བྱིས་པའི་ཉེར་སྤྱོད་དང་འབྲེལ་བའི་སློབ་གསོ།
རླངས་ཚང་བསོད་རྡོར།
འབྱུང་ཁུངས། སྤེལ་མཁན། སྤེལ་དུས།2016-11-08

        བྱིས་པའི་ཉེར་སྤྱོད་ཀྱི་ལས་རིམ་འདི་ནི་མིའི་རིགས་ཀྱི་འཚོ་བའི་རྒྱུད་རིམ་དང་དུས་ཚོད་གལ་ཆེན་ཞིག་ཏུ་འཁེལ་ཡོད་སྟབས། ཚུལ་མཐུན་ཡིན་ལུགས་དང་བཅས་པའི་སེམས་ཁམས་གསར་སྐྲུན་བྱེད་རྒྱུ་ནི་ཧ་ཅང་གལ་ཆེན་ཏུ་གྱུར་ཡོད་པས། བྱིས་པའི་འཚོ་གནས་ཁོར་ཡུག་ནི། ཐོག་མར་རང་གི་མི་རིགས་རིག་གནས་གོམས་གཤིས་ལ་བརྟེན་ནས་འཚར་ལོངས་བྱེད་དགོས་པ་གལ་ཆེ་བ་ལྟར། བྱིས་པའི་སེམས་ཁམས་དང་བསྟུན་པའི་ཁོར་ཡུག་གང་ལེགས་ཤིག་མཁོ་སྤྲོད་དང་གསར་སྐྲུན་བྱེད་རྒྱུ་ནི་དུས་བསྟུན་གྱི་དགོས་མཁོ་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་དང༌། ཟས་བཅུད་འདང་ངེས་སྤྲད་དེ་ཕྲུ་གུའི་ལུས་སྟོབས་འཚར་བསྐྱེད་ལ་ཕན་དགེའི་སྟོབས་ཤུགས་སླེབས་ཐུབ་པར་བྱེད་དགོས་ཁར་དུས་བསྟུན་འཕྲོད་བསྟེན་གང་གཟབ་དང༌། འགོས་ནད་སྔོན་འགོག་སོགས་ཀྱི་སྨན་ཁབ་དུས་ལྟར་རྒྱག་དགོས་པ་སོགས་བྱིས་པ་འཚར་ལོངས་ཐད་ཉེར་མཁོའི་རྒྱུད་རིམ་མ་ཚང་བ་མེད་པར་བྱས་ཏེ་སྐྱེད་སྲིང་བྱེད་དགོས

སྤྱིར་སྔོན་གྱི་དུས་ནས་བོད་ཡུལ་དུ་ཁྱིམ་ཚང་སློབ་གསོ་དར་ཡོད་པ་ནི་དགེ་རྒན་ཁྱིམ་ཚང་དུ་བོས་ཏེ་བུ་ཕྲུག་ལ་སློབ་ཁྲིད་བྱེད་དུ་བཅུག་པའི་ལོ་རྒྱུས་ཡོད་པ་ལྟར། དེ་དུས་ནས་དགེ་རྒན་གྱིས་སློབ་ཕྲུག་དེ་བཙན་གནོན་རང་བཞིན་དང་བཅས་ཏེ་སློབ་སྦྱོང་སྤྲོད་བཞིན་ཡོད་ཅིང༌། ཕ་མ་རྣམས་ཀྱིས་ཀྱང་རང་གི་ཕྲུ་གུར་བཙན་གནོན་རང་བཞིན་གྱིས་སློབ་སྦྱོང་སྤྲོད་པ་དང་འགྲོ་འདུག་སྤྱོད་ལམ་སོགས་སློབ་པར་བྱེད། དོན་དམ་བྱིས་པའི་སྐབས་བཙན་གནོན་འོག་ནས་འཚར་ལོངས་བྱུང་རིགས་ལོ་ན་སོན་སྐབས། སེམས་པར་དངངས་འཚུབ་ཆེ་བ་དང་དོགས་ཟོན་ཆེ་བ། ཁོང་ཁྲོ་ལངས་སླ་བ་སོགས་ཡོང་གི་ཡོད་པ་ནི་སེམས་ཁམས་རིག་པ་སྨྲ་བ་ཚོས་ཐག་གིས་བཅད་ནས་བཤད་ཡོད། ཕྲུ་གུའི་དུས་སྐབས་ནས་བསླབ་བྱ་རྒྱབ་སྟེ་ཡ་རབས་ཀུན་སྤྱོད་རྒྱུད་འཇགས་དང༌། སློབ་སྦྱོང་ལ་དོ་དབྱིངས་སླེབས་ཐུབ་སོགས་བྱེད་ནུས་ཚེ་ཕྲུ་གུའི་སེམས་ཁམས་འཚར་ལོངས་དང་སྤྱོད་ལམ་ཀུན་མཐུན་དུ་འགྱུར་བ་སོགས་ཀྱི་དགེ་མཚན་ཆེན་པོ་ལྡན་པ་ཡིན། གཞན་ཡང་ཕྲུ་གུ་ཆུང་ཆུང་སྐབས་མིག་དཔེ་ལེགས་པོ་སྟོན་ཐུབ་ན་ཕྲུ་གུའི་རྒྱུད་དུ་བག་ཆགས་ལེགས་པོ་འཇོག་ཐུབ་པ་བཞིན། ཕ་མ་གཉིས་ཀྱིས་དོན་མེད་རྙོག་གླེང་གིས་ཁྱིམ་ཚང་སུན་པོ་བཟོས་ཚེ་ཡང་བྱིས་པའི་སེམས་ཁམས་ལ་གནོད་སྐྱོན་ཆེ་བའི་བག་ཆགས་འཇོག་ངེས་ཡིན་པ་མ་ཟད། ལས་བྲེལ་གྱི་དབང་གིས་ཕ་མ་གཉིས་ཀའམ་གང་རུང་གཅིག་རྒྱུན་རིང་བྱིས་པ་དང་བྲལ་ཏེ་བསྡད་ཚེ་ཕྲུ་གུའི་སེམས་ཁམས་དང་ལུས་སྟོབས་འཚར་བསྐྱེད་ལ་གནོད་ཁར། གནས་ཚུལ་འདྲ་མིན་གྱི་དཀའ་རྙོག་ཆེ་ཆུང་ཅི་རིགས་ལ་བཟོད་སྒོམ་བྱེད་མ་ཐུབ་པར་ཕ་མ་གཉིས་བཟའ་ཚང་ཡ་བྲལ་དུ་བཏང་བའི་བྱིས་པ་དེའི་འཚར་བསྐྱེད་དང༌། སློབ་སྦྱོང་སོགས་བྱིས་པར་ངེས་པར་མཁོ་བའི་ཁོར་ཡུག་མ་ཐོབ་པའི་གནོན་ཤུགས་འོག བྱིས་པའི་སྤོབས་སེམས་ཇེ་ཆུང་དུ་གྱུར་ཏེ་བྱིས་པ་གཞན་དག་ལས་ཉམས་ཆུང་དང་བག་འཁུམས་ཀྱི་གནས་སུ་ལྷུང་ངེས་པས་ཕྱིའི་ལུས་སྟོབས་འཚར་བསྐྱེད་དང་ནང་བསམ་བློའི་ཕྱོགས་གཉིས་ངོས་ནས་གྱོང་གུད་གསབ་ཐབས་མེད་པ་ཕོག་ངེས་ཡིན། “དེང་སང་ཕྲུ་གུ་མང་པོ་ཞིག་བདེ་སྐྱིད་མེད་པའི་ཁྱིམ་ཚང་ནང་འཚར་ལོངས་བྱེད་ཀྱི་ཡོད། གལ་ཏེ་དེ་དག་ལ་དྲང་བདེན་གྱི་བྱམས་བརྩེ་ཞིག་མ་ཐོབ་པ་ཡིན་ན། དེ་དག་གིས་རང་གི་མི་ཚེའི་ནང་ཕ་མ་ལ་བྱམས་བརྩེ་སྦྱིན་མི་ཐུབ་ཅིང༌། ཕྱོགས་མཚུངས་གཞན་ལ་ཡང་བྱམས་བརྩེ་སྤྲོད་རྒྱུར་དཀའ་ངལ་འཕྲད་ཀྱི་ཡོད། འདི་ནི་ཤིན་ཏུ་ནས་སེམས་ཕམ་ཆེན་པོའི་གནས་ཚུལ་ཞིག་རེད།” ཅེས་གསུངས་པ་བཞིན་མིའི་རིགས་ཀྱི་སྤྱི་ཚོགས་འདི་ཉིད་ལེགས་ལམ་དུ་འཇོག་དགོས་ཚེ། ཕན་ཚུན་དྲང་འབྲེལ་གྱི་བྱམས་བརྩེ་དང་བཅས་མི་ཚེ་འཁྱོལ་དགོས་པ་ནི་ཤིན་ཏུ་ནས་གལ་ཆེ་བ་ནི་ཀུན་གྱིས་ཤེས་པའི་ལས་ཤིག་ཏུ་འཁུམས་ན་ཡང༌། བྱིས་པ་སྐྱེས་མ་ཐག་པ་ནས་ལྷན་སྐྱེས་ཀྱི་བསམ་བློ་རྣམ་པར་དག་པ་ཞིག་ཡོད་མི་སྲིད་ཅིང༌། དེ་ཉིད་འཚར་བསྐྱེད་ཀྱི་རིམ་པ་ནི་མིའི་རིགས་ཀྱི་སྤྱི་ཚོགས་བཟང་བོ་བསྐྲུན་པའི་རྨང་གཞི་ལྟ་བུར་གྱུར་ཡོད་པས་ཕ་མ་ཚོར་མིའི་རིགས་དང་མི་རིགས། ཕྲུ་གུ་སྒེར་གྱི་མདུན་ལམ་སོགས་ཀྱི་འགན་བབ་གལ་ཆེན་ཞིག་ཡོད་པ་ཡིན།

      གཞན་ཡང་དེང་ང་ཚོའི་མི་རིགས་འདིའི་ཁྲོད་གློག་བརྙན་སོགས་ལྟད་མོར་གཡེང་མཁན་ཤིན་ཏུ་མང་ཡང༌། ཁོང་ཚོས་ལྟད་མོ་དེ་ལས་བསླབ་བྱ་དང་ཉམས་མྱོང་ལེན་ཐབས་ལ་བརྩོན་རྒྱུ་ལས་ལྟད་མོ་དེ་དངོས་བྱུང་བྱ་རིམ་ཞིག་ཏུ་སེམས་ཏེ་མི་སྣའི་སྲོག་ཏུ་ཞུགས་ནས། སེམས་ཁམས་ལ་དགའ་སྐྱོ་ཆགས་སྡང་གི་ཚོར་བ་ཤུགས་ཆེན་དང་བཅས་མཇུག་རྫོགས་པར་བྱེད། དེ་ལས་ལྟད་མོ་དེ་ནི་འཇིག་རྟེན་ནས་མཐོང་མ་མྱོང་བའི་བྱ་ལས་མང་པོ་ཞིག་གི་རྒྱུད་རིམ་དང་ཉམས་མྱོང་གི་ཤེས་བྱར་བསམ་ཞོར་དེའི་ཁྲོད་ནས་བསླབ་བྱ་བླངས་ཏེ་རང་རྒྱུད་དང་རང་གི་འདས་སོང་ནོར་འཁྲུལ་དང༌། སྐབས་བབ་བསམ་བློ། མ་འོངས་འཆར་གཞི་སོགས་ཀྱི་ཁྲོད་དུ་ནོར་འཁྲུལ་རིགས་མཆིས་སོ་ཅོག་བཅོས་བསྒྱུར་གྱི་འདུན་པ་བརྟན་པོ་དང་བཅས་ལྟད་མོར་བལྟ་དགོས་པས། མེས་པོ་དམ་པ་གན་ངྷིས། “ཤེས་རིག་གི་སློབ་སྦྱོང་ཡང་དག་པ་ནི་གཟུགས་སོགས་ཕུང་པོ་དང་ཁ་མིག་སོགས་ཕྱི་ནང་གི་དབང་བོ་དག་དང་དེ་དག་གི་ཤེས་བྱར་ལེགས་པར་བསླབ་པར་བརྟེན་ནས་ཡོང་ཐུབ་སྙམ།” ཞེས་པ་བཞིན་བྱིས་པ་དག་ལ་ཡང་སློབ་གསོ་དེ་ལྟ་བུ་ཞིག་གི་སྣེ་འཁྲིད་འོག་ལྟད་མོར་བལྟ་རུ་འཇུག་མ་ཐུབ་ཚེ་དེང་གི་ཁྱིམ་ཚང་སློབ་གསོའི་མ་ལག་གཙོ་གྲས་ཤིག་གི་ཆུ་ཚོད་འཕྲོ་བརླག་གི་རྒྱུ་ལས་མ་འདས་ཤིང༌། ཕ་མས་ཁྱིམ་ཚང་སློབ་གསོའི་དོན་སྙིང་ངོས་མ་ཟིན་པར་བྱིས་པའི་ན་ཆུང་གི་ཆུ་ཚོད་འཕྲོ་བརླག་ཏུ་བཏང་ཚེ་ནག་ཉེས་ཆུང་ཆུང་ཞིག་གཏན་ནས་མིན། དེང་གི་དུས་འདིར་འཕྲུལ་རིགས་འདྲ་མིན་གྱི་བཟོ་བཀོད་དང་ནུས་པས་ས་སྟེང་ལ་ཁ་ལོ་བསྒྱུར་བཞིན་པ་ལྟར། བྱིས་པ་དག་ཀྱང་དེའི་རིགས་ཀྱི་རྩེད་ཆས་ལ་གཡེང་འདོད་ཅིག་ངང་གིས་འཆར་གྱིན་ཡོད་ན་ཡང༌། རྩེད་ཆས་རིགས་ལས་ཀྱང་སློབ་སྦྱོང་དང་འབྲེལ་རིགས་ལ་གཡེང་དུ་འཇུག་རྒྱུར་གནད་ཆེ་ཞིང༌། རྔན་པའི་རིགས་ཀྱང་བྱིས་པའི་ལུས་ཀྱི་འཕྲོད་སྦྱོར་དང་བསྟུན་ནས་སྤྲོད་རྒྱུ་ལས་མངར་མོའི་རིགས་མང་པོ་སྤྲད་ཚེ། བྱིས་པའི་སོ་འཕྲོ་བརླག་དང་སྲིན་འབུ་འཁྲུག་པའི་ན་ཚ་སོགས་འབྱུང་སླ་བ་འཕྲོད་བསྟེན་ཤེས་བྱ་དག་ལས་བཤད། འདིའི་སྐབས་ཕ་མས་གཟབ་གཟབ་མ་བྱས་པར་མ་བུའི་སྐབས་ཐོག་གི་བརྩེ་སེམས་གཅིག་པུར་བསམ་ཚེ་ཕྲུ་གུའི་འཕྲལ་ཡུན་གྱི་བདེ་ཐང་དང་འཕྲོད་བསྟེན་ལ་གནོད་ཚབས་ཤིན་ཏུ་ནས་ཆེ་བ་ཡིན།

       ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་མཚོན་ན་བུ་ཕྲུག་ལོ་བཅོ་བརྒྱད་དུ་སོན་མཚམས་ནས་ཕ་མ་དང་མཉམ་སྡོད་བྱེད་སྲོལ་མེད་ཅིང༌། དེ་དུས་ནས་རང་རང་སོ་སོས་གང་འཇོན་ལྟར་འཚོ་བའི་ལམ་ཁར་ཞུགས་དགོས་པའི་སྲོལ་དེའི་རྐྱེན་པས་བུ་ཕྲུག་རྣམས་ཀྱིས་ཆུང་དུས་ནས་རང་འཚོའྀ་འགན་ལེན་བྱེད་ཀྱི་ཡོད་པས་ཁོང་ཚོ་ལོ་བཅོ་བརྒྱད་སོན་དུས་རང་བཞིན་གྱི་སྤོབས་སེམས་ཤིག་མཆིས་པ་ཡིན་མོད། འོན་ཀྱང༌། ཕ་མས་ཕྲུ་གུ་ལ་རྡུང་ན་ཕྲུ་གུས་ཁྲིམས་གཏུགས་ཀྱིས་ཕ་མ་བཙོན་ཁང་དུ་འཇུག་པ་སོགས་ཀྱི་རྩ་ཁྲིམས་བཟོས་ཡོད། འདི་ནི་ང་ཚོ་གངས་ཅན་པ་ཚོས་ཐོས་ན་བློ་ངོར་ཤོངས་དཀའ་བ་ཞིག་ཡིན་ཡང༌། རྒྱལ་བོ་ལུགས་ཀྱི་བསྟན་བཅོས་ལས། ཧ་ཅང་བྱམས་པ་ཆེ་དྲགས་ན།། ཐ་མར་འཁོན་གྱི་རྒྱུ་རུ་འགྲོ།། ཞེས་གསུངས་པ་བཞིན་ང་ཚོ་སྟེ་བོད་རིགས་ཕ་མ་མང་ཆེ་བས་ཕྲུ་གུར་གཅེས་སྐྱོང་ཚད་ལས་བརྒལ་བར་བྱེད་པ་ལས་རང་སྐྱེས་རང་མདོག་སྟོན་དགོས་པའི་སློབ་གསོར་ཤུགས་བསྣོན་མི་བྱེད་པས། ཕྲུུ་གུ་ལངས་ཤོར་དུ་འགྲོ་སླ་བ་དང་ལོ་ན་སོན་དུས་ཀྱང་ཕ་མ་རྒན་གོག་ཡིན་མིན་སོགས་ལ་ལྟོས་མེད་ཀྱིས་ལྟོ་གོས་ཐམས་ཅད་ཕ་མའི་ཕྱོགས་ལ་རེ་བ་རྒྱག་བཞིན་འདུག་པའི་གནད་དོན་ཚབས་ཆེན་བྱུང་ཡོད་པས་བུ་རང་སྐྱེས་ཀྱི་རང་མདོག་སྟོན་པའི་ནུས་པ་ཤིན་ཏུ་ནས་ཆུང་བ་ནི། འུ་ཅག་མི་རིགས་འདིའི་མིག་སྔར་མཆིས་པའི་ཡ་ངའི་གནད་དོན་ཞིག་ཅི་བས་ཡིན་པ་ནི་དུས་ཀྱི་འཕེལ་རིམ་དང་སྤྱི་ཚོགས་ཀྱི་གནས་བབ་ར་སྤྲོད་བཞིན་ཡོད་པ་མ་ཟད། ཁ་ཆེ་ཕ་ལུའི་བསླབ་བྱ་ལས། ན་སོ་གཞོན་དུས་བུ་ལ་ཡོན་ཏན་སློབ།། ན་སོ་ལོངས་དུས་བསླབ་དགོས་མེད་པ་གྱིས།། ལྕང་གསར་གཞོན་དུས་འདྲོངས་ན་འདྲོངས་པ་རེད།། ལྕང་རྒན་སྲོང་སྲོང་མང་ན་ཆག་པའི་ཉེན།། ཞེས་པ་བཞིན་ཁྱིམ་ཚང་སློབ་གསོའི་ཕན་ནུས་མ་ཐོན་པར་གཅེས་ལང་ལ་ཤོར་བའི་བོད་པའི་བུ་ཕྲུག་མང་པོ་ཞིག་གིས་སོ་སོའི་ཕ་མའི་དཀའ་ལས་སྣ་མང་རྒྱབ་འབྲས་ལས་བྱུང་བའི་དངུལ་དངོས་རྣམས་ཤོ་སྦག་རྒྱན་རྩེད་དང༌། ཆང་དང་ཐ་མག་གི་ཕྱོགས་སུ་སྤྱོད་ཐལ་བྱེད་པ་དང༌། ཕ་མ་མེད་དུས་སོ་སོ་ན་ཚོད་དར་ཡང་ཅི་ཡང་མི་འཇོན་པ་སོགས་ཀྱང་མཐའ་གཅིག་ཏུ་བུ་ཕྲུག་གི་སྐྱོན་དུ་བསམ་མི་རིགས་པར་ཕ་མའི་སློབ་གསོར་འབྲེལ་བའི་ངན་འབྲས་ཤིག་ཀྱང་ཡིན་པ་སོགས་མང་སྤྲོས་ཀྱི་དགོས་པ་མ་མཆིས་མོད། འོན་ཀྱང༌། མེས་པོ་དམ་པ་གན་ངྷིས། “སྒྲིག་ལམ་ཀུན་སྤྱོད་ཡང་དག་པར་བརྟེན་ནས་བསླབ་བྱ་ཁག་ལ་སྙིང་ནས་མོས་གུས་ཤར་བ་ཞིག་འབྱུང༌། རྩིག་རྟེན་དང་ཆུ་རག་གིས་ཆུ་འོབས་དང་ཆར་ཆུ་འགོག་པར་བྱེད་པ་དང་འདྲ་བར་ཉེས་སྤྱོད་རྣམས་སྒྲིག་ཁྲིམས་སྲུང་སྡོམ་གྱིས་འགོག་པར་བྱེད།” ཅེས་གསུངས་པ་བཞིན། སློབ་གསོའི་ཕྱོགས་ངོས་མང་བོ་ཞིག་དང་འབྲེལ་ཞི་བདེའི་ཁོར་ཡུག་ནས་སྒྲིག་འཛུགས་ཤིག་བཟོ་དགོས་པ་ནི་མིའི་རིགས་ཀྱི་བསམ་བློ་གཅིག་མཐུན་ལ་ཕྱོགས་པར་བྱེད་རྒྱུའི་སྔོན་འགྲོ་ཡིན་ཞིང༌། སྒྲིག་འཛུགས་དེ་བཞིན་གྱིས་མིའི་རིགས་གཅུན་དེ་དེ་ཉིད་སེམས་རྒྱུད་ལ་འབྱར་སྐབས་མིའི་རིགས་ལ་བརྡབ་གསིག་དང་མི་རིགས་ཀྱི་ཞབས་འདྲེན་དུ་མི་འགྱུར་བ་ཞིག་ཏུ་ཅིས་ཀྱང་འགྱུར་ངེས་པས། ཁྱིམ་ཚང་སློབ་གསོའི་ཁྲོད་ཞི་བདེ་དང་འབྲེལ་བའི་ཁོར་ཡུག་གོ་རིམ་ཡོད་པར་བྱས་ཏེ་བཟོ་སྐྲུན་འཆར་འགོད་བྱེད་ཤེས་དགོས་པ་ནི་ཕ་མ་དག་གི་འོས་འགན་དུ་གྲུབ་ཡོད།

“ཤེས་ཡོན་གྱི་དམིགས་ཡུལ་ནི་འཚོ་ཐབས་བཙལ་རྒྱུའམ་ཁེ་ཡོད་ལས་ཀ་ཐོབ་རྒྱུ་ཙམ་མ་ཡིན་པར་དེ་ལས་ཆེས་ལྷག་པ་ཞིག་དགོས། ཞེས་གསུངས་པ་བཞིན་ཕ་མས་ཕྲུ་གུའི་སེམས་ཁམས་དང་ལུས་སྟོབས་འཚར་བསྐྱེད། ཤེས་བྱ་ཡོན་ཏན་གྱི་དགོས་མཁོ་ཡོངས་སྒྲུབ་དང་བཅས་རབ་བྱུང་ན་ལོ་ན་སོན་དུས་ཕ་མ་མེད་ཀྱང༌། མྀ་རིགས་དང་རྒྱལ་ཁབ་ཀྱི་ལས་དོན་ལ་ཤ་ཚ་སྙིང་ཞེན་བྱེད་མཁན་ཞིག་གམ། དེ་མ་བྱུང་ན་རང་རང་སོ་སོའི་འཚོ་དོན་ཐག་གཅོད་བྱེད་པའི་བློ་སྤོབས་ཅན་ཞིག་ཅིས་ཀྱང་སྐྱེད་སྲིང་བྱེད་དགོས་པ་སོགས་ཀྱི་འགན་དབང་ཆ་ཚང་ལེན་དགོས་པ་སོགས་མདོར་ན། “ཕ་མས་ཕྲུ་གུར་དམིགས་ཡུལ་ངེས་ཅན་ཡོད་པའི་སྒོ་ནས་ཀུན་སྤྱོད་སློབ་གསོ་གཏོང་བ་དང་ཆབས་ཅིག་བྱ་སྤྱོད་ངོ་མའི་ཐོག་ནས་ལག་ལེན་བྱ་རྒྱུར་མཐོང་ཆེན་བྱས་ཏེ་གོམས་གཤིས་ཆགས་པ་བྱ་རྒྱུ་དེའང་ཕ་མས་ཕྲུ་གུར་ཁྱིམ་གྱི་ནང་ལས་བྱ་རྒྱུ་དང་དཀའ་སྤྱད་བབ་ཆགས་ཀྱི་འཚོ་བ་སྐྱེལ་ཐབས། བཟའ་ལུགས། འགྲོ་ལུགས། སྡོད་ལུགས། མི་གཞན་དང་འབྲེལ་གཏུགས་བྱ་ཚུལ་སོགས་ལག་ལེན་བྱ་རྒྱུའི་གོ་སྐབས་མང་ཙམ་སྤྲད་དེ་ལག་ལེན་དངོས་ནང་རང་བློར་བྱང་ཞིང་ནམ་ཞིག་རྒྱུན་གཏན་གྱི་འཚོ་བའི་ཁྲོད་ཡ་རབས་སྤྱོད་པའི་ལ་རྒྱ་ལས་མི་འདའ་བའི་གོམས་གཤིས་བཟང་བོ་ཆགས་ཐུབ་པ་བྱ་དགོས།

                                                  རྩོམ་ཁུངས། མཚོ་སྔོན་པོ་དྲ་བ།