ནང་བསྟན་གྱི་དཔལ་འབྱོར་རིག་པའི་ཁུངས།
རྒྱ་གྲོལ།
འབྱུང་ཁུངས། སྤེལ་མཁན། སྤེལ་དུས།2016-11-16

     ནང་བསྟན་དཔལ་འབྱོར་རིག་པའི་གོ་དོན། ལ་ལས་དཔལ་འབྱོར་རིག་པ་ཟེར་དུས་ཚོང་རྒྱག་སྤྱད་དང་སྒོར་མོ་འཚོལ་བྱེད་ཀྱི་རིག་པ་ཞིག་ཏུ་ངོས་འཛིན་པ་ནི་ནང་བསྟན་གྱི་དཔལ་འབྱོར་རིག་པ་དང་ལྷག་པར་དཔལ་འབྱོར་རིག་པ་ཞེས་པའི་མིང་ཙམ་ལ་ཡང་གོ་བ་མ་ཆགས་པའི་སྐད་ཆ་ཞིག་རེད། དཔལ་འབྱོར་རིག་པ་ཞེས་པའི་ཐ་སྙད་ཙམ་ལ་ཡང་གོ་བ་མ་ལོན་ན་ནང་བསྟན་དཔལ་འབྱོར་རིག་པ་དཔྱད་བརྗོད་སྤེལ་བའི་གཞི་མེད་པར་གྱུར་པ་ཡིན་པས་བརྒྱ་བཤད་སྟོང་བཤད་མཐའ་དག་ཚིག་སྟོང་དུ་འགྱུར་འགྲོ། དེང་རབས་དཔལ་འབྱོར་རིག་པའི་འགྲེལ་སྟངས་ལྟར་ན། དཔལ་འབྱོར་རིག་པ་ཞེས་པ་ནི་དངོས་པའི་རྒྱུ་ཆར་ཞིབ་འཇུག་དང་། ཐོན་སྐྱེད་ཀྱི་ཁྲོད་དུ་དཔལ་འབྱོར་གྱི་འབྲེལ་བ་དང་། སྒྲུབ་སྟངས། བེད་སྤྱད་སོགས་ལ་ཞིབ་འཇུག་བྱེད་པའི་རིག་ཚན་གྱི་མིང་ཡིན་ལ་ཁོ་བོས་ནང་བསྟན་དཔལ་འབྱོར་རིག་པ་ལས་ཀྱང་ངས་འདི་ནས་སྟབས་བདེ་བའི་ངང་ནས་བཤད་ན་དཔལ་འབྱོར་རིག་པ་ནི་དཔལ་འབྱོར་སྒྲུབ་སྟངས་དང་དཔལ་འབྱོར་སྤྱོད་སྟངས། དཔལ་འབྱོར་དང་མིའི་བར་གྱི་འབྲེལ་བ་ཇི་ལྟར་ཐག་གཅོད་པའི་གཞུང་ལུགས་ཤིག་རེད་ཅེས་གསལ་བོར་བཤད་ཡོད། དེ་བས་ནང་བསྟན་དཔལ་འབྱོར་རིག་པའི་གོ་དོན་ནི་མཁས་དབང་ཕེ་ཡུ་ཐོ་ཡིས། ནང་བསྟན་རྨང་གཞི་བྱས་པའི་ནང་བསྟན་དཔལ་འབྱོར་རིག་པ་ལ་ནང་བསྟན་དཔལ་འབྱོར་རིག་པ་ཟེར་བས། རང་སྐྱ་ཐུབ་པའི་རིག་ཚན་ཞིག་མ་ཡིན་པར་གཞན་དང་འབྲེལ་ཡོད་པའི་རིག་ཚན་ཞིག་ཡིན་ལ། འདིས་སྤྱི་ཚོགས་དང་མི་སྒེར། ཁོར་ཡུག་བཅས་ཕུན་ཚུན་བརྟེན་ནས་འཚོ་བའི་དམིགས་ཡུལ་ལ་དགེ་མཚན་ཆེན་པོ་གདོན་ཐུབ་ཅེས་གསུངས་པ་ལྟར་ཡིན། ད་དུང་གསལ་བོར་བཤད་དགོས་པ་ཞིག་ནི་ངས་བཤད་པའི་ནང་བསྟན་དཔལ་འབྱོར་རིག་པ་ནི་ནང་བསྟན་དཔལ་འབྱོར་རིག་པའི་ཐོག་མའི་ལྒིང་བྱ་ཡིན་པས་དེ་ལས་བཤད་པ་དག་སྟོན་པ་སངས་རྒྱས་ཀྱིས་དངོས་སུ་གསུངས་པ་འབའ་ཞིག་ཡིན། 
     གཞན་ཡང་བདག་གི་སྟོན་པའི་གསུང་དུ་རང་སྐྱ་ཐུབ་པའི་དཔལ་འབྱོར་རིག་པ་མེད་ཅེས་ཀྱང་སྨྲ་མི་ནུས་ཏེ། 《འཇམ་དཔལ་རྩ་རྒྱུད》ལས། དེ་བཞིན་ནོར་ལྷ་ནོར་སྒྲུབ་བྱེད། །རྩིས་དང་བརྡ་སྤྲོད་བསྟན་བཅོས་དང་། །གོས་ཀྱི་རིག་པའི་ཆོ་ག་དང་། །ནད་རིགས་གསོ་བའི་རིག་པ་དང་། །དེ་ཉིད་ཐམས་ཅད་ཕན་དང་བདེ། །གཏན་ཚིགས་ལུགས་ཀྱི་བསྟན་བཅོས་དང་། །གཞན་ཡང་སྒྲ་ཡི་བསྟན་བཅོས་དང་། །སྡེབ་སྦྱོར་རིག་བྱེད་དྲི་ཟའི་གླུ། །སྤོས་སྦྱོར་དག་ཀྱང་བསྟན་པ་ཡིན། །ཞེས་ནོར་ལྷ་དང་ནོར་སྒྲུབ་བྱེད་ཀྱི་བསྟན་བཅོས་གསུངས་པ་བཅོམ་ལྡན་འདས་ཉིད་ཀྱིས་ཞལ་གྱིས་བཞེས་པ་དང་། དེར་མ་ཟད། གོས་ཀྱི་རིག་པ་དང་། རྩིས་ཀྱི་རིག་པ། སྒྲའི་རིག་པ། གསོ་བ་རིག་པ། སྤོས་སྦྱོར་གྱི་རིག་པ་སོགས་གསུངས་པ་ཡང་ཞལ་གྱིས་བཞེས། དེ་ལས་གོས་ཀྱི་རིག་པ་དང་། སྤོས་སྦྱོར་གྱི་རིག་པ་དག་དཔལ་འབྱོར་རིག་པའི་ཁོངས་སུ་གཏོགས་པ་ཡིན། དེ་ཡང་བདག་ཅག་སྟོན་པས་གང་གསུངས་ཐམས་ཅད་ཞི་བ་ལ་གཞོལ་བའི་ཆེད་དུ་ཡིན་ན་ཡང་། གནས་སྐབས་ཀྱི་དབང་དུ་བྱས་ནས་གནས་སྐབས་བདེ་ཐབས་ཀྱི་བསྟན་བཅོས་ཀྱང་མང་དུ་གསུངས་པ་ཡིན་ཏེ།《འཇམ་དཔལ་རྩ་རྒྱུད》ལ། བདག་གིས་བྱང་ཆུབ་སེམས་ཀྱིས་ནི། །སེམས་ཅན་དོན་ཕྱིར་བཤད་པ་ཡིན། །ཇི་ལྟར་གདུལ་བྱའི་སེམས་ཅན་ལ། །དེ་ལྟར་བདག་གིས་དེ་བཞིན་བྱས། །ཇི་ལྟ་ཇི་ལྟར་སེམས་ཅན་ལ། །དེ་ལྟར་བདག་གིས་དེ་བཞིན་བྱས། ཇི་ལྟ་ཇི་ལྟར་སེམས་ཅན་རྣམས། །ཕན་པའི་ལས་ནི་ལེན་པ་དང་། །ཕན་དོན་ལས་ཀྱི་དགེ་བའི་གཞི། །དེ་ལྟར་དེ་ལྟར་དེ་བཞིན་བྱས། །ཞེས་པ་ནས། སྣ་ཚོགས་དོན་གྱི་བསྟན་བཅོས་བསྟན། །ཞེས་བདག་ཅག་གི་སྟོན་པས་གསལ་བོར་ཞིབ་ཆ་དང་བཅས་གསུངས་པའི་ཕྱིར་རོ། །
     ནང་བསྟན་དཔལ་འབྱོར་རིག་པ་ཞེས་པའི་ཐ་སྙད་འདི་རང་ཅག་གི་གཞུང་དུ་མ་གྲགས་པས་མང་བོ་ཞིག་ཧ་ལས་པ་ལ་ཁག་མེད་དེ། ནང་བསྟན་མཚན་ཉིད་རིག་པ་ཞེས་པ་ཡང་དེང་འདིར་གྲགས་པ་ཞིག་ཡིན་པས་ན་ནང་བསྟན་མཚན་ཉིད་རིག་པ་བདག་གི་སྟོན་པའི་གསུང་མིན་པར་མི་འགྱུར་བ་དང་། ནང་བསྟན་གསོ་བ་རིག་པ་དང་། ནང་བསྟན་སྒྲ་རིག་པ། ནང་བསྟན་སེམས་ཁམས་རིག་པ་སོགས་ཀྱི་ཐ་སྙད་ཀྱང་རང་ཅག་གི་གཞུང་དུ་མ་བྱུང་བས་ན་དེ་དག་ཀྱང་ནང་བའི་བསྟན་པ་མ་ཡིན་པར་གཏན་ནས་མི་འགྱུར་བ་བཞིན་ནོ། །ལྷག་པར་དཔལ་འབྱོར་རིག་པ་ཞེས་པའི་རིག་པ་འདི་ནི་རང་རེར་གཏན་ནས་མེད་པ་ཞིག་མིན་ན་ཡང་མང་བོ་ཞིག་གིས་ད་དུང་གོ་བ་ལོན་ཀྱིན་མི་འདུག་མོད་རང་རེའི་རིག་གནས་སུ་འབྱུང་བཞིན་པའི་བསྟན་བཅོས་དང་རྣམ་གཞག་གི་གོ་དོན་ལས་མེད་དེ། རིག་པ་ཞེས་པའི་ཐ་སྙད་འདིར《བོད་རྒྱ་ཚིག་མཛོད་ཆེན་མོ》ལས་བསླབ་པར་བྱ་བའི་གཞི་ཞེས་འགྲེལ་པ་དེ་འདྲ་གནད་ལ་བབས་མེད་མོད《དག་ཡིག་གསར་བསྒྲིགས》ལས། ཤེས་པར་བྱ་བའི་དོན་སྟོན་པའི་བསྟན་བཅོས་སོགས་ཀྱི་མིང་སྟེ་ཞེས་འགྲེལ་བ་ནི་ཤིན་ཏུ་ལེགས་སོ། །དཔེར་ན་ཁ་དོག་གི་རྣམ་གཞག་ལ་ཁ་དོག་རིག་པ་དང་། གཏན་ཚིགས་ཀྱི་རྣམ་གཞག་ལ་གཏན་ཚིགས་རིག་པ། རྒྱལ་བོའི་ལུགས་ཀྱི་བསྟན་བཅོས་ལ་སྲིད་དོན་གྱི་རིག་པ། མི་ཆོས་རིག་པའི་བསྟན་བཅོས་ལ་མི་ཆོས་ཀྱི་རིག་པ་ཟེར་བ་ལས། རིག་པ་ཞེས་པའི་ཐ་སྙད་འདི་སྦྱར་ན་རང་རེ་ལ་གཏན་ནས་མེད་དགོས་པ་ཞིག་ག་ལ་ཡིན། 
དེ་བཞིན་ནང་བསྟན་དཔལ་འབྱོར་རིག་པ་ཡོད་པས་ནང་བསྟན་དཔལ་འབྱོར་རིག་པ་ཡིན་མི་དགོས་ཏེ། ནང་བསྟན་མཚན་ཉིད་རིག་པ་ཡོད་པས་ནང་བསྟན་མཚན་ཉིད་རིག་པ་ཡིན་མི་དགོས་པ་དང་། ནང་བསྟན་སྒྲ་རིག་པ་ཡོད་པས་ནང་བསྟན་སྒྲ་རིག་པ་ཡིན་ག་ལ་དགོས། དེ་བཞིན་ནང་བསྟན་བཟོ་རིག་པ་ཡོད་པས་ནང་བསྟན་བཟོ་རིག་པ་དང་། ནང་བསྟན་སྒྱུ་རྩལ་རིག་པ་ཡོད་པས་ནང་བསྟན་སྒྱུ་རྩལ་རིག་པ་ཡིན་ག་ལ་དགོས། དགོས་ཟེར་ན། ནང་བསྟན་རིག་གནས་ལྔ་བོ་ཡིན་དགོས་པར་འགྱུར་ཏེ། འདུལ་སྡོམ་ལས། སྡེ་སྣོད་གསུམ་དུ་གྱུར་པའི་ལྔ་གསུངས་ཕྱིར། །ཞེས་སྡེ་སྣོད་གསུམ་དུ་གྱུར་པའི་རིག་གནས་ཆེ་བ་ལྔ་ག་ཡོད་པར་གསུངས་པའི་ཕྱིར་རོ། །དེས་ན་ནང་བསྟན་དཔལ་འབྱོར་རིག་པ་ཡོད་པས་ནང་བསྟན་སྒོར་མོ་འཚོལ་བྱེད་ཅིག་ཏུ་ངོས་འཛིན་པ་ནི་མི་ལ་མ་ནིང་ཡོད་པས་མི་ཐམས་ཅད་མ་ནིང་དང་། མི་ལ་རྐུ་མ་ཡོད་པས་མི་ཐམས་ཅད་རྐུ་མར་ཁས་བླངས་པ་དང་འདྲ་བས་བྱིས་པ་བསམ་མེད་ཀྱི་རིགས་པ་ཡིན་ལ་བློ་ལྡན་ཁྲོད་དུ་དེ་ལས་ལྷག་པའི་ངོ་ཚ་ཞིག་ག་ལ་ཡོད། 
     ལྷག་པར་བདག་གིས་བཤད་པ་དག་ནི་སྟོན་པའི་གསུང་གཞིར་བཞག་ནས་བཤད་པས་ན་ནང་བསྟན་གྱི་དཔལ་འབྱོར་རིག་པ་ནི་སྟོན་པ་སངས་རྒྱས་ཀྱིས་དངོས་སུ་གསུངས་པ་ཡིན་ཏེ་སྟོན་པས་དངོས་སུ་གསུངས་ན་རྡོག་རྡོག་གཅིག་ཏུ་གསུངས་མི་དགོས་ཏེ་མངོན་པའི་སྡེ་སྣོད་ཀྱང་ལུང་སོ་སོར་སིལ་བུར་གསུངས་ནས་རྗེས་སུ་མཁས་པ་དག་གིས་གཅིག་ཏུ་བསྡུས་ནས་མངོན་པ་སྡེ་བདུན་དང་། བྱེ་བྲག་བཤད་མཚོ་ཆེན་མོ་བྱུང་བ་དང་། མདོ་ལས་ཚད་མའི་སྐོར་ཐོར་བུར་གསུངས་པས་ནང་བསྟན་ཚད་མ་རིག་པའི་ཁུངས་སངས་རྒྱས་ལ་གཏུགས་པ་བཞིན་ནོ། །
     ཡང་ལ་ལས་ནང་བསྟན་གྱི་མཐར་ཐུག་གི་དམིགས་ཡུལ་ནི་ཐར་བ་དང་ཐམས་ཅད་མཁྱེན་པ་འཐོབ་རྒྱུ་དེ་ཡིན་ལ། དཔལ་འབྱོར་རིག་པའི་དམིགས་ཡུལ་ནི་འཁོར་བའི་ཕུན་ཚོགས་ཡིན་པས་དེ་གཉིས་ཅིའི་ཕྱིར་འགལ་བ་མིན་ནམ་ཟེར། མདོར་ན་ནང་བསྟན་དཔལ་འབྱོར་རིག་པ་ལ་མི་དགའ་བ་དག་གི་ལྟ་བ་ནི་མཐར་ཐུག་ན་འདི་ཉིད་དུ་ཟད། འོན་ཀྱང་། གནས་སྐབས་དང་མ་འབྲེལ་བའི་མཐར་ཐུག་ཅིག་གཏན་ནས་མེད་ལ། མཐར་ཐུག་དང་མ་འབྲེལ་བའི་གནས་སྐབས་ཤིག་ཀྱང་གཏན་ནས་མེད། དེ་ཤེས་ན་ནང་བསྟན་དཔལ་འབྱོར་རིག་པ་དང་ནང་བསྟན་གྱི་མཐར་ཐུག་གི་དམིགས་ཡུལ་གཉིས་ཀྱི་བར་གྱི་འབྲེལ་བ་ཡང་བདེ་བླག་ཏུ་ངེས་ཐུབ། ནང་བསྟན་གྱི་དཔལ་འབྱོར་རིག་པ་ནི་ནང་བསྟན་གྱི་མི་ཆོས་དཀར་བོ་དང་འབྲེལ་བའི་གཞུང་ལུགས་ཤིག་ཡིན་ལ། མི་ཆོས་དེ་ནི་དམ་པ་ལྷ་ཆོས་སྒྲུབ་པའི་མཐུན་རྐྱེན་ཞིག་ལས་མི་ཆོས་ནག་པོ་ལྟར་ངན་སོང་གི་སྒོ་མོ་འབྱེད་པ་ཞིག་མིན། སྐྱེས་བོ་ཕལ་བ་གཞིར་བཞག་ནས་བཤད་ན་ནང་བསྟན་དཔལ་འབྱོར་རིག་པ་ནི་ མཐར་ཐུག་དེའི་སྒྲུབ་པའི་མཐུན་རྐྱེན་སྒྲུབ་པའི་གཞུང་ཞུགས་ཤིག་ཡིན་ལ། བྱང་ཆུབ་སེམས་དཔའི་དབང་དུ་བྱས་ནས་བཤད་ན་ཁོས་མཐར་ཐུག་གི་དམིགས་ཡུལ་ནི་རང་ཉིད་འཁོར་བའི་ཕུན་ཚོགས་ལས་གྲོལ་རྒྱུ་དེ་མ་ཡིན་པར་གཞན་གྱི་སླད་དུ་གཞན་དོན་སྒྲུབ་པའི་ནུས་པ་ཅན་དུ་བྱ་རྒྱུ་དེ་ཡིན། དེ་བས་ཁོང་ལ་མཚོན་ན་དཔལ་འབྱོར་རིག་པ་ནི་གཞན་དོན་སྒྲུབ་པའི་ཡན་ལག་ཅིག་ཡིན་པ་དེ་རེད། གནས་ལུགས་ཆུང་ཆུང་འདི་ལྟ་བུ་མང་དུ་སྨོས་ཀྱང་ཤོག་བུ་གྲོན་པ་ལས་མ་མཆིས་ལ་འདི་ལྟ་བུ་ཡང་མི་ཤེས་པར་རང་མཐོང་བྱེད་པ་ནི་དངོས་ནས་ཁྲོན་པའི་སྦལ་བ་ཉིད་དོ། །
     སྟོན་པའི་བཀའ་སློབ་དང་དཔལ་འབྱོར་རིག་པ་གཉིས་ཐོག་མར་ཟུང་དུ་སྦྲེལ་ནས་ནང་བསྟན་དཔལ་འབྱོར་རིག་པ་སྨྲ་བ་བོ་ནི་མཁས་པ་ཆེན་པོ་སྐུ་ཞབས་ཧྲི་མ་ཧི(舒马赫)ལགས་ཡིན་ཏེ། ཁོང་གིས་མཛད་པའི《ཆུང་ངུའི་ཡོན་ཏན་ཡོངས་སུ་རྫོགས》ཞེས་པའི་དེབ་དེ་ལས། ནང་བསྟན་དཔལ་འབྱོར་རིག་པ་ཞེས་པའི་ཐ་སྙད་འདིའི་ཐོག་མ་ཡང་དེབ་འདིས་སྤྱད་ཅིང་། འཕགས་ལམ་ཡན་ལག་བརྒྱད་ལས་བརྩམས་ཏེ་བརྗོད་པ་དེས་ནུབ་ཕྱོགས་མཁས་པ་དག་གིས་ནང་བསྟན་གྱི་དཔལ་འབྱོར་རིག་པ་ལ་སྤྲོ་སྣང་ཤིན་ཏུ་རྒྱས་ཏེ། དེ་ནི་བསྟན་བཅོས་དེས་དེང་གི་དཔལ་འབྱོར་གྱི་ཉེན་ཁ་སྣ་ཚོགས་ལྷང་ལ་ཕུད་ནས་སེལ་བར་བྱས་པའི་རྒྱུ་མཚན་གྱིས་ཡིན། ལྷག་པར་ནང་བསྟན་དཔལ་འབྱོར་རིག་པ་འཛམ་གླིང་ལ་རྒྱས་པར་བྱེད་པ་བོ་ནི་ཐེ་ལན་གྱི་ནང་བའི་མཁས་པ་ཆེན་པོ་ཕུ་ཡུ་ཐོ་ལགས་ཤིང་།(venerableprayadh.payuttoj1939)དེ་གཉིས་ཀྱིས་འཛམ་གླིང་ལ་གྲགས་པའི་ནང་བསྟན་དཔལ་འབྱོར་རིག་པ་ཞེས་པའི་གཞུང་དེ་བརྩམས་ཤིང་། སྤྱི་ལོ1992ལོར་དཔར་དུ་བསྐྲུན། 1994ལོར་ཁ་གསབ་བརྒྱབས་པའི་དེབ་དེ་ཐེ་ལན་བན་གོ་ནང་བསྟན་ཐེབས་རྩ་ཚོགས་པས་པར་དུ་བསྐྲུན། དེབ་དེ་དབྱིན་ཇིའི་སྐད་དུ་བསྒྱུར་བས་ནུབ་ཕྱོགས་ཀྱི་རིག་གཞུང་ཁག་ཏུ་གྲགས་པ་རྒྱས། 1994ལོར་ཧྥ་རན་སིའི་ཡི་ནི་སི་ཁུ་ཞི་བདེའི་སློབ་གསོའི་བྱ་དགའ་ཐོབ། བོད་ཀྱི་གྲྭ་བ་དང་སྐྱ་བོ་འགའ་རེ་དེ་དག་ལ་ཆ་རྒྱུས་ཅི་ཡང་མེད་པར་ནང་བསྟན་དཔལ་འབྱོར་རིག་པ་ནི་བདག་གིས་བློ་བཟོ་འབའ་ཞིག་ཏུ་བསམ་པ་ཡང་གོ་ཁའི་བུ་ཆུང་གི་ཚུལ་ལ་བསམ་ན་ནི་ཁག་མེད་དོ། །
     ལྷག་པར་དེའི་ཕྱོགས་ཀྱི་ཕྱག་རྩོམ་དང་དཔེ་དེབ་བརྩམས་པ་ཡང་གང་མང་མཐོང་སྟེ། རྒྱ་ནག་ལ་མཚོན་ན་སློབ་དཔོན་ཞིན་ཡིན་གྱི་ནང་བསྟན་འབྱོར་ཕྱུག་གི་ལྟ་བ། བཙུན་པ་ཅི་ཆིན་གྱི་ནང་བསྟན་འབྱོར་ཕྱུག་གི་ལྟ་བ། བཙུན་པ་ཧྲིན་ཡིན་གྱི་ནང་བསྟན་འབྱོར་ཕྱུག་གི་ལྟ་བ། སྐུ་ཞབས་ཉིན་ཡིན་ཐེ་ཡི་འབྱོར་ཕྱུག་སྲུང་བའི་ཐབས་ལམ། བཙུན་པ་ཅི་ ཆིན་གྱི་ཚོང་ལས་དཔལ་འབྱོར་གྱི་ཁྲོད་ཀྱི་དད་པའི་གནད་དོན། སྐུ་ཞབས་མང་ཅན་ཀྲོང་གི་ནབ་བསྟན་གྱི་བདེ་སྐྱིད་ལྟ་བ། སྐུ་ཞབས་ཧོ་ཀྲུང་ཧོས་རྩོམ་སྒྲིག་བྱས་པའི་ཐེག་པ་ཆེན་པོའི་ཁེ་ལས་དོ་དམ་གྱི་ཉམས་ལེན། སྐུ་ཞབས་ལོ་ལིའི་དགོན་སྡེའི་དཔལ་འབྱོར་རྣམ་བཤད། བཙུན་པ་ཅོ་ཞིན་གྱི་ནང་བསྟན་འབྱོར་ཕྱུག་ལྟ་བ་སོགས་མང་དུ་ཡོད་ལ། ཡིག་རིགས་གཞན་ནས་རྒྱ་ཡིག་ཏུ་འགྱུར་བ་ཡང་། ཨ་རི་བ་དགེ་བཤེས་མ་ཁོ་ལགས་ཀྱིས། གྲྭ་བ་བྱས་རྗེས་རྡོ་རྗེ་ཕ་ལམ་དང་འཕྲད་པ་སོགས་མང་དུ་ཡོད། ལྷག་པར་ཨ་རིའི་ཉུག་ཡོའི་སློབ་གྲྭ་ཆེན་མོའི་སློབ་དཔོན་ཆེན་མོ་ཧོང་ཐེན་ཀྲུང་གིས་སྤྱན་རས་གཟིགས་ཀྱི་རིག་གནས་ཞེས་པའི་རིག་ཚན་དེ་དར་སྤེལ་བཏང་བ་ནས། འཇམ་གཤིས་ཀྱི་དོ་དམ་དང་སྤྱན་རས་གཟིགས་ཀྱི་རིག་གནས་དང་ཁེ་ལས་ལག་ལེན། སྤྱན་རས་གཟིགས་ཀྱི་རིག་གནས་དང་མི་གཤིས་དོ་དམ་ལ་དཔྱད་པ། སྤྱན་རས་གཟིགས་ཀྱི་འགྲོ་བ་སྐྱོབ་པའི་སྙིང་སྟོབས་དང་དེང་རབས་དོ་དམ་ཚོང་གཉེར་གྱི་དོ་དམ་གྱི་ལྟ་བ། བྱམས་སྙིང་སྒོས་དོ་དམ་བྱེད་པའི་དོན་   སྙིང་། སྤྱན་རས་གཟིགས་ཀྱི་ཁེ་ལས་དོ་དམ་ལྒིང་བ་སོགས་ནང་བསྟན་གྱི་དཔལ་འབྱོར་རིག་པའི་དོ་དམ་དང་ཁེ་ལས་ཀྱི་ལག་ལེན་སྐོར་གྱི་གཞུང་ལུགས་དར་སྤེལ་དང་ལག་ལེན་ལ་འདེབས་བཞིན་འདུག དེ་དག་གཞི་རྩའི་ཆ་ནས་བདག་གི་ནང་བསྟན་དཔལ་འབྱོར་ རིག་པ་དང་ལྟ་བ་གཅིག་མཚུངས་ཡིན། 
     དེ་བཞིན་རྒྱ་ནག་གི་མཁས་པའི་ཁྲོད་དུ་ནང་བསྟན་གྱི་རིག་གནས་གཞན་ལ་ཞིབ་འཇུག་བྱེད་མཁན་ཡང་མང་དུ་བྱུང་སྟེ་སློབ་དཔོན་ཁྲིན་ཕིན་ལགས་ཀྱིས་ནང་བསྟན་གྱི་སྒོམ་རིག་པ་དང་། ནང་བསྟན་སེམས་ཁམས་རིག་པ་ལ་ཞིབ་འཇུག་བྱས་ཏེ་ནང་བསྟན་སེམས་ཁམས་རིག་པ་དང་། ནང་བསྟན་མི་ཆོས་རིག་པ། འཇིག་རྟེན་གྱི་བསྟན་པ་སོགས་བརྩམས་ཡོད་ལ་ད་དུང་ནང་བསྟན་གསོ་བ་རིག་པ་ལ་ཡང་ཞིབ་འཇུག་བྱེད་ཀྱིན་འདུག དེ་བཞིན་སྐུ་ཞབས་བེའུ་ཧད་ཀྱིས་ཕུང་བོ་ལྔའི་སེམས་ཁམས་རིག་པ་དང་། སྒོམ་ཆེན་པེ་ཡིན་གྱིས་ནང་བསྟན་མཚན་ཉིད་རིག་པའི་སྤྱི་བཤད་སོགས་བརྩམས་ཡོད།

                                                         རྩོམ་ཁུངས། མཚོ་སྔོན་པོ་དྲ་བ།