འབྲི་ཆུ།
དྲ་ཚིགས་དོ་དམ་པས།
འབྱུང་ཁུངས། སྤེལ་མཁན། སྤེལ་དུས།2016-10-27

ངོ་སྤྲོད་མདོར་བསྡུས།

      མིང་། འབྲི་ཆུ། མགོ་ཁུངས། གཙང་བོ་འདིའི་ཆུ་མགོ་ནི་གདང་ལའི་རི་རྒྱུུད་ཀྱི་རི་བོ་སྐུ་ལྷ་དར་མདུང་གི་འཁྲིས་སུ་འཁྱིལ་ཡོད། བརྒྱུད་ཡུལ། བོད་ལྗོངས་དང་སི་ཁྲོན་སོགས་ཞིང་ལྗོངས་མང་དུ་བརྒྱུད་ནས་ཆུ་ལག་མང་བོ་འདྲེས་ཤིང་རི་ཚོགས་མང་བོ་བརྒལ་ཏེ་རྦ་རླབས་དྲག་ཏུ་འཕྱུར་བཞིན་ཐད་ཀར་ཤར་རྒྱ་མཚོ་ཆེན་མོར་འབབ་ཀྱི་ཡོད། རིང་ཚད། ཆུ་བོ་འདིའི་བཞུར་རྒྱུན་གྱི་རིང་ཚད་ལ་སྤྱི་ལེ  ༦༣༠༠ ཙམ་དང་ཆུ་བོ་འབབ་ཡུལ་གྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི ༡༨༠ ཙམ་ཟིན་ཡོད། ཁྱད་ཆོས། འཛམ་གླིང་གི་ཆུ་ཆེན་ཨང་གསུམ་པ་ཡིན་པ་དང་། ཆུ་ཤུགས་ཆེ་ཞིང་འབབ་ཚད་མགྱོགས་པ། གཏིང་ཟབ་པ། འགག་འཕྲང་མང་ཞིང་ཀྱག་ཀྱོག་ཆེ་བ། ཆུ་ལག་དང་མཚེའུ་མང་བ་བཅས་ཀྱི་ཁྱད་ཆོས་ལྡན།



འབྲི་ཆུ།(长江)

      འདི་ནི་ཀྲུང་གོའི་ནང་ཁུལ་དུ་འབབ་པའི་ཆུ་ཆེན་ཨང་དང་བོ་དང་། འཛམ་གླིང་ཆུ་ཆེན་ཨང་གསུམ་པ་ཡིན་ཏེ། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་ཁོངས་ཀྱི་སྐུ་ལྷ་དར་མདུང་ནས་བྱུང་སྟེ། བོད་ལྗོངས་དང་སི་ཁྲོན་སོགས་རང་སྐྱོང་ལྗོངས་དང་ཞིང་ཆེན། ཐད་གཏོགས་གྲོང་ཁྱེར་བཅུ་བརྒྱུད་དེ། ཧྲང་ཧེ་རུ་ཤར་གྱི་རྒྱ་མཚོར་འབབ། ཆུ་བོ་འདིའི་སྤྱིའི་རིང་ཚད་ལ་སྤྱི་ལེ ༦༣༠༠ དང་། བོད་ཡུལ་དུ་སྤྱི་ལེ ༢༨༠༦ ཡོད། འབྲི་ཆུའི་མགོ་ཁུངས་ལ་རྒྱ་སྐད་དུ་ཐོག་ཐོག་ཧི(沱沱河)དང་ཡུལ་ཤུལ་དུ་སླེབས་ན་ཐོང་ཐེན་ཧི།(通天河)ཟི་ཁྲོན་དུ་སླེབས་ན་ཅིན་ཧྲ་ཅང(金沙江)ཡིས་པེན(宜宾)དུ་སླེབས་ན་ད་གཟོད་ཁྲང་ཅང(长江)དུ་འབོད།༼བོད་སྤྱི་བཤད་ལས་བཏུས།༽

 

འབྲི་ཆུ།  

      འབྲི་ཆུ་ནི་རྒྱལ་ནང་གི་གཙང་བོ་ཆེས་རིང་ཤོས་དེ་ཡིན་ལ། གཙང་བོ་དེ་གདང་ལའི་རི་རྒྱུད་རྒྱ་ལ་རྩི་ཟླུམ་གྱི་ལྷོ་ནུབ་ཕྱོགས་ནས་བབས་ཏེ་མཚོ་སྔོན་ཞིང་ཆེན་གྱི་སྐྱེ་དགུ་མདོ་དང་། བོད་ལྗོངས་དང་ཟི་ཁྲོན་གྱི་འབྲེལ་མཚམས་བརྒྱུད་དེ་མཐར་བོད་ལྗོངས་སྨར་ཁམས་རྫོང་དང་ཡུན་ནན་ས་ཁུལ་སོགས་བརྒྱུད་ཏེ་ཧྲང་ཧེ་རུ་ཏུང་ཧེ་རྒྱ་མཚོར་འབབ་ཀྱིན་ཡོད། ཆུ་བོ་འདིའི་བཞུར་རྒྱུན་གྱི་རིང་ཚད་ལ་སྤྱི་ལེ  ༦༣༠༠ ཙམ་དང་ཆུ་བོ་འབབ་ཡུལ་གྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི ༡༨༠ ཙམ་ཟིན་ཡོད།༼བོད་ཀྱི་སློབ་འབྲིང་དྲ་བ་ལས་བཏུས།༽


འབྲི་ཆུ། 

      འབྲི་ཆུ་ནི་འཛམ་གླིང་སྟེང་གི་ཆུ་བོ་ཆེན་པོ་བཞིའི་ཡ་གྱལ་དུ་གཏོགས་ཤིང་། ཆུ་མགོ་ནི་མཚོ་སྔོན་ཞིང་ཆེན་གྱི་ལྷོ་ནུབ་ན་ཀྲོང་ངེར་འགྱིང་བའི་རི་བོ་སྐུ་ལྷ་དར་མདུང་ཡིན། ཆུ་ཆེན་འདིའི་སྤྱི་མིང་ལ་བོད་སྐད་ཀྱིས་འབྲི་ཆུ་དང་རྒྱ་སྐད་ཀྱིས་ཁྲང་ཅང་ཟེར། འབྲི་ཆུ་བཞུར་སའི་ས་ཆ་རེ་ན་མིང་འདོགས་ཚུལ་མི་འདྲ་བ་རེ་ཡོད་དེ། བོད་སྐད་ཀྱིས་འབྲི་ཆུའི་མགོ་ཁུངས་ལ་དམར་ཆུ་ཟེར་བ་དང་། འདམ་ཆུ་དང་འདྲེས་རྗེས་ད་གཟོད་འབྲི་ཆུ་ཟེར་བ་ཡིན། རྒྱ་སྐད་ཀྱིས་ཡུལ་ཤུལ་རྫོང་གི་བྲག་ཆུ་ཁ་ནས་སི་ཁྲོན་ཞིང་ཆེན་གྱི་དབྱི་པིན་གྲོང་ཁྱེར་བར་གྱི་འབྲི་ཆུ་ལ་ཅིན་ཧྲ་ཅང་ཟེར་བ་དང་། དབྱི་པིན་གྲོང་ཁྱེར་མན་གྱི་འབྲི་ཆུ་ལ་ད་གཟོད་འབྲི་ཆུ་ཟེར་བ་ཡིན། སྔོན་ཆད་དབྱང་ཀྲོའུ་གྲོང་ཁྱེར་མན་གྱི་འབྲི་ཆུའི་བཞུར་རྒྱུན་ལ་དབྱང་ཙི་ཅང་ཟེར་བ་རེད། ཆུ་བོ་འདི་མཚོ་སྔོན་དང་བོད་ལྗོངས། སི་ཁྲོན། ཡུན་ནན། ཧུའུ་པེ། ཧུའུ་ནན། ཅང་ཞི། ཨན་ཧུའེ། ཅང་སུའུ་སོགས་ལྗོངས་དང་ཞིང་ཆེན་མང་བོ་བརྒྱུད་མཐར་ཧྲང་ཧེ་གྲོང་ཁྱེར་ནས་ཤར་ཕྱོགས་རྒྱ་མཚོར་འབབ་བཞིན་ཡོད། འབྲི་ཆུའི་སྤྱིའི་རིང་ཚད་ལ་སྤྱི་ལེ ༦༣༠༠ དང་། བཞུར་ཡུལ་གྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི ༡༨༠ ལྷག་ཡོད། ཧུའུ་པེ་ཞིང་ཆེན་དབྱི་ཁྲང་གྲོང་ཁྱེར་ཡན་ཆད་ཀྱི་འབྲི་ཆུ་ནི་འབྲི་ཆུའི་སྟོད་རྒྱུད་ཡིན། འབྲི་ཆུའི་སྟོད་རྒྱུད་ནི་ཆུ་ཤུགས་ཆེ་ལ་འབབ་ཚད་མགྱོགས་པ་དང་ཀྱག་ཀྱོག་ཧ་ཅང་ཆེ་བ་ཞིག་ཡིན། དབྱི་ཁྲང་གྲོང་ཁྱེར་ནས་ཅང་ཞི་ཞིང་ཆེན་ཧུའུ་ཁུ་ཡི་བར་ནི་འབྲི་ཆུ་བར་རྒྱུད་ཡིན་པས། འབྲི་ཆུའི་འབབ་ཚད་ཆེ་ཞིང་མཚེའུ་ཧ་ཅང་མང་། ཧུའུ་ཁུ་ཡི་མན་ཆད་ནི་འབྲི་ཆུའི་སྨད་རྒྱུད་ཡིན་ཏེ།  ཆུ་ཞེང་ཆེ་ཞིང་གཏིང་ཟབ་པ་དང་འབབ་ཚད་ཅུང་དལ། འབྲི་ཆུ་ཡན་ལག་མང་སྟེ། ཅུང་ཆེ་བའི་ཡན་ལག་ལ་མཱ་ཁུ་ཧི་གཙང་བོ་དང་རྨིན་ཅང་གཙང་བོ། ཐོའུ་ཅང་གཙང་བོ། ཅ་ལིན་ཅང་གཙང་བོ། ཝུའུ་ཅང་གཙང་བོ། ཞང་ཅང་གཙང་བོ། ཧན་ཅང་གཙང་བོ། ཀན་ཅང་གཙང་བོ། ཆིན་ཀུ་ཅང་གཙང་བོ། ཧོང་ཕུའུ་ཅང་གཙང་བོ་སོགས་མང་ལ། ཅང་སུའུ་ཞིང་ཆེན་གྱི་ཀྲིན་ཅང་གྲོང་ཁྱེར་དུ་འབྲི་ཆུ་ཏ་ཡོན་ཆུ་བོ་དང་འདྲེས་ཡོད། མཚོ་སྔོན་ཞིང་ཆེན་དུ་འབྲི་ཆུའི་བཞུར་རྒྱུན་གྱི་རིང་ཚད་ལ་སྤྱི་ལེ ༡༢༠༦ དང་། བཞུར་ཡུལ་གྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི ༡༤ ཡོད། འབྲི་ཆུ་ནི་ཆུ་ལག་མང་བོ་འདྲེས་ཤིང་རི་ཚོགས་མང་བོ་བརྒལ་ཏེ་རྦ་རླབས་དྲག་ཏུ་འཕྱུར་བཞིན་ཐད་ཀར་ཤར་རྒྱ་མཚོར་འབབ་པའི་གཙང་བོ་ཆེན་པོ་ཞིག་ཡིན།༼ཤེས་བྱ་དྲི་བརྒྱ་བ་ལས་བཏུས།༽

 

འབྲི་ཆུ།

      རང་རེའི་རྒྱལ་ཁབ་ཀྱི་ནང་ཁུལ་དུ་འབབ་པའི་ཆུ་བོ་ཆེན་པོ་ཨང་དང་བོ་ཡིན་ལ། འཛམ་གླིང་ཐོག་ཏུ་གྲགས་ཆེ་བའི་ཆུ་ཆེན་ཞིག་ཀྱང་ཡིན། ཆུ་བོ་འདིའི་ཆུ་མགོ་མཚོ་སྔོན་ཞིང་ཆེན་ལྷོ་ནུབ་ཀྱི་རི་བོ་གདང་ལའི་དགེ་ལ་བསྟན་སྟོང་ནས་བྱུང་སྟེ་རིམ་བཞིན་མཚོ་སྔོན་དང་། བོད་ལྗོངས། སི་ཁྲོན་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་བརྒྱུད་དེ་མཐར་ཧྲང་ཧད་གྲོང་ཁྱེར་ནས་ཤར་རྒྱ་མཚོར་འབབ་ཅིང་། སྤྱིའི་རིང་ཚད་ལ་སྤྱི་ལེ་དྲུག་སྟོང་སུམ་བརྒྱ་ཡོད་པ་དང་། རྒྱུགས་ཡུལ་གྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི་རྒྱ་དང་བརྒྱད་ཅུ་ལྷག་ཡོད། ཆུ་བོ་ཆེན་པོ་འདི་ནི་བྱང་ཕྱོགས་ནས་ལྷོ་ཕྱོགས་སུ་འབབ་སྟེ་མཚོ་སྔོན་དང་སི་ཁྲོན་ནུབ་རྒྱུད་དུ་མ་སླེབས་བར་ས་མཐོའི་རི་རྒྱུད་ནས་འབབ་པའི་དབང་གིས་ཆུ་ཤུགས་ཆེ་ལ་འབབ་ཚད་ཀྱང་མགྱོགས། འབྲི་ཆུ་སི་ཁྲོན་གྱི་ཤར་རྒྱུད་ནས་ཧུའུ་པེ་དང་ཧུའུ་ནན། ཅང་སུའུ། ཅང་ཞི། ཨན་ཧུའི་བཅས་ཞིང་ཆེན་མང་བོའི་སྒང་གཤོང་མི་སྙོམས་པའི་ས་ཆ་བརྒྱུད་དེ་ཅུང་ཟད་དལ་བོའི་སྒོ་ནས་གཙང་ལག་མང་བོའི་ཆུ་དང་མཉམ་དུ་ཤར་རྒྱ་མཚོར་འབབ་པ་ཞིག་ཡིན།༼དུང་དཀར་ཚིག་མཛོད་ལས་བཏུས།༽