རྒྱལ་མོ་རྔུལ་ཆུ།
དྲ་ཚིགས་དོ་དམ་པས།
འབྱུང་ཁུངས། སྤེལ་མཁན། སྤེལ་དུས།2016-10-27

ངོ་སྤྲོད་མདོར་བསྡུས།

         མགོ་ཁུངས། གདང་ལ་རི་བོའི་ལྷོ་འདབས་ཡིན། བརྒྱུད་ཡུལ། ནག་ཆུ་དང་། འབྲི་རི། སྦྲ་ཆེན། སྟེང་ཆེན། ལྷོ་རོང་། དཔའ་ཤོད། མཛོ་སྒང་སོགས་རྫོང་ཁག་བརྒྱུད་ནས་ཡུན་ནན་དུ་བཞུར་རྗེས་འབར་མའི་སར་ཝུན་གཙང་བོ་དང་བསྡོངས་ནས་མའོ་ཐེན་མན་ཞེས་པའི་ས་ཁུལ་གྱི་ཉེ་འགྲམ་ནས་ཧིན་རྡུ་རྒྱ་མཚོའི་ནང་དུ་འབབ་བཞིན་ཡོད། རིང་ཚད། སྤྱིའི་རིང་ཚད་ལ་སྤྱི་ལེ ༣༢༠༠ དང་བོད་ཡུལ་གྱི་རིང་ཚད་ལ་སྤྱི་ལེ ༡༣༩༣ ཡོད་ཅིང་འཛམ་གླིང་གི་ཆུ་ཆེན་ཨང་བཅུ་དགུ་བ་དང་བོད་ཀྱི་ཆུ་ཆེན་གཉིས་པར་གྲགས། བཞུར་ཡུལ་གྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི ༣༢.༥ ཡོད།




༡༽རྒྱལ་མོ་རྔུལ་ཆུ།(怒江)

      འདི་ནི་གཉན་ཆེན་ཐང་ལྷའི་རི་རྒྱུད་ཀྱི་ལྷོ་ཕྱོགས་ནས་འབར་མ་རྒྱལ་ཁབ་བརྒྱུད་དེ་ཧིན་རྡུ་རྒྱ་མཚོར་འབབ་ཅིང་། སྤྱིའི་རིང་ཚད་ལ་སྤྱི་ལེ ༣༢༠༠ དང་བོད་ཡུལ་གྱི་རིང་ཚད་ལ་སྤྱི་ལེ ༡༣༩༣ ཡོད། བོད་ཡུལ་ལས་བརྒལ་ན་སར་ཝུན་གཙང་བོ(萨尔温江)ཟེར་ལ། འཛམ་གླིང་གི་ཆུ་ཆེན་ཨང་བཅུ་དགུ་བ་རེད།༼བོད་སྤྱི་བཤད་ལས་བཏུས།༽


༢༽རྒྱལ་མོ་རྔུལ་ཆུ།

      རྒྱལ་མོ་རྔུལ་ཆུ་ནི་གདང་ལའི་ལྷོ་ཕྱོགས་ཨ་མདོ་རྫོང་ཁོངས་ནས་བབས་ཏེ་ནག་ཆུ་དང་། འབྲི་རི། སྦྲ་ཆེན། སྟེང་ཆེན། ལྷོ་རོང་། དཔའ་ཤོད། མཛོ་སྒང་སོགས་རྫོང་ཁག་བརྒྱུད་ནས་ཡུན་ནན་དུ་བཞུར་རྗེས་འབར་མའི་སར་ཝུན་གཙང་བོ་བརྒྱུད་མཐར་རྒྱ་གར་རྒྱ་མཚོར་འབབ་ཀྱིན་ཡོད། བཞུར་རྒྱུན་གྱི་རིང་ཚད་ལ་སྤྱི་ལེ ༣༢༤༠ ཡོད་པ་དང་བཞུར་ཡུལ་གྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ ༢༣༥.༠༠༠ ཙམ་ཡོད་པས་ཆུ་བོ་འདི་ནི་བོད་ཀྱི་ཆུ་ཆེན་གཉིས་པར་གྲགས།༼བོད་ཀྱི་སློབ་འབྲིང་དྲ་བ་ལས་བཏུས།༽


༣༽རྒྱལ་མོ་རྔུལ་ཆུ།

      རྒྱལ་མོ་རྔུལ་ཆུའི་སྟོད་རྒྱུད་ནག་ཆུ་དང་ཤག་ཆུ། སོག་ཆུ་སོགས་ཀྱི་མགོ་ཁུངས་ནི་གདང་ལ་རི་བོའི་ལྷོ་འདབས་ཡིན་ལ། ནག་ཆུ་དང་སོག་ཆུ་གཉིས་བོད་ལྗོངས་ཀྱི་འབྲི་རུ་རྗོང་ན་གཞི་གཅིག་ཏུ་འདྲེས་འདུག འདྲེས་མཚམས་དེའི་མན་ཆད་ལ་རྒྱལ་མོ་རྔུལ་ཆུ་ཞེས་འབོད། རྒྱལ་མོ་རྔུལ་ཆུ་ནི་སོག་རྫོང་དང་དཔལ་འབར། སྟེང་ཆེན། ལྷོ་རོང་། དཔའ་ཤོད། མཛོ་སྒང་། རྒྱལ་མོ་ཚ་བ་རོང་སོགས་བརྒྱུད་ཅིང་ཡུན་ནན་ཞིང་ཆེན་ལ་སླེབ་དུས་ལྷོ་ཕྱོགས་སུ་དཀྱོགས་ཏེ་ལི་སུའུ་རིགས་རང་སྐྱོང་ཁུལ་དང་། པའོ་ཧྲན་ས་ཁུལ། ཏའེ་ཧོང་ཏའེ་རིགས་དང་ཅིང་ཕོ་རིགས་རང་སྐྱོང་ཁུལ་སོགས་བརྒྱུད་ནས་འབར་མ་རྒྱལ་ཁབ་ཏུ་འབབ་བཞིན་ཡོད་ལ། འབར་མ་རྒྱལ་ཁབ་ཏུ་རྒྱལ་མོ་རྔུལ་ཆུའི་མིང་ལ་སར་ཝུན་གཙང་བོ་ཟེར། སར་ཝུན་གཙང་བོ་ནི་མའོ་ཐེན་མན་ཞེས་པའི་ས་ཁུལ་གྱི་ཉེ་འགྲམ་ནས་ཧིན་རྡུ་རྒྱ་མཚོའི་ནང་དུ་འབབ་བཞིན་ཡོད། རྒྱལ་མོ་རྔུལ་ཆུའི་བཞུར་རྒྱུན་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ ༣༢༠༠ དང་། བཞུར་ཡུལ་གྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི ༣༢.༥ ཡོད། རང་རྒྱལ་དུ་རྒྱལ་མོ་རྔུལ་ཆུ་བཞུར་རྒྱུན་གྱི་རིང་ཚད་ལ་སྤྱི་ལེ ༡༥༤༠ དང་། བཞུར་ཡུལ་གྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི ༡༢ ཡོད། རྒྱལ་མོ་རྔུལ་ཆུའི་བཞུར་རྒྱུན་མགྱོགས་པར་མ་ཟད། བཞུར་ཡུལ་གྱི་ས་བབ་རྩུབ་ཅིང་གྲོག་རོང་མང་བས་ཆུ་བེད་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པའི་ཆུ་བོ་ཞིག་ཡིན།༼ཤེས་བྱ་དྲི་བརྒྱ་བ་ལས་བཏུས།༽


༤༽རྒྱལ་མོ་རྔུལ་ཆུ།

      ཆུ་བོ་འདི་ནི་གདང་ལའི་ལྷོ་ཕྱོགས་ཨ་མདོ་རྫོང་ཁོངས་ནས་བབས་ཏེ་ནག་ཆུ་དང་། འབྲི་རུ། སྦྲ་ཆེན། སོག དཔལ་འབར། སྟེང་ཆེན། ལྷོ་རོང་། དཔའ་ཤོད། མཛོ་སྒང་སོགས་རྫོང་ཁག་བརྒྱུད་ནས་ཡུན་ནན་དུ་བཞུར་རྗེས་འབར་མའི་སར་ཝུན་གཙང་བོ་བརྒྱུད་མཐར་རྒྱ་གར་རྒྱ་མཚོར་འབབ། བོད་ཁོངས་སུ་རྒྱལ་མོ་རྔུལ་ཆུའི་བཞུར་རྒྱུན་རིང་ཚད་སྤྱི་ལེ་ཆིག་སྟོང་སུམ་བརྒྱ་དགུ་བཅུ་གོ་གསུམ་ཡོད་པ་དང་བཞུར་ཡུལ་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཆིག་འབུམ་ཁྲི་མེད་ཉིས་སྟོང་ལྔ་བརྒྱ་ཙམ་ཡོད་པས་ཆུ་བོ་འདི་ནི་བོད་ཀྱི་ཆུ་ཆེན་གཉིས་པར་གྲགས།༼དུང་དཀར་ཚིག་མཛོད་ལས་བཏུས།༽