རྨ་ཆུ།
དྲ་ཚིགས་དོ་དམ་པས།
འབྱུང་ཁུངས། སྤེལ་མཁན། སྤེལ་དུས།2016-10-27

ངོ་སྤྲོད་མདོར་བསྡུས།

          ཀྱག་ཀྱོག་དང་འགག་འཕྲང་མང་བའི༼གནམ་འོག་གི་རྨ་ཆུ་ལི་མའི་དལ་ཁུགས༽ཞེས་གྲགས་པའི་རྨ་ཀླུང་དལ་འབབ་རིང་མོ་ནི། མགོ་ཁུངས་མཚོ་སྔོན་ཞིང་ཆེན་གྱི་བཱ་ཡན་ཧ་རིའི་རི་རྒྱུད་ནས་འཁྱིལ་ཏེ་ཤར་ནས་ཤར་དུ་སི་ཁྲོན་དང་ཀན་སུའུ་སོགས་ལྗོངས་དང་ཞིང་ཆེན་མང་བོ་བརྒྱུད་མཐར་པོ་ཧེ་རྒྱ་མཚོ་ཆེན་པོར་ཆིལ་ཆིལ་དུ་འབབ་བཞིན་འདུག རྨ་ཆུའི་སྤྱིའི་རིང་ཚད་ལ་སྤྱི་ལེ ༥༤༦༤ དང་། བཞུར་ཡུལ་གྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི ༧༥.༣༤ ཡོད། གཙང་བོ་འདི་ནི་དྭངས་ཤིང་བསིལ་ལ་བཞུར་ཚད་མགྱོགས་པ། ཆུ་ལག་མང་བ་དང་གཏིང་ཟབ་པ་ཐོན་ཁུངས་བཟང་བ་སོགས་ཀྱི་ཁྱད་ཆོས་ལྡན།




རྨ་ཆུ། (黄河)

      འདི་ནི་ཀྲུང་གོའི་ནང་ཁུལ་དུ་འབབ་པའི་ཆུ་བོ་ཆེན་པོ་ཨང་གཉིས་པ་ཡིན་ཏེ། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་བ་ཡན་ཧ་རིའི་ཤར་ལྡེབས་ནས་ཐོན་ཏེ། ཟི་ཁྲོན་དང་ཀན་སུའུ་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་དགུ་བརྒྱུད་དེ་མཐར་ཧྲན་ཏུང་ཞིང་ཆེན་ནས་པོ་ཧེ་རྒྱ་མཚོར་འབབ་ཅིང་། སྤྱིའི་རིང་ཚད་ལ་སྤྱི་ལེ ༥༤༦༤ དང་། བོད་ཁུལ་དུ་རིང་ཚད་ལ་སྤྱི་ལེ ༡༣༡༠ ཡོད།༼བོད་སྤྱི་བཤད་ལས་བཏུས།༽


རྨ་ཆུ།

      རྨ་ཆུ་ནི་རྒྱལ་ནང་གི་རིང་ཚད་ཨང་གཉིས་པ་ཡིན་ལ།  བ་ཡན་ཧ་རིའི་རི་རྒྱུད་ནས་བཞུར་ཏེ་རྒྱལ་ནང་གི་ལྗོངས་དང་ཞིང་ཆེན་དགུ་བརྒྱུད་མཐར་པོ་ཧེ་རྒྱ་མཚོར་འབབ་ཀྱིན་ཡོད། ཆུ་བོ་འདིའི་བཞུར་རྒྱུན་གྱི་རིང་ཚད་ལ་སྟོང་རྨིད ༥༤༦༤ ཙམ་ཡོད་པ་དང་།  སྤྱིའི་འབབ་ཡུལ་གྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ ༧༥༤༤༢ ལྷག་ཡོད།༼བོད་ཀྱི་སློབ་འབྲིང་དྲ་བ་ལས་བཏུས།༽

 

རྨ་ཆུ།

      རྨ་ཆུ་ཡི་མགོ་ཁུངས་ནི་མཚོ་སྔོན་ཞིང་ཆེན་གྱི་བཱ་ཡན་ཧ་རི་ཡིན་ལ།  ཤར་ནས་ཤར་དུ་སི་ཁྲོན་དང་ཀན་སུའུ། ཉིང་ཞ། ནང་སོག ཧྲེན་ཞི། ཧྲན་ཞི། ཧོ་ནན། ཧྲན་ཏུང་སོགས་ལྗོངས་དང་ཞིང་ཆེན་མང་བོ་བརྒྱུད་དེ་པོ་ཧེ་རྒྱ་མཚོ་ཆེན་པོར་འབབ་བཞིན་འདུག རྨ་ཆུའི་སྤྱིའི་རིང་ཚད་ལ་སྤྱི་ལེ ༥༤༦༤ དང་། བཞུར་ཡུལ་གྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི ༧༥.༣༤ ཡོད། རྨ་ཆུའི་ཆུ་མགོ་དངོས་ནི་འཁར་ཆུ་ཡིན་པ་དང་། ཅུང་ཆེ་བའི་ཆུ་ལག་ནི་ཀླུ་ཆུ་དང་ཙོང་ཆུ། ཝུའུ་ཏིན་ཆུ། ཧྥིན་ཆུ། ཝེ་ཆུ། ལོའུ་ཆུ། ཞིན་ཆུ་སོགས་ཡིན། རྨ་ཆུའི་མགོ་ནས་ནང་སོག་རང་སྐྱོང་ལྗོངས་ཐུའོ་ཀུའུ་ཐུའོ་རྫོང་གི་ཧོ་ཁུ་གྲོང་རྡལ་ཡན་ཆད་རྨ་ཆུའི་སྟོད་རྒྱུད་དུ་གཏོགས་ཤིང་། རྨ་ཆུའི་སྟོད་རྒྱུད་ནི་མཐོ་སྒང་དང་བྲག་རོང་གི་བར་ན་འབབ་ཀྱིན་ཡོད་པས་བཞུར་ཚད་མགྱོགས་པར་མ་ཟད། ཆུ་བོ་ཤིན་ཏུ་དྭངས་པས་ཆུ་ཞབས་ན་ཉ་མོས་རང་དགར་རྐྱལ་རྩལ་ངོམ་བཞིན་ཡོད་པའང་མཐོང་སྲིད། ཧོ་ཁུ་གྲོང་རྡལ་ནས་ཧོ་ནན་ཞིང་ཆེན་གྱི་མེང་ཅིན་བར་གྱི་རྨ་ཆུ་ནི་རྨ་ཆུའི་བར་རྒྱུད་དུ་གཏོགས་པ་ཡིན། བཞུར་ཡུལ་དེ་དག་ནི་ས་སེར་མཐོ་སྒང་ཡིན་པས་ཆུ་བོའི་ནང་གི་བྱེ་མའི་འདུས་ཚད་མཐོ་བ་དང་ཆུ་མདངས་རྙོག་སེར་ཡིན། མེང་ཅིན་མན་ཆད་ཀྱི་རྨ་ཆུ་ནི་རྨ་ཆུའི་སྨད་རྒྱུད་དུ་གཏོགས་པ་ཡིན་ལ། ཧྭ་པེ་བདེ་ཐང་བརྒྱུད་དུས་ཆུ་བོའི་བཞུར་ཚད་ཇེ་དལ་དུ་སོང་བས་བྱེ་འདམ་མང་བོ་ཆུ་ཞབས་སུ་ཆགས་ཤིང་། གྲམ་མཐིལ་ས་ངོས་ལས་ཇེ་མཐོ་ནས་ཇེ་མཐོར་སོང་ནས་རྨ་ཆུ་མཐོ་ས་ན་བཞུར་གྱིན་འདུག རྨ་ཆུ་ནི་འཁར་ཆུ་ནས་མགོ་བརྩམས་ཏེ་ཀྱག་ཀྱོག་གི་རི་ལུང་གང་མང་བརྒྱུད་ནས་ཤར་ཕྱོགས་སུ་འབབ་བཞིན་ཡོད། མཚོ་སྔོན་ཞིང་ཆེན་གྱི་ཚ་རྔ་འགག་ལ་སླེབ་དུས་བཞུར་རྒྱུན s ཡི་དབྱིབས་སུ་གྲུབ་འདུག དེ་ལས༼གནམ་འོག་གི་རྨ་ཆུ་ལི་མའི་དལ་ཁུགས༽ཞེས་འབོད་པ་ཡིན། མཚོ་སྔོན་ཞིང་ཆེན་དུ་བཞུར་བའི་རྨ་ཆུའི་རིང་ཚད་ལ་སྤྱི་ལེ ༡༦༩༣.༨ ཡོད་ཅིང་། འགག་ཕྲེང་མང་བོ་བརྒྱུད་དེ་བཞུར་གྱིན་འདུག དཔེར་ན་མགོན་ཚང་འགག་དང་རྭ་རྒྱ་འགག གཡག་ཤོར་འགག ཚ་རྔ་འགག ཨ་རྐོང་འགག སུམ་པ་འགག ཀླུ་རྒྱལ་འགག ཤ་བོ་འགག སྐྱེས་རི་འགག སི་ཀུའུ་འགག་སོགས་འཕྲང་འགག་ཤིན་ཏུ་མང་། གྲོང་རོང་ལ་ལ་གཏིང་ཟབ་ཅིང་ཁ་ཞེང་དོག་པ་དང་གྲོག་རོང་ལ་ལ་ཁོད་ཡངས་གཞུང་ཁོག་ཏུ་གྱུར་ཡོད་པས་ཆུའི་ཐོན་ཁུངས་ནི་ཤིན་ཏུ་ཕུན་སུམ་ཚོགས་པ་ཞིག་ཡིན་ནོ། །༼ཤེས་བྱ་དྲི་བརྒྱ་བ་ལས་བཏུས།༽


རྨ་ཆུ།

      རང་རྒྱལ་གྱི་ཆུ་ཀླུང་ཆེན་པོ་ཨང་གཉིས་པ་རྨ་ཆུ་དེའི་སྤྱིའི་རིང་ཚད་ལ་སྤྱི་ལེ་ལྔ་སྟོང་བཞི་བརྒྱ་དྲུག་ཅུ་རེ་བཞི་ཡོད་པ་དང་། དེ་ནི་མཚོ་སྔོན་ཞིང་ཆེན་དཀྱིལ་རྒྱུད་ཀྱི་རི་བོ་བཱ་ཡན་ཧ་རི(巴颜格拉山)ནས་མགོ་ཐོན་ཏེ། ཐོག་མར་ནུབ་ནས་ཤར་དུ་འབབ་ཅིང་། དེ་ནས་སི་ཁྲོན་ཞིང་ཆེན་དང་། ཀན་སི་ཞིང་ཆེན་གཉིས་ཀྱི་འབྲེལ་མཚམས་ནས་འགག་འཕྲེང་དོག་པོ་བརྒྱུད་དེ་འཁྱོག་པོར་བྱང་ཕྱོགས་སུ་འབབ། དེ་ནས་ལན་ཀྲུའུ་བརྒྱུད་བྱང་ཤར་ཕྱོགས་ཀྱི་ས་བབ་ཅུང་དམའ་བ་ནས་འབབ་ཏེ་ཉིང་ཞྭ་ཧུས་རིགས་རང་སྐྱོང་ལྗོངས་ཀྱི་མངའ་ཁོངས་སུ་སླེབས་པ་དང་ཡིན་ཧྲན་རི་བོས་འགྲོ་ལམ་བཀག་པས་ཐོག་མར་ཤར་ཕྱོགས་སུ་འཁྱོག་ཅིང་། དེ་ནས་ལྷོ་ཕྱོགས་སུ་ཏེ་ཧྲན་ཞི(陕西) ཞིང་ཆེན་དང་ཧྲེན་ཞི(山西)ཞིང་ཆེན་གྱི་བར་ས་དཀར་མཐོ་སྒང་གི་འགག་འཕྲང་ཧ་ཅང་དོག་ས་ནས་དྲག་ཏུ་རྒྱུགས་ཅིང་ཧྲའན་ཤེས་ཞིང་ཆེན་གྱི་ཐུང་ཀོན་ལ་སླེབས། དེ་ནས་ཆིན་ལིང་རི་བོས་འགྲོ་ལམ་བཀག་པས་སླར་ཡང་ཁ་ཤར་ཕྱོགས་སུ་གཏན་ནས་ཧོ་ནན(河南)ཞིང་ཆེན་ལ་འབབ་ཏེ་སན་མོན་ཞའི་སྒོ་གསུམ་འགག་འཕྲང་ནས་དལ་པོར་འབབ་ཏེ་ཧྲན་ཏང་ཞིང་ཆེན་བརྒྱུད་ཤར་ཕྱོགས་ཀྱི་པོ་ཧེ་རྒྱ་མཚོ་ཆེན་པོར(渤海)འབབ་བཞིན་ཡོད། རྨ་ཆུ་ཁུག་པ་གསུམ་དུ་རྩི་ཚུལ་ནི།  ༼དེ་ཡང་བཱ་ཡན་ཧ་རིའི་ཁ་ཚུར་བལྟའི་ཆུ་རྣམས་རྨ་གཡང་ཕྱུག་མོའི་གཞུང་དུ་འབབ་པ་རྨ་ཆུའི་མགོ་ཡིན་ལ། དེ་ནས་ལྷོ་ངོས་སུ་འབབ་པ་གཉེན་པོ་གཡུ་རྩེའི་གཡོན་ནས་ཐོན། རིམ་གྱིས་བྱང་དུ་འཁྱོག་པ་དཀར་དབུར་རྐ་ཆུང་དང་། ཚ་གན་པེ་ཤིང་གི་མདུན་ནས་དམེ་ཆུ་འདྲེས་ཏེ་ནུབ་ངོས་དྲང་བོར་བགྲོད་པའི་ཁུགས་སོ་གཅིག གཤི་མདོ་དང་རྩེ་མདོར་གཤི་ཆུ་དང་རྩེ་ཆུ་འདྲེས་ཤིང་། རྭ་རྒྱ་ནས་སླར་ཡང་བྱང་དུ་འབབ་པ་འབལ་མདོ་ནས་ཤར་ངོས་དྲང་བོར་འབབ་པའི་ཁུགས་སོ་གཅིག  ལོ་ཀྱ་ཏུན་ངོས་ནས་བྱང་དུ་འཁྱོག་པ་རིམ་གྱིས་ཤར་དུ་རྒྱ་ནག་ཞིང་ས་བཅུ་གསུམ་གྱི་ནང་ཚན་ལན་ཇུའི་མཁར་མོ་ཆེའི་མདུན་ལ་བརྒྱུད་ནས་སོག་ཡུལ་དུ་འབབ་པའི་ཁུགས་སོ་གཅིག་བཅས་ཁུགས་སོ་གསུམ་དུ་གྲགས་སོ། །༽ཞེས༼མདོ་སྨད་ཆོས་འབྱུང༽ལྕགས་དཔར་མ་ཤོག་གྲངས ༢༣༤ ནང་གསལ།༼དུང་དཀར་ཚིག་མཛོད་ལས་བཏུས།༽