལས་གཞན་དུ་མ་གྲུབ་པར་འདོད་པའི་ཕྱིར་རོ། །མངོན་སུམ་འགྲོས་གཉིས་པ་སྐྱེ་ཚུལ་གྱི་རེའུ་མིག་བཞུགས་སོ། །
ཡུལ ༢ ༣ ༤ ༥ ༦ ༧ ༨ ༩ ༡༠ ༡༡ ༡༢ ༡༣
དབང་པོ།༡༢ ༣ ༤ ༥ ༦ ༧ ༨ ༩ ༡༠ ༡༡ ༡༢ ༡༣
ཡིད་བྱེད། ༡ ༢ ༣ ༤ ༥ ༦ ༧ ༨ ༩ ༡༠ ༡༡ ༡༢
དབང་ཤེས། ༡ ༣ ༤ ༥ ༦ ༧ ༨ ༩ ༡༠ ༡༡ ༡༢
ཡིད་མངོན། ༡ ༢ ༣ ༤ ༥ ༦ ༧ ༨ ༩ ༡༠ ༡༡ ༡༢

ཡུལ། ༡ ༢ ༣ ༤ ༥ ༦ ༧ ༨ ༩ ༡༠ ༡༡ ༡༢
དབང་པོ། ༡ ༢ ༣ ༤ ༥ ༦ ༧ ༨ ༩ ༡༠ ༡༡ ༡༢
ཡིད་བྱེད། ༡ ༢ ༣ ༤ ༥ ༦ ༧ ༨ ༩ ༡༠ ༡༡ ༡༢
དབང་ཤེས། ༡ ༢ ༣ ༤ ༥ ༦ ༧ ༨ ༩ ༡༠ ༡༡ ༡༢
ཡིད་མངོན། ༡ ༢ ༣ ༤ ༥ ༦ ༧ ༨ ༩ ༡༠ ༡༡
     སྐད་ཅིག་དང་པོའི་ཡུལ་དང་དབང་པོ་ཡིད་ལ་བྱེད་པ་གསུམ་པོ་ཚོགས་པ་ལས་དབང་ཤེས་སྐད་ཅིག་དང་པོ་སྐྱེས་ཤིང་། དབང་ཤེས་དེ་ཉིད་ཀྱིས་ཡིད་མངོན་གྱིི་བདག་རྐྱེན་དང་དེ་མ་ཐག་རྐྱེན་གཉིས་ཀ་བྱེད་པ་ཡིན་པས་དེ་དང་ཡུལ་གྱི་སྐད་ཅིག་གཉིས་པས་ཡིད་མངོན་སྐད་ཅིག་དང་པོ་སྐྱེད་དོ།  །དེས་ན་ཡིད་མངོན་སྐད་ཅིག་དང་པོ་དེ་ཉིད་ཡུལ་གྱི་སྐད་ཅིག་མ་གསུམ་པ་དང་དུས་མཉམ་པ་ཡིན་ནོ། །དེ་ནས་བཟུང་རང་རིག་མངོན་སུམ་ལོགས་སུ་བགྲངས་ན་མངོན་སུམ་འགྲོས་གསུམ་པ་དང་མ་བགྲངས་ན་འགྲོས་གཉིས་པའོ།  །མཇུག་རྫོགས་པ་ན་དབང་པོ་ཉམས་པ་ཡིན་ན་ཡིད་མངོན་གཅིག་དབང་མངོན་གྱི་རྗེས་སུ་སྐྱེ་སྟེ། དབང་ཤེས་སྐྱེས་ཟིན་པའི་འོག་ཏུ་དབང་པོ་མེད་ཀྱང་དབང་ཤེས་དེ་ཉིད་དང་དེ་དང་དུས་མཉམ་པའི་ཡུལ་གྱིས་ཡིད་མངོན་ཐ་མ་དེ་སྐྱེད་པའི་ཕྱིར་རོ། །གལ་ཏེ་ཡུལ་ཉམས་པ་ཡིན་ན་ནི་རྗེས་སུ་སྐྱེ་བར་མི་འགྱུར་ཏེ་དབང་མངོན་སྐད་ཅིག་ཐ་མའི་དུས་སུ་ཡིད་མངོན་གྱི་བདག་རྐྱེན་དང་དེ་མ་ཐག་རྐྱེན་ཚང་ནའང་དམིགས་རྐྱེན་མ་ཚང་བའི་ཕྱིར་སྙམ་དུ་སེམས་སོ། །དེས་ན་རེའུ་མིག་སྔ་ཕྱི་གཉིས་ལས་སྔ་མ་ནི་བདག་རྐྱེན་དབང་པོའི་བྱེད་པ་མ་ཚང་བའི་དབང་གིས་ཡིད་མངོན་མུ་མཐུད་དུ་མ་སྐྱེས་པ་དང་། ཕྱི་མ་ནི་དམིགས་རྐྱེན་ཡུལ་མ་ཚང་བའི་དབང་གིས་ཡིད་མངོན་མཇུག་རྫོགས་པའི་དབང་དུ་བྱས་པ་ཡིན་ནོ། །ཞེས་པའང་ཚུལ་ཁྲིམས་བློ་གྲོས་ཀྱིས་བྲིས་པ་དགེ་ལེགས་སུ་གྱུར་ཅིག། །།

                                                 རྩོམ་ཁུངས།  མཚོ་སྔོན་པོ་དྲ་བ།