རྫ་ཆུ།
དྲ་ཚིགས་དོ་དམ་པས།
འབྱུང་ཁུངས། སྤེལ་མཁན། སྤེལ་དུས།2016-10-27

ངོ་སྤྲོད་མདོར་བསྡུས།

         མགོ་ཁུངས། གཙང་བོ་འདི་ནི་མཚོ་སྔོན་ཡུལ་ཤུལ་རྫ་སྟོད་རྫོང་ཁོངས་ཀྱི་གདང་ལ་རི་རྒྱུད་དུ་གཏོགས་པའི་རི་བོ་ཤྭ་ར་སྐྱ་ནས་འབབ་ཀྱིན་ཡོད། བརྒྱུད་ཡུལ། རྫ་ཆུ་ནི་ཆབ་མདོ་དང་སྨར་ཁམས་ཡུན་ནན་སོགས་བརྒལ་ནས་མེ་ཀོང་གཙང་བོར་འདྲེས་ནས་འབར་མ་དང་། ལའོ་ཝུའོ། ཐེ་གོ ཇན་ཕུའུ་ཀྲའེ་བཅས་རྒྱལ་ཁབ་མང་བོ་བརྒྱུད་མཐར་ཡོ་ནན་རྒྱལ་ཁབ་ཀྱི་རྒྱ་མཚོ་ལྷོ་མར་འབབ་ཀྱིན་ཡོད། རིང་ཚད། ཆུ་བོ་འདིའི་བཞུར་རྒྱུན་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ ༤༥༠༠ དང་འབབ་ཡུལ་གྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི ༨༡ ཡོད། ཁྱད་ཆོས། དྭངས་ཤིང་བསིལ་བའི་རྫ་ཆབ་འདི་ནི་འཛམ་གླིང་གི་ཆུ་ཆེན་ཨང་དྲུག་པ་ཡིན། ཆུ་འདིའི་འབབ་ཡུལ་གྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ ༣༠༠ ཡན་ཡོད་པའི་ཆུ་ལག ༣༣ ཡོད།




རྫ་ཆུ།(澜沧江)

      འདི་ནི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཡུལ་ཤུལ་རྫོང་གི་ནུབ་ཕྱོགས་ནས་བོད་ལྗོངས་དང་ཡུན་ནན། འབར་མ། ལའོ་ཝོ། ཐའེ་ཀོ ཀམ་པོ་ཛ། ཡོ་ནན་བཅས་བརྒྱུད་དེ་རྒྱ་མཚོར་འབབ་ཅིང་། སྤྱིའི་རིང་ཚད་ལ་སྤྱི་ལེ ༤༨༨༠ དང་། ཀྲུང་གོ་རུ་རིང་ཚད་ལ་སྤྱི་ལེ ༢༡༣༠ ཡོད། ཕྱི་རྒྱལ་དུ་མེ་ཀོང་གཙང་བོ(湄公河)ཞེས་འབོད་ལ། འཛམ་གླིང་གི་ཆུ་ཆེན་ཨང་དྲུག་པ་ཡིན།༼བོད་སྤྱི་བཤད་ལས་བཏུས།༽


རྫ་ཆུ།

      རྫ་ཆུ་ནི་མཚོ་སྔོན་རྫ་སྟོད་རྫོང་ཁོངས་ཀྱི་རི་བོ་ཤྭ་ར་སྐྱ་ནས་འབབ་ཏེ་ཆབ་མདོ་གྲོང་བརྡལ་སོགས་ནས་སྨར་ཁམས་རྫོང་བརྒྱུད་དེ་ཡུན་ནན་དུ་བཞུར་རྗེས་མེ་ཀོང་གཙང་བོར་འདྲེས། དེ་ནས་འབར་མ་དང་། ལའོ་བོ། ཐེ་གོ ཁམ་པོ་རྫ། ཡོ་ནན་སོགས་རྒྱལ་ཁབ་བརྒྱུད་མཐར་རྒྱ་མཚོ་ལྷོ་མར་འབབ་ཀྱིན་ཡོད། རྫ་ཆུའི་བཞུར་རྒྱུན་གྱི་རིང་ཚད་ལ་སྤྱི་ལེ ༢༡༧༩ དང་འབབ་ཡུལ་གྱི་ས་ཁྱོན་ལ་སྟོང་རྨིད་གྲུ་བཞི་མ་ཁྲི ༡༦.༤ ཙམ་ཟིན་ཡོད།༼བོད་ཀྱི་སློབ་འབྲིང་དྲ་བ་ལས་བཏུས།༽

 

རྫ་ཆུ།

      རྫ་ཆུ་དང་འབྲི་ཆུ། རྨ་ཆུ་བཅས་ལ་རྨ་འབྲི་རྗ་གསུམ་དུ་འབོད་ཅིང་། ཆུ་ཀླུང་དེ་གསུམ་གྱི་མགོ་ཁུངས་རི་རྒྱུད་གཅིག་ཡིན་པས་ན། ཆུ་བོ་དེ་གསུམ་གྱི་མགོ་ཁུངས་ས་ཁུལ་ལ་གཙང་གསུམ་འབྱུང་ཡུལ་ཟེར་བ་ཡིན། རྫ་ཆུའི་འབྱུང་ཁུངས་ནི་གདང་ལ་རི་རྒྱུད་དུ་གཏོགས་པའི་མཚོ་སྔོན་རྫ་སྟོད་རྫོང་ཁོངས་སུ་ཡོད་ལ། གནས་དེ་དག་བརྒྱུད་ནས་བཞུར་སྐབས་རྫ་རི་ལས་བྱུང་བའི་ཆུ་ཡིན་པས་མིང་ལ་རྫ་ཆུ་ཟེར་བ་ཡིན། རྒྱ་སྐད་ཀྱིས་རྫ་ཆུ་ལ་ལན་ཚང་ཅང་ཞེས་འབོད། རྫ་ཆུ་ལ་ཆུ་ལག་ཤིན་ཏུ་མང་སྟེ། འཚོལ་ཞིབ་པས་བསྡོམས་རྩིས་བྱས་པ་ལྟར་ན། འབབ་ཡུལ་གྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ ༣༠༠ ཡན་ཡོད་པའི་ཆུ་ལག ༣༣ ཡོད་པ་དང་། ཆུ་ལག་དེ་དག་ལས་ཆུ་ལག ༡༧ མཚོ་སྔོན་ཞིང་ཆེན་གྱི་མངའ་ཁོངས་སུ་རྫ་ཆུར་འདྲེས་ཡོད། ཆུ་ལག ༡༦ བོད་རང་སྐྱོང་ལྗོངས་ཀྱི་མངའ་ཁོངས་སུ་རྫ་ཆུའི་ནང་དུ་འབབ་ཀྱིན་ཡོད། རྫ་ཆུ་ནི་བོད་རང་སྐྱོང་ལྗོངས་ཀྱི་ཆབ་མདོ་ནས་ངོམ་ཆུ་དང་འདྲེས་རྗེས་ཤར་ལྷོར་ཕྱོགས་ཏེ་ཡུན་ནན་ཞིང་ཆེན་གྱི་ནུབ་ཕྱོགས་ས་ཁུལ་བརྒྱུད་ནས་ཞི་ཧྲོང་པན་ན་ཏའེ་རིགས་རང་སྐྱོང་ཁུལ་གྱི་ལྷོ་ཕྱོགས་ནས་རྒྱལ་ཡོངས་བརྒལ་ཏེ་འབར་མ་དང་། ལའོ་ཝུའོ། ཐེ་གོ ཇན་ཕུའུ་ཀྲའེ་བཅས་རྒྱལ་ཁབ་མང་བོ་བརྒྱུད་ནས་མཇུག་མཐར་ཡོ་ནན་རྒྱལ་ཁབ་ཀྱི་ལྷོ་ཁུལ་ནས་ལྷོ་ཕྱོགས་རྒྱ་མཚོར་འབབ་བཞིན་ཡོད། རྒྱལ་ཁོངས་བརྒལ་རྗེས་རྫ་ཆུའི་མིང་ལ་མེ་ཀོང་གཙང་བོ་ཟེར། ཆུ་བོ་འདིའི་བཞུར་རྒྱུན་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ ༤༥༠༠ དང་འབབ་ཡུལ་གྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི ༨༡ ཡོད།༼ཤེས་བྱ་དྲི་བརྒྱ་བ་ལས་བཏུས།༽