འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཀྱི་རྣམ་ཐར།
དྲ་ཚིགས་དོ་དམ་པས།
འབྱུང་ཁུངས། སྤེལ་མཁན། སྤེལ་དུས།2016-10-24

འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཀྱི་རྣམ་ཐར།


      ལམ་བཟང་གསལ་མཛད་སྟོན་པ་རིན་པོ་ཆེ། །ཞེས་བསྔགས་པ། འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཞེས་མཚན་ཡོངས་སུ་གྲགས་པ་དེ་ནི། སྔོན་བསྐལ་བ་དཔག་ཏུ་མེད་པའི་སྔ་རོལ་ནས་ཐུགས་བསྐྱེད་དེ་རྫོགས་སྨིན་སྦྱང་གསུམ་མཐར་ཕྱིན་ནས་འཕགས་པ་ཐུགས་རྗེ་ཆེན་པོ་ཞེས་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་གྲགས་ཤིང་སྤྲུལ་བའི་བཀོད་པས་སངས་རྒྱས་ཀྱི་ཞིང་ཐམས་ཅད་དང་མ་དག་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་ཅིང་། བདེ་བ་ཅན་དུ་མགོན་པོ་འོག་དཔག་ཏུ་མེད་པའི་སྲས་ཀྱི་ཐུ་བོའི་ཚུལ་བཟུང་བ་སོགས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་དྲུང་ན་སྲས་ཀྱི་ཐུ་བོའི་ཚུལ་འཛིན་པ་དང་། ཞིག་ཁམས་ལ་ལར་འཚང་རྒྱ་བའི་ཚུལ་སྟོན་པ་དང་། འཇིག་རྟེན་གྱི་ཁམས་ལ་ལར་འཁོར་ལོས་བསྒྱུར་བའི་རྒྱལ་བོ་དང་། ལ་ལར་བློན་པོ། ལ་ལར་སྡེ་དཔོན། ལ་ལར་མཁན་པོ། ལ་ལར་ཕ་མ། ལ་ལར་བྱ་དང་རི་དྭགས་ཚུན་ཆད་ཀྱི་ཚུལ་བཟུང་སྟེ་གང་ལ་གང་འདུལ་གྱི་སྐུའི་བཀོད་པས་སེམས་ཅན་གྱི་དོན་མཛད་བཞིན་པ་ལས་མི་མཇེད་འཇིག་རྟེན་གྱི་ཁམས་འདིར་བསྐལ་བཟང་གི་སངས་རྒྱས་སྟོང་གང་དུ་འཚང་རྒྱ་བའི་ཚུལ་སྟོན་པའི་གནས་འཛམ་བུའི་གླིང་གི་ལྷོ་ཕྱོགས་ན་པོ་ཏ་ལ་ཞེས་བྱ་བའི་སྤྲུལ་བའི་ཞིང་ཁམས་ཞིག་ན་བཞུགས་པ་ལས། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་གདན་འཛོམས་སྟེ་བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམ་སེལ་ཕོ་ཉར་མངགས་ཏེ་བྱང་ཕྱོགས་ཁ་བ་ཅན་གྱི་ལྗོངས་འདིའི་གདུལ་བྱ་རྒྱལ་བ་གཞན་གྱིས་གདུལ་བར་མ་ནུས་པའི་དམུ་རྒོད་ཅན་འདི་རྣམས་ཐུགས་རྗེ་ཆེན་པོ་ཉིད་ཀྱིས་འདུལ་བར་འོས་སོ་ཞེས་བོད་ཁམས་ཀྱི་མགོན་པོར་འབྱོན་པའི་ཐུགས་རྗེ་བསྐུལ། དེ་བཞིན་དུ་ཆོས་རྒྱལ་དཀོན་མཆོག་འབངས་ཨྱོན་གྱི་ཡུལ་དུ་བྱོན་པའི་ཚེ་བླ་མ་དྲི་མས་མེད་པ་མཁའ་འགྲོ་བྱེ་བའི་ཚོགས་དང་བཅས་པས་ཀྱང་ཁ་བ་ཅན་དུ་བྱོན་ནས་སེམས་ཅན་གྱི་དོན་མཛད་དགོས་པར་བསྐུལ་བ་ལ་བརྟེན་ནས་འཕགས་པ་ཐུགས་རྗེ་ཆེན་པོས་མི་རྗེའི་ཚུལ་བཟུང་ནས་བོད་དུ་རྒྱལ་ཁྲིམས་བཙན་པོས་ཐམས་ཅད་དབང་དུ་བསྡུས། དགེ་བཅུའི་ཁྲིམས་ཀྱིས་ཆོས་ཀྱི་སྣོད་རུང་དུ་བྱས་སངས་རྒྱས་ཀྱི་བསྟན་པའི་གཞི་ཆགས་པ་ན་བླ་མ་དྲི་མ་མེད་པ་རྒྱ་གར་དུ་གནས་ལྔ་མཁྱེན་པའི་པཎ་ཆེན་དཔལ་མར་མེ་མཛད་ཡེ་ཤེས་ཞེས་བྱ་བར་སྐུ་འཁྲུངས་ནས་གདུལ་བྱ་འདུལ་བའི་དུས་ལ་བབ་པ་ན། ཐུགས་རྗེ་ཆེན་པོ་འབྲོམ་རྗེར་སྐུའི་བཀོད་པ་བསྟན་ཏེ། དེ་ཡང་འབྲོམ་རིན་པོ་ཆེ་གང་དུ་འཁྲུངས་པའི་གནས་ནི། གངས་རིའི་ཕྲེང་བས་ཡོངས་བསྐོར་ས་ཡི་གཞི། །ལྷ་ཆེན་ཟུར་ཕུད་ལྔ་བས་བསྟེན་པའི་འདབས། །རྗེའུའི་རིགས་ལས་འབྲོམ་ཞེས་རབ་གྲགས་པར། །གཙོ་བོའི་རིགས་སུ་འཁྲུངས་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ལྟར་དབུ་རུའི་བྱང་གི་ཕྱོགས་ལྷ་ཆེན་ཐང་ལྷའི་ཞོལ། །སྟོད་ལུང་གི་ཕུ་རྩ་སྒྱེ་མོའི་སའི་ཆར་ཡབ་སྐུ་གཤེན་ཡག་གཞེར་འཕེན་དང་། ཡུམ་ཁུ་འོད་བཟའ་ལན་ཅིག་མ་གཉིས་ཀྱི་སྲས་སུ་ཤིང་ཕོ་འབྲུག་གི་ལོར་སྐུ་འཁྲུངས། དེ་ཡང་ཡབ་ཀྱིས་མ་ཡར་གཅིག་བཞེས་ཏེ་དེ་དང་འགྲོགས་ནས་ཡོད་པ་ལ། དེ་དང་མཐུན་མ་མཐུན་པའི་རྐྱེན་གྱིས་བསྐུལ་ཏེ་གཞུ་རུ་ཞང་བོའི་སར་ལོ་བཅུ་གསུམ་ཙམ་ལ་བྱོན། དགེ་བཤེས་གཡུང་ཆོས་མགོན་བྱ་བ་ལ་ཀློག་ཡིག་བསླབས། དེར་ལོ་བཞི་བཞུགས། དགུང་ལོ་བཅུ་བདུན་ལོན་ཙ་ན་ཇོ་བོ་སེ་བཙུན་གཞོན་ནུ་གྲུམ་གྱི་མཁན་བུ་ཆེན་པོ་དེ་རྒྱ་གར་དུ་བཞུད་པའི་ཐུགས་དགོངས་ཀྱིས་བྱོན་པ་དང་གདན་འཛོམས་པས་ཤིན་ཏུ་དད་པར་གྱུར་ཏེ་བླ་མ་སེ་བཙུན་ལ་ཇོ་བོ་ཐུགས་རྗེ་ཆེན་པོ་ཡི་གེ་དྲུག་པའི་གདམས་པ་ཞུས། དེ་ནས་སེ་བཙུན་ཡར་བཞུད་བལ་ཡུལ་དུ་བྱོན་ནས་ཕྱི་རོལ་བའི་པཎྜི་ཏ་ཞིག་དང་ཆོས་གཏམ་བྱས་པས་སེ་བཙུན་རྒྱལ། ཕྱི་རོལ་པའི་མངོན་ཤེས་དང་ཁོང་གི་དཔྱད་འགྲན་པས་སེ་བཙུན་མ་ཐུབ་ནས་དེར་སེ་བཙུན་གྱི་ཐུགས་དགོངས་ལ་ཕྱི་རོལ་པས་ངན་བྱས་དོགས་པ་དང་། རྒྱ་གར་ནའང་ང་རང་བས་མཁས་པ་མེད་དམ་སྙམ་ནས་ཕྱིར་ལོག་བྱོན་པ་དང་གདན་འཛོམས་པས་འབྲོམ་རིན་པོ་ཆེས་བླ་མ་སེ་བཙུན་ལ་ཕྱག་ཕྱིར་འཁྲིད་པར་ཞུས་པས་སང་ཕོད་ཚོང་བ་དང་འགྲོགས་ལ་ཤོག །ད་རེས་ཁྲིད་ན་བྱིས་པ་བརྐུས་ནས་ཁྲིད་ཟེར་དུ་འོང་གསུངས། དེ་ནས་འབྲོམ་རིན་པོ་ཆེས་རྒྱལ་གྱི་ཞང་སྣ་ནམ་རྡོ་རྗེ་དབང་ཕྱུག་ལ་དགེ་བསྙེན་གྱི་སྡོམ་པ་མནོས་ཏེ་མཚན་རྒྱལ་བའི་འབྱུང་གནས་སུ་གསོལ། དགུང་ལོ་བཅུ་དགུ་བ་ལ་བབ་པ་ན་མདོ་ཁམས་ཕྱོགས་སུ་འགྲོ་བའི་ཚོང་བ་དང་འགྲོགས་ཏེ་མདོ་ཁམས་ལྡན་མའི་ཡུལ་དུ་བྱོན་ནས་བླ་མ་སེ་བཙུན་བསམ་སྦྱོར་གཉིས་ཀྱི་སྒོ་ནས་ཚུལ་བཞིན་དུ་བསྟེན་ཏོ། །སངས་རྒྱས་ཐམས་ཅད་མཆོད་པ་བས་བླ་མ་མཆོད་པ་ཕན་ཡོན་ཆེའོ་ཞེས་གདུལ་བྱ་རྣམས་ལ་འདོམས་པའི་ཕྱིར་བླ་མ་སེ་བཙུན་གྱི་ནང་གི་ཞབས་ཏོག་ཕྱེ་འཐག་པ་ཡན་ཆོད་དང་། ཕྱི་རོལ་ཏུ་རྟ་ཕྱུགས་མང་བོ་ཡོད་པས་ཉིན་པར་དེ་རྣམས་ཀྱི་རྫི་བོ་མཛད། ནུབ་མོ་རྟ་བཟང་ལ་ཞོན་འཁོར་གསུམ་ཚེར་མ་འདྲ་བ་བྱས་ཏེ་མེལ་ཚེ་མཛད། ཕྱེ་འཐག་པ་ན་དཔེ་ཆ་རང་ཐག་གི་སྟེང་དུ་བཞག་སྟེ་གཟིགས་པ་ལ་སོགས་པའི་སློབ་གཉེར་ལ་བརྩོན་པར་མཛད། ཕྱེ་བཏགས་པས་ཕྱག་མཐིལ་གླང་རྒན་གྱི་མཇིང་བ་ལྟར་སོང་། ཇོ་བོ་སེ་བཙུན་དེ་ཡོ་བྱད་ལ་ཆགས་པ་མི་མངའ། གཏོང་བར་ཡང་མི་མཛད་ཀྱང་མ་དད་པ་མ་བྱུང་། སེ་བཙུན་གྱི་བྱ་བྱེད་ལ་ཡང་དཀའ་བ་མ་བྱུང་གསུངས།

      འབྲོམ་རིན་པོ་ཆེ་འདི་ནི་ལམ་གྱི་རྩ་བ་བཤེས་གཉེན་བསྟེན་པའི་ཚུལ་ལ་རྒྱལ་བ་སྲས་བཅས་ཀུན་གྱིས་བསྔགས་པར་འོས་པ་ཞིག་བྱུང་སྟེ། ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེར་བཤེས་གཉེན་བསྟེན་པའི་ཚུལ་ལ་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུ་བསྔགས་འོས་སུ་མཛད་པ་ལྟར་འབྲོམ་རིན་པོ་ཆེ་འདི་ཡང་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུ་དང་ལུས་ཀྱི་རྐང་བཏང་མ་བཏང་གི་ཁྱད་ལས་མེད་པ་ཞིག་བྱུང་། དེའི་ཚེ་བླ་མ་སེ་བཙུན་གྱི་སྤྱན་སྔར་མདོ་སྔགས་ཀྱི་གཞུང་མཐའ་ཡས་པ་ལ་སྦྱངས་ཤིང་། ཁྱད་པར་བདག་ཉིད་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཡབ་སྲས་ཀྱི་གཞུང་དབུ་མའི་སྐོར་དང་། བྱམས་ཆོས་སྡེ་ལྔ་དང་། ཐོགས་མེད་སྐུ་མཆེད་་ཀྱི་གཞུང་རྣམས་སོགས་སྤྱོད་ཕྱོགས་རྣམས་ལ་རྩལ་དུ་ཐོན་པར་སྦྱངས་ཏེ་ཆོས་གྲལ་དགེ་འདུན་བྱིངས་དང་བགྲོ་གླེང་མཛད་པ་ན་བདག་ཉིད་ཆེན་པོ་འདི་ལ་སུས་ཀྱང་ལན་འདོད་སྤོབས་པར་མ་ནུས་ནས་མཁས་པའི་ཕུལ་དུ་ཕྱིན་པར་གྲགས། དེའི་ཚེ་དགེ་འདུན་རྣམས་ཀྱིས་མཁས་པ་ཆེན་པོ་འདི་ལྟ་བུ་རྟ་བོང་གི་རྫི་བོ་དང་ཡོས་འཐག་པ་སོགས་ངན་ལས་ལ་བཀོལ་དུ་ཕངས་པས་ད་ཕྱིན་ཆད་ངན་ལས་བགྱི་མི་དགོས་པར་ཆོས་གྲར་ཕེབས་ཆོག་པ་དགོས་ཞེས་བླ་མ་སེ་བཙུན་ལ་ཞུས་ནས་དེ་བཞིན་དུ་གནང་། དུས་དེའི་ཚེ་ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་དང་རྔོག་ལེགས་པའི་ཤེས་རབ་གཉིས་ཀྱང་ཆོས་གྲ་དེར་བཞུགས་པས་ཁུ་རྔོག་འབྲོམ་གསུམ་ཞེས་པའང་ཁམས་སུ་གྲགས་པ་ཡིན།

      དེ་ནས་འབྲོམ་རིན་པོ་ཆེའི་ཐུགས་དགོངས་ལ། དལ་འབྱོར་གྱི་མི་ལུས་ཐོབ་པར་དཀའ་བ་རྙེད་དུས་འདིར་ཆོས་རྣལ་མ་ཞིག་བྱེད་ན་འདི་ཙམ་གྱིས་ཆོག་གམ་མི་ཆོག རྒྱ་གར་མཁས་པ་ཅིག་ལ་འདྲི་བ་ལ་བར་དུ་ལོ་ཙཱ་མི་དགོས་པ་ཞིག་བྱ་དགོངས་ཏེ་པཎྜི་ཏ་སྒྲའི་ཚེར་མ་ཞེས་བྱ་བ་སྨྲྀ་ཏི་ཛྙཱ་ན་ཀིརྟི་ཕྱོགས་དེར་བྱོན་པ་ལ་སཾ་སྐྲྀ་ཏའི་སྐད་དང་རྒྱ་ཡིག་ཀྱང་བསླབས་པས་ལེགས་པར་མཁྱེན། དེ་དུས་འབྲོམ་རིན་པོ་ཆེས་པཎྜི་ཏ་སྨྲྀ་ཏི་ལ་རྒྱ་གར་ན་ད་ལྟ་པཎྜི་ཏ་ཆེ་བ་ཇི་སྐད་བྱ་བ་ཡོད་དྲིས་པས། ཆེ་བགྲེས་ནཱ་རོ་བ་དང་ཤཱནྟི་བ་བྱ་བ་ཡོད། དེ་གཉིས་ད་ཙམ་འདས་སམ། ད་ལྟ་པཎྜི་ཏ་དཱི་པཾ་ཀཱ་ར་བྱ་བ་རྒྱལ་རིགས་ལས་རབ་ཏུ་བྱུང་བ་ཅིག་ཡོད་དེ། དེ་རང་ཆེ་བར་འོང་ཟེར་བས་འབྲོམ་རིན་པོ་ཆེའི་ཐུགས་ལ་དེ་དང་མཇལ་ན་དགའ་བ་ལ། དེ་དང་ཅི་མཇལ་བྱ་དགོས་སྙམ་པ་བྱུང་། དེ་ལྟར་འབྲོམ་རིན་པོ་ཆེས་མདོ་ཁམས་སུ་བླ་མ་སེ་བཙུན་གྱི་སྤྱན་སྔར་ལོ་ཉི་ཤུའི་བར་དུ་བཞུགས་ཏེ་མདོ་སྔགས་ཀྱི་ཆོས་མང་དུ་གསན་པས་མཁས་པའི་ཕུལ་དུ་བྱིན། དགེ་བསྙེན་ཆོས་འཕེལ་དུའང་གྲགས་པ་བྱུང་སྟེ། དེ་ལྟར་དུ་འབྱུང་བར་རྒྱལ་བ་ཉིད་ཀྱིས་མདོ་ལས་ལུང་བསྟན་པ་ནི། སྙིང་རྗེ་པད་དཀར་དུ། བྱང་ཕྱོགས་སུ་བསྟན་པ་ལ་དད་པ་ལྷར་སྐྱེ་ཞིང་རབ་བྱུང་ཆོས་བཞིན་མི་སྤྱོད་པ་ལོག་པར་ལྟུང་། དེར་དགེ་བསྙེན་ཆོས་འཕེལ་ཞེས་པ་རྫུ་འཕྲུལ་དང་ལྡན་པ་འབྱུང་། ཞེས་དང་། སངས་རྒྱས་ཕལ་བོ་ཆེ། བྱང་ཕྱོགས་སུ་དགེ་བསྙེན་ཆོས་འཕེལ་བྱ་བ་འབྱུང་ཞེས་ལུང་བསྟན་པ་དང་མཐུན་ནོ། །

      དེ་ནས་ཇོ་བོ་མངའ་རིས་སུ་ཕེབས་པ་འགྲུལ་བ་ལས་གསན་པས་སེ་བཙུན་ལ་མངའ་རིས་སུ་འགྲོ་བར་ཞུས། ཁོང་གིས་ཀྱང་མི་དགྱེས་པ་མེད་པར་དཔེ་རྟ་ཁལ་གཅིག་གནང་ནས་བྱོན་ནོ། །བྱང་ལམ་དུ་སླེབ་ཙ་ན་མངའ་རིས་ཀྱི་ལྷ་བླ་མ་ཁུ་དབོན་གྱིས་ཇོ་བོ་རྗེ་ལྷ་ཅིག་བྱ་བའི་པཎྜི་ཏ་ཆེན་པོ་ཞིག་གདན་དྲངས་ནས་ཡོད། དེ་རིང་བོར་མི་ཐོགས་པར་རྒྱ་གར་དུ་བཞུད་པར་འདུག་བྱ་བ་གསན་པས་དེར་ཇོ་བོའི་མཚན་ཐོས་པ་ཙམ་གྱིས་ཐུགས་རང་དབང་མེད་པར་གཡོས་ཏེ་དད་གུས་བསམ་གྱིས་མི་ཁྱབ་པ་འཁྲུངས། མཇལ་དུ་འབྱོན་པའི་འདུན་པ་དྲག་ཏུ་འཁྲུངས་སོ། །དེ་ནས་ཇི་ལྟར་བཞེད་པ་ལྟར་བྱོན་ཏེ་སོག་ཆུ་ཁར་ཕེབས་པ་ན་ཁང་བ་ཅིག་ན་ཀུ་དི་རི་འདུག་པས། འདི་ན་ཅི་ཡོད་དྲིས་པས། འཕྲང་ཁ་བེར་ཆུང་ཡབ་བེར་ཆེན་གྱི་འདེད་དང་སྲིད་པོ་རྣམས་བསྡུ་བའི་ཆང་ཡོད་པ་ཡིན་ཟེར་བས། ཐག་རིང་ནས་བྱོན་པས་དེར་སྐྱེམ་སྐྲུར་བྱོན་པ་ལ་འཕྲང་ཁ་བེར་ཆུང་གིས་ཁྱོད་ཆོས་གྲྭ་ནས་འོངས་པའི་དགེ་བསྙེན་ཞིག་འདུག་སྟེ་ང་ཡང་ཞང་འཕྲང་ཁ་བེར་ཆུང་བྱ་བའི་མི་ཆེན་ཞིག་ཡིན། ཁྱོད་ཀྱིས་དེ་ནས་ཡར་ལ་ཕྱག་ཝ་འཁྱུག་པ་འདྲ་བ་ཅིག་གྱིས་ཟེར་བས་འབྲོམ་རིན་པོ་ཆེས་ཀྱང་དེ་བཞིན་དུ་མཛད། དེར་བེར་ཆུང་ཆོས་གཏམ་ལ་དགའ་བས་ཆོས་གཏམ་མང་བོ་བྱས་པའི་ཚེ་འབྲོམ་གྱིས་ཁོང་གི་ཚིག་སྣ་རེ་ནས་བརྡུངས་པས་ཁོ་ཐེ་ཚོམ་སྐྱེས་ནས། ཁམས་མ་གི་ན་འབྲོམ་སྟོན་པ་ཟེར་བའི་དགེ་བསྙེན་ཆོས་མཁན་ཞིག་ཡོད་ཟེར། དེ་ཁྱོད་ཡིན་ནམ་ཟེར་བར། ཡིན་པའང་སྲིད་གསུངས་པས་ཁོང་ཧ་ལས་ཏེ་ཁོང་རང་གི་འོག་གི་གྲུམ་ཙེ་ཕྱུང་སྟེ་དགེ་བཤེས་སྟོན་པ་ལ་བཏིངས། རྟ་བཟང་བོ་གཅིག་གི་ཐུར་མདའ་དར་ཡུག་གིས་བྱས་ནས་ཕུལ། ད་ཅི་ནས་ཕྱག་བླངས་པའི་བཟོད་གསོལ་བྱས། དེ་ནས་བགྲོ་གླེང་བྱས་པའི་བཟོད་གསོལ་བྱས། རྭ་སྒྲེང་གི་ས་ཆ་འདིར་དགོན་ས་མཛད་དེ་མཆོད་གནས་མཛད་པར་ཞུས་པ་ན་འབྲོམ་རིན་པོ་ཆེའི་ཞལ་ནས། ང་ད་རེས་སྡོད་མི་ཁོམ། མངའ་རིས་སྟོད་ཡ་གིར་པཎྜི་ཏ་ཆེན་པོ་ཞིག་བྱོན་ཟེར་བས་དེར་འགྲོ་གསུངས། འོ་ན་ཡར་མར་ཕེབས་ནས་ངའི་མཆོད་གནས་བྱ་དགོས་ཟེར་བས། སྟོན་པའི་ཞལ་ནས། རྩིགས་ཁ་གསུམ་འཛིན་དགོས་ཏེ་སྟེར་ན་བྱ་གསུངས། གང་བཞེད་ཞུས་པས། བོད་མདོའི་མཁར་འདི་བཤིག་ལ་གཙུག་ལག་ཁང་ཞིག་བཞེངས། ཤ་ཟན་དང་རྩམ་ཟན་གྱི་འཁྲུག་པ་ནི་བསྡུམས། ངའི་ཕྱི་ནས་ཡར་ལ་རྔོག་ལེགས་པའི་ཤེས་རབ་བྱ་བ་འོང་གི་དེ་ལ་ཆོས་ཚུགས། དེ་མ་བྱུང་ན་གཡོན་རུ་ན་ཁུ་སྟོན་བློ་རྣོན་པོ་བྱ་བ་ཡོད། དེ་སྤྱན་དྲོངས་ལ་ཆོས་ཚུགས་གསུངས། ཁོང་ན་རེ་གཉིས་པོ་བྱས་པས་ཆོག །ཤ་ཟན་གྱི་འཁྲུག་པ་འདི་ལ་ང་རེ་བ་ཡིན། སྔར་ཡང་འབྲི་དྲུག་ཅུ་ཙམ་ཟོས་ཟིན། འོ་ན་ཡང་ཁམ་ཙམ་མེད། བསྡུམས་བྱས་པས་ཆོག་ཟེར་ནས་རྩིགས་གསུམ་པོ་ཁས་བླངས། དེ་ནས་དགེ་བཤེས་སྟོན་པས་རྒྱལ་གྱི་ཞང་ཆེན་པོ་བསླབས་པའི་སློབ་དཔོན་ཡིན་པས་ཕྱག་འཚལ་དུ་བྱོན། དེའི་ཚེ་དབུས་ཕྱོགས་ན་དགེ་བཤེས་ཀ་བ་མི་ཆེ་བས་རྒྱ་མོའི་ཕུར་བཞུགས་པ་མཇལ། ལྷ་བཙུན་བོ་དྷི་རཱ་ཛ་ལ་སོགས་པ་བོད་ཀྱི་མི་ཆེན་རྣམས་ལ་ཞེ་ས་མཛད་ནས། ད་ལྟ་མངའ་རིས་ན་ལྷ་བླ་མ་བྱང་ཆུབ་འོད་ཀྱིས་ཇོ་བོ་ལྷ་གཅིག་བྱ་བའི་པཎྜི་ཏ་མཁས་པ་ཅིག་གདན་དྲངས་ནས་ཡོད་ཟེར། ངས་དེ་གདན་དྲངས་ནས་ཞལ་མཐོང་དང་བཅས་པའི་དབུལ་བ་གྱིས་ཤིག་ཅེས་ཞུ་བ་ཕུལ། ཀ་བ་ཤཱཀྱ་དབང་ཕྱུག་ལ་ཆབ་ཤོག་ཁྱེད་ཀྱི་ཕྱག་ཏུ་བརྫངས་ཀྱི། དེ་ཙ་ན་བསྐུལ་མ་གྱིས་ལ་ལ་སྟོད་དུ་བསུ་བས་སླེབས་པར་མཛོད་ཅིག་ཅེས་ཞུ་བ་ཕུལ་བས། ཀ་བ་ན་རེ། ཁྱོད་ཀྱིས་སྤྱན་ཅི་འདྲོངས་གྱིས། ངས་བསྐུལ་མ་བྱས་ནས་ལ་སྟོད་དུ་སླེབ་པར་བསུ་བ་བྱ་གསུངས། དེ་ནས་མི་ཆོས་རྣམས་ལ་གསེར་སློང་ལ་བྱོན་པས། ད་ལྟ་ཉུང་བ་ལས་མི་འོང་། ཕྱིས་མང་དུ་དབུལ་ཞུས་པས། ཉུང་ཡང་ད་ལྟ་འདོད། པཎྜི་ཏ་ཅན་དུ་རིངས་གསུངས། ཉུང་ཡང་བླངས་ཏེ་དེ་ནས་མི་གྲོང་མ་བརྒྱུད་པར་བྱང་ལམ་ལ་ཐེགས་པས་ལམ་ངོ་མ་ཤེས་པའི་སྐབས་སུ་བནྡེ་ཧྲུལ་བོ་ཞིག་བྱུང་ནས་ལམ་བསྟན། ཡ་ཚད་སྐྱེལ་ཐུང་བྱས་ནས་བདེ་བར་བཞུད་ཅིག ད་སྣ་ཤུད་ཀྱི་འཁྲུག་པ་ལངས་པས་ང་འགྲོ་མི་ཁོམ་ཟེར་ནས་འཚུབ་མར་རང་གིས་སོང་། པེ་ཧར་འདི་ཡང་ཆོས་གཤའ་མར་བྱེད་པ་ལ་གྲོགས་བྱེད་པར་འདུག་གསུངས། ཡང་ལམ་ལ་རྙེད་པ་ཅིག་ལ་ཤ་བ་ཅིག་སོང་བའི་རྗེས་ལ་བྱོན་པས་ལམ་ཏིག་གིས་བྱུང་། དེ་ཇོ་མོ་སྒྲོལ་མའི་སྤྲུལ་བ་ཡིན་གསུངས། དེ་ཙ་ན་ཇོ་བོ་རྗེ་ལ་རྗེ་བཙུན་སྒྲོལ་མའི་ཞལ་ནས། ད་སྟེ་ཞག་གསུམ་དྲོ་དང་བཞིའི་ཉིན་པར་བོད་ཀྱི་ཨུ་པ་སི་ཀ་ཆེན་པོ་འབྱོན་པས། དེ་ལ་བྱིན་གྱིས་རློབས་ཤིག་ཅེས་ལུང་བསྟན། ཇོ་བོ་ཉིད་ཀྱིས་ཀྱང་། དེ་ལྟར་དུ་དགོངས་ཏེ་ཇོ་བོའི་ཞལ་ནས། ད་ཞག་གསུམ་དྲོ་དང་བཞི་ན་ཁོ་བོའི་སྐྱེ་བ་སྔ་མའི་སློབ་མ་ཨུ་པ་སི་ཀ་ཆེན་པོ་ཞྭ་སྤྱི་རིང་རྒྱང་ངེ་བ་གསོལ་བ་ཅིག་འོང་བར་འདུག་གསུངས་ནས་དབུ་སྔས་འགོར་བུམ་པ་བཞེངས་སུ་གསོལ་ཏེ། ཞག་གསུམ་གྱི་ནང་བར་ཨུ་པ་སི་ཀ་ལ་བྱ་ར་མཛད། དྲོ་ཁ་ཚུན་ཆད་མ་བྱོན་པས། ཏཱ་རེ་རྫུན་ནི་གསུང་བ་ཅང་སྲིད་དམག་གསུངས་ནས་གྲོང་གསེབ་ཅིག་ཏུ་ཆོས་སྟོན་ལ་བྱོན་པའི་ཤུལ་དུ་དགེ་བཤེས་སྟོན་པ་དཔོན་གཡོག་ཕེབས་པ་ལ། འཁོར་ཀུན་གྱིས་ད་ལྟ་རང་འབྱོན་པས་བཞུགས་ཤིག་བྱས་པ་ལ་ང་ཐེག་པ་ཆེན་པོའི་བླ་མ་དང་མཇལ་བ་སྐད་ཅིག་མ་སྔ་མ་དང་ཕྱི་མ་གཉིས་ཀྱང་སྔ་མ་ལ་འདམ་པ་ཡིན་གསུངས་ནས་བཞུད་པས། ཇོ་བོ་དང་སྲང་བར་ཞིག་ཏུ་མཇལ་ཏེ་ཕྱག་མཛད་ནས། ཕྱག་རྟེན་དུ་གསེར་ཕུལ། དེར་ཇོ་བོའི་ཕྱག་སྟོན་པའི་དབུ་ཐོག་ཏུ་བཞག་ནས། སཾ་སྐྲྀ་ཏའི་སྐད་དུ་ཤིས་བརྗོད་མཛད་ཅིང་བྱིན་གྱིས་བརླབས་སོ། །དེ་ནས་འབྲོམ་རིན་པོ་ཆེས་གསོལ་བ་བཞེས་ནས་ཇོ་བོའི་གཟིམ་ཁང་དུ་བྱོན་པ་ན་ཇོ་བོ་རྗེས་བུམ་པ་དབུ་ཐོག་ཏུ་བཞག་སྟེ་དབང་བསྐུར་ཡང་ལེགས་པར་གནང་། དེའི་ཚེ་དགེ་བཤེས་སྟོན་པས་ཇོ་བོ་ལ་དྲི་བ་གསུམ་མཛད། རྒྱ་གར་ན་པཎྜི་ཏ་ཇི་ལྟ་བུ་ཡོད་བྱ་བ་དང་། ངའི་སྔ་མའི་ཆོས་དེ་ལམ་དུ་སོང་ངམ་མ་སོང་བྱ་བ་དང་། བླ་མ་ཉིད་ཀྱི་སྤྱན་སྔར་བསྡད་ན་ཇི་ལྟར་མཆི་བྱ་བ་དང་གསུམ་ཞུས་པས། ཇོ་བོའི་ཞལ་ནས་རྒྱ་གར་ན་པཎྜི་ཏ་མཁས་པ་མང་བོ་ཡོད། ང་བོད་དུ་འོང་ཙ་ན་ཤར་ཕྱོགས་བྷཾ་ག་ལ་ནའང་ཉིན་རེ་མ་ཆད་པར་གྲུབ་ཐོབ་རེ་འབྱོན་གྱི་ཡོད། ཁྱོད་ཀྱི་སྔ་མའི་ཆོས་དེ་ལམ་དུ་ཡེ་མ་སོང་། བླ་མའི་ཞབས་ཏོག་ལམ་དུ་སོང་། ད་ཁྱོད་འདི་རང་དུ་སྡོད། ངའི་ལྷ་མོ་སྒྲོལ་མས་ཁྱོད་ལུང་བསྟན་པ་ཡིན་གྱི་ངའི་བཀའ་བརྒྱུད་འདི་ལ་བྱིན་རླབས་ཡོད་ཀྱི་གསུངས། དེའི་ཉིན་བར་གྱི་ཡོན་བདག་དེས་སྟོན་སྐལ་གྱི་མར་ཚལ་གཅིག་བྱིན་པ་དེ་ཞུ་ནས་དེའི་ནུབ་མོ་མར་མེ་མཚན་ཐུབ་ཅིག་དབུ་སྔས་སུ་ཕུལ། དེ་ནས་ཇོ་བོ་ཞིང་གཤེགས་ཀྱི་བར་དང་། གཤེགས་ནས་ཀྱང་རྭ་སྒྲེང་དུ་སྐུ་གདུང་ལ་དཀར་མེ་མཚན་ཐུབ་རྒྱུན་མ་ཆད་པར་འབུལ་བར་མཛད། དེ་ནས་ཕལ་ཆེན་སྡེ་བའི་ལུགས་ཀྱི་རས་ཡོལ་གྱིས་ནུབ་ལྷག་ཐུབ་པར་འདོད་པས། དེའི་ནུབ་མོ་ནས་དབུ་སྔས་སྦྲེལ་ནས་ཆོས་རྒྱུན་དུ་གསན་པར་མཛད། སང་ནང་བར་དགེ་བཤེས་སྟོན་པ་ལ་ཆེད་དུ་དགོངས་ནས་བྱང་ཆུབ་ལམ་གྱི་སྒྲོན་མ་ལ་ཆོས་ཐུན་གཅིག་མཛད་དེ་ཚར་གཅིག་གསུངས། དེ་ནས་བཟུང་སྟེ་ཆོས་གང་གསན་ཐམས་ཅད་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པའི་སྟེང་དུ་འབབ་པར་མཛད། འབྲོམ་རིན་པོ་ཆེས་ཇོ་བོ་རྒྱ་གར་དུ་ཞག་གསུམ་ན་ཐེགས་པ་ལ་བསླེབས་ནས་བོད་དུ་བཞུགས་པར་ཞུ་བ་ཕུལ་བས། ཇོ་བོའི་ཞལ་ནས། གྲགས་པ་ངན་པ་སྤོང་མི་བྱེད། བྱ་བ་བྱང་ཆུབ་སེམས་དཔའི་ཉེས་པ་ཡིན་པས་རྒྱ་གར་དུ་འགྲོ་གསུངས་ནས་མ་གནང་། དེའི་དུས་སུ་རྒྱ་གར་ན་ཇོ་བོ་ཙམ་པ་ཡང་གསེར་ལ་དམིགས་ནས་བོད་དུ་སོང་བྱ་བ་དང་། བོད་བ་ལང་དང་འདྲ་བའི་གསེབ་ན་ཆོས་ཐམས་ཅད་སྟོང་བ་ཉིད་ཡིན་ཟེར་ཞིང་འདུག་ལོ་བྱ་བ་དང་། གསང་སྔགས་མ་རྒྱུད་ཀྱིས་འགྲོ་བའི་དོན་མཛད་ཀྱི་འདུག་ལོ་བྱ་བའི་རྒས་པ་བྱུང་བས་དེ་རྣམས་བསལ་བའི་ཆེད་དུ་ཇོ་བོ་ཉིད་ཀྱང་རྒྱ་གར་དུ་འབྱོན་པར་དགོངས་པ་ལྟར་མཛད།

      དེའི་ཚེ་འབྲོམ་རིན་པོ་ཆེས་ཇོ་བོ་བོད་དུ་འབྱོན་པར་བསྐུལ་བའི་ཕྱིར་དུ་ཐབས་མཁས་ཀྱིས་ངེད་ཀྱི་ལྷ་ས་དང་བསམ་ཡས་ལ་སོགས་པའི་གཙུག་ལག་ཁང་ན་སློབ་དཔོན་བོ་དྷི་ས་ཏྭ་དང་ཀ་མ་ལ་ཤཱི་ལ་ལ་སོགས་པས་གདན་དྲངས་པའི་རྒྱ་དཔེ་མང་བོ་དང་ཇོ་བོ་ཤཱཀྱ་མུ་ནེ་སོགས་རྟེན་ཁྱད་པར་ཅན་མང་དུ་བཞུགས་ཤིང་དགེ་འདུན་སྟོང་ཕྲག་འདི་ཙམ་བཞུགས་པ་སོགས་ཀྱི་ལོ་རྒྱུས་མང་བོ་སྙན་དུ་གསོལ། དེ་ཐམས་ཅད་ཀྱང་ཇོ་བོ་བོད་དུ་བྱོན་པ་ལ་དགྱེས་པ་ལགས་ཞུས་པས། ཇོ་བོ་ཤིན་ཏུ་དགྱེས་ནས་སྙིགས་མའི་དུས་སུ་ཚངས་པར་སྤྱོད་པ་གྲངས་མང་བ་དེ་ཙམ་པ་རྒྱ་གར་ནའང་མི་བཞུགས། དེ་ཙམ་བཞུགས་ན་ངེས་པ་ཁོ་ནར་གྲ་བཅོམ་པ་ཡང་བཞུགས་ཏེ་མཆི་གསུངས། བྱིན་པ་འདར་ཕྲིལ་ཕྲིལ་བོད་ཀྱི་ཕྱོགས་སུ་ཕྱག་མཛད། དེ་ཐམས་ཅད་ཀྱང་ཁོ་བོ་འོང་བ་ལ་དགའ་བ་ཡིན་ན་ངས་དགེ་འདུན་གྱི་ཆོས་ལྡན་གྱི་ངག་མི་གཅོག་པར་དམ་བཅས་པ་ཡིན་གསུངས་པས་འབྲོམ་རིན་པོ་ཆེ་སྤོབས་པ་སྐྱེས་ནས་ཇོ་བོ་ལ་བོད་དུ་འབྱོན་པར་ཞུ་བ་ཕུལ། ཇོ་བོས་ཀྱང་ཞལ་གྱིས་ཞེས་པ་ལགས། དགེ་བཤེས་ལོ་ཙཱ་བའི་ཞལ་ནས། ངས་དམྱལ་བར་འགྲོ་མི་ནུས། སློབ་དཔོན་གནས་བརྟན་དང་ཆད་དོན་ཡོད་པ་ཐུགས་ལ་མངའ་མོད་གསུངས་པས་བོད་དུ་བཞུགས་དབང་མ་བྱུང་། ཇོ་བོའི་ཞལ་ནས། དང་བོ་ཚུར་ལ་སྤྱན་མ་འདྲོངས་དོགས། དེ་ནས་ཕར་ལ་སྤྱན་མ་འདྲོངས་དོགས། ངས་ལོ་ཙཱ་བ་སྦྱོང་བྱ་བའི་ཞལ་ཀྱལ་ཡང་གསུངས།

      དེར་འབྲོམ་རིན་པོ་ཆེའི་ཐུགས་དགོངས་ལ་བོད་ཀྱི་མི་ཆེན་རྣམས་གྲོགས་སུ་སྦྲན་ལ་སྤྱན་དྲང་དགོས་དགོངས་ནས་བཀའ་འཕྲིན་བརྫངས་པ་ནི། ཤིང་རྟའི་དབྱིབས་འདྲ་འཛམ་གླིང་གི །བྱེ་བྲག་བརྗིད་ལྡན་གངས་རིའི་བྱང་། །ལོ་ཧི་ཏ་འགྲམ་རིན་ཆེན་ཁུངས། །ཁ་བ་ཅན་ཞེས་མིང་གྲགས་ན། །བློ་ཆེན་སྟོབས་ལྡན་མི་བསྲུན་པ། །བོད་ཅེས་བྱ་བ་གནས་པའི་ཕྱིར། །མི་རྒྱལ་བྱང་ཆུབ་སེམས་དཔའ་ཆེ། །དཔའ་ཆེན་མང་བོ་འཁོར་བཅས་ཀྱིས། །སྨན་གདགས་ཐབས་སུ་དམ་ཆོས་བསྒྱུར། །རྒྱུ་བཟང་བཀོད་ལེགས་གཙུག་ལག་ཁང་། །བསམ་ཡས་ལ་སོགས་གནས་མཆོག་ན། །སྔོན་རྒྱལ་འཕྲུལ་རྗེའི་དགོངས་བཀང་ཕྱིར། །བསྟན་པ་བདུད་རྩི་རྒྱས་མཛད་ཅིང་། །རྒྱལ་སྲས་འདྲེན་པ་དཀྱེལ་ཆེ་བ། །མི་ཡི་རྒྱལ་བོ་ཤཱཀྱའི་སྲས། །ལྷ་བཙུན་བོ་དྷི་རཱ་ཛ་དང་། །དང་བོའི་དགེ་སློང་ལུགས་འབྱིན་དཔོན། །བཙུན་ཆེན་ཡེ་ཤེས་བློ་གྲོས་དང་། །ཐེག་ཆེན་གདུང་བརྒྱུད་བརྟན་མཛད་པའི། །ཐེག་ཆེན་ཀ་བ་རྣམ་གསུམ་དང་། །མིག་འབྱེད་དགེ་བཤེས་རྣམ་གཉིས་ཀྱི། །རྗེས་སློབ་དཔལ་ལྡན་བཅུ་གཉིས་དང་། །ཆོས་འཁོར་ཁྲིམས་བཞིན་སྐྱོང་མཛད་པའི། །རིང་ལུགས་ཆེན་པོ་གཉིས་པོ་དང་། །ཆོས་གྲྭའི་སློབ་དཔོན་ཐུགས་རྒྱལ་ཅན། །ཀ་བ་གར་མི་མཆེད་གཉིས་དང་། །དགེ་བཤེས་ཆེ་རྣམས་དགོངས་སྐྱོང་བའི། །ཀུན་ཕན་དབང་ཕྱུག་རྒྱལ་མཚན་དང་། །གནས་བརྟན་བན་སྐྱའི་རེ་གནས་པ། །ཤཱཀ་གཞོན་རྒྱལ་བའི་སྲས་གཉིས་དང་། །མཁས་བཙུན་ཆེན་པོར་སྙན་གྲགས་པ། །ལེགས་པའི་ཤེས་རབ་ལ་སོགས་པའི། །འཕགས་པའི་དགེ་སློང་དགེ་འདུན་ཆེ། །སློབ་མ་ཡོན་བདག་འཁོར་བཅས་ལ། །དགེ་བསྙེན་རྒྱལ་བའི་འབྱུང་གནས་ཀྱིས། །གུས་པས་སྔོན་འགྲོའི་མཆེད་གསལ་པ། །ཁྱེད་ཀྱི་བྱང་ཆུབ་སྤྱོད་པ་ལ། །བར་ཆད་མི་བདེ་མི་མངའ་འམ། །མདོར་བསྡུས་གཅེས་པའི་དོན་གསོལ་བ། །རྒྱ་གར་ཡུལ་གྱི་མཁས་བཙུན་མཆོག །ཡོན་ཏན་མཐའ་ཡས་རྒྱས་མངའ་ཞིང་། །ཡེ་ཤེས་མཐའ་ཅན་མཚན་ལྡན་པའི། །མཁས་པ་ཆེན་པོ་འདིར་བྱོན་པ། །ཁྱེད་ཀྱིས་ལོ་རྒྱུས་མཁྱེན་པ་ལགས། །དེ་ལ་དངོས་ཉིད་དད་འཁྲུངས་ནས། །ལྷ་བཙུན་བཀའ་སྩོལ་མཆིས་པ་ཡིས། །སྔར་ནི་དབུས་སུ་གཤེགས་ཞུས་ན། །ཕར་རིངས་གསུངས་ནས་བཀའ་མ་གནང་། །སླད་ནས་བལ་ཡུལ་ཤུལ་ཁ་ནས། །དབུས་ཀྱི་དགེ་འདུན་རྒྱུས་གསོལ་བས། །དད་ནས་ཕྱག་འཚལ་དགྱེས་གྱུར་ཏེ། །ཚངས་སྤྱོད་གྲངས་མང་དེ་ལྟ་བུ། །རྒྱ་གར་ཡུལ་ནའང་དཀོན་ཞེས་གསུངས། །དེས་ཀྱང་དངོས་ཉིད་སྤོབས་སྐྱེས་ཏེ། །ཁྱེད་ཀྱང་དད་པར་ཁུམས་ལགས་པས། །ཡང་དང་ཡང་དུ་ཞུས་པ་ལས། །ང་ཡི་དགེ་འདུན་དོན་སྒྲུབ་ཅིང་། །བཀའ་མི་གཅོག་པར་དམ་བཅས་ཕྱིར། །དགེ་འདུན་དག་ལ་གྲོས་ཡོད་ཅིང་། །སྤྱན་འདྲེན་འོང་ན་འགྲོ་གསུངས་པས། །དགེ་སློང་གཞོན་ནུ་བློ་རྣོན་པོ། །ལོ་ཙཱ་སྨན་ཐོགས་གཅིག་མཆིས་ན། །ཁྱེད་ཅག་དམ་ཆོས་དོན་གཉེར་རྣམས། །མོས་ཤིང་བཀའ་གྲོས་མཐུན་པ་ན། །སྤྱི་སྒོས་གང་བདེའི་སྤྱན་འདྲེན་པ། །དགེ་སློང་རྟ་མང་ཞལ་མཐོང་བཅས། །སྟོན་དུས་ཚུན་ཆད་འདིར་བྱོན་མཛོད། ། ཅེས་བྱ་བ་དང་།

      གཞན་ཡང་བདག་གིས་དགྲར་རྟེན་སྔགས་དང་འཁྲུལ་བའི་རྒྱུ་གཞན་གྱིས། །ཚུལ་ཁྲིམས་ཉམས་པ་སོགས་ཉེས་མཐོང་དེའི་ཕྱིར་བདག་གིས་ཕན་བསམ་སྤྲིངས། མོས་པ་སྣ་ཚོགས་མཆིས་པས་འདི་ལ་མི་དགེ་གང་། །རང་འདོད་གཙོ་བོར་མ་འཛིན་ཐུགས་གཞིགས་གཟོད་པར་མཛོད། །དོན་ལྡན་ཡོན་ཏན་བརྗོད་པའི་མཚན་གྱི་སྔོན་འགྲོ་པ། །ཤཱཀྱའི་དགེ་སློང་དགེ་འདུན་རྣམས་ཀྱི་སྤྱན་ལམ་དུ། །ཀུན་ལ་ཕན་བསམ་དགེ་བས་ཡི་གེ་འདི་བསྡེབས་པའི། །དགེ་བས་དགོངས་གྲུབ་ལེགས་པའི་དཔལ་འབྱུང་དོན་ལྡན་ཆེར་རྒྱས་སྨོན། །བྱ་བའི་ཆབ་ག་དབང་ཕྱུག་མགོན་ལ་བརྫངས་ནས་དགེ་བཤེས་ཀ་བའི་ཕྱག་ཏུ་གཏད་དོ། །དེ་ནས་འབྲོམ་རིན་པོ་ཆེས་ཇོ་བོ་དཔོན་གཡོག་གཤེགས་པའི་ཕྱག་ཕྱིར་བྱོན་ཏེ་བོད་སྟོན་རྣམས་འབྱོན་དུ་རེ་ནས་ཅི་འགོར་མཛད། །ལོ་ཙཱ་བས་ཕར་ལ་ཅི་མགྱོགས་མཛད་དོ། །དེར་བོད་སྟོན་རྣམས་མ་བསླེབས་པར་ཇོ་བོ་དཔོན་གཡོག་མང་ཡུལ་སྐྱིད་གྲོང་དུ་ཕེབས། དེ་ནས་བལ་བོ་རྫོང་བརྒྱུད་དེ་རྒྱ་གར་དུ་ཕེབས་པར་ཆས་པ་ལྟར་མཛད་པ་ན་ས་མན་སྡེ་གསུམ་བྱ་བའི་འཁྲུག་པ་ལངས་ནས་བལ་བོ་རྫོང་འགགས་པས་མ་ཐོན། དེ་བོད་ཀྱི་བསོད་ནམས་སུ་བྱུང་བ་ལགས། དེར་དགེ་བཤེས་ལོ་ཙཱ་བ་དེ་ཐུགས་ཤིན་ཏུ་མ་བདེ་བ་ལ་ཇོ་བོའི་ཞལ་ནས། ཁྱོད་བློ་མི་བདེ་བ་མི་དགོས། སྒྲུབ་པར་མ་ནུས་པ་ལ་ཉེས་པ་གཏན་མེད་པ་ཡིན་གསུངས། དེར་ལོ་ཙཱ་བ་དགྱེས་ཏེ་ད་འོ་ན་བོད་དུ་འབྱོན་པར་ཞུ་ཟེར་ནས་བོད་དུ་སྤྱན་དྲངས་སོ། །

      དེའི་དུས་སུ་གསེར་ཀོ་གཏུམ་ཞིག་དང་ལམ་སྒྲོན་ཇོ་བོའི་ཕྱག་བྲིས་ཡིན་པ་ཅིག་པུ་རེངས་པའི་བནྡེ་གཉིས་ལ་བསྐུར་ནས་གསེར་འདི་སློབ་དཔོན་གནས་བརྟན་ལ་ཕུལ་ལ་ད་རེས་ཇོ་བོ་གདན་དྲངས་པ་ཡིན་ཏེ་བལ་བོའི་ལམ་འགགས་ནས་ཕྱིར་ལོག དུས་སྤྱན་དྲོངས་གསུངས་ན་ཡང་སྤྱན་འདྲེན། ཇོ་བོ་ཡང་བོད་ལ་མཉེས་ཤིང་འགྲོ་དོན་ཡང་ཆེན་པོ་འདུག་པས་བཞུགས་ཆོག་གམ་བྱ་བ་དང་། བསྟན་བཅོས་འདི་བི་ཀ་མ་ལ་ཤཱི་ལའི་པཎྜི་ཏ་རྣམས་ལ་གཟིགས་སུ་ཕུལ་ཞིག་པའི་འཕྲིན་བསྐུར་བཏང་བས་གཉིས་པོས་ཀྱང་ལམ་ལ་ཉེ་ཞོ་མེད་པར་བི་ཀ་མ་ལ་ཤཱི་ལར་བསླེབས་སྟེ་གནས་བརྟན་དཀོན་མཆོག་འབྱུང་གནས་ལ་གསེར་རྣམས་ཕུལ། ཇོ་བོའི་ལོ་རྒྱུས་དང་ལོ་ཙཱ་བའི་འཕྲིན་རྒྱས་པར་གསོལ། བསྟན་བཅོས་དེ་པཎྜི་ཏ་རྣམས་ལ་གཟིགས་སུ་ཕུལ་བས་ནན་ཏན་མཉེས་ནས་བསྟན་བཅོས་འདི་ལེགས། ཡི་གེ་ཕྱག་བྲིས་མ་ནོར་བར་འདུག་གསུང་སྟེ་རྒྱལ་མཚན་གྱི་རྩེ་ལ་བཏགས་ནས་ཞག་ཉི་ཤུ་རྩ་གཅིག་ཏུ་མཆོད་པ་རྒྱ་ཆེན་པོ་མཛད། དེར་གནས་བརྟན་གྱི་ཞལ་ནས་ཇོ་བོ་འབྱོན་དུ་རེ་བ་ཡིན་ཏེ་ཆོས་འདི་ཕེབས་པས་ཇོ་བོ་དང་ཁྱད་མེད། དེ་ཇོ་བོ་བོད་ན་འགྲོ་དོན་ཆེ་བ་དེ་ལྷག་པར་དགའ། ཇོ་བོ་བོད་ལ་དང་བོ་ནས་མཉེས་པ་ང་རང་ལ་རྒྱུས་ཡོད། ད་སྐུ་ན་སོ་བྱོན་པས་བཤུལ་ཐག་རིང་བོ་ལ་ཚུར་སྤྱན་མ་དྲང་བར་བསྟན་བཅོས་འདི་ལ་འགྲེལ་བ་ཞིག་མཛད་ནས་བསྐུར་ཞུ་གསུངས་ནས་གཉིས་པོ་ཚུར་བཏང་། ཁོང་གཉིས་པོས་ཀྱང་ཚུར་འཁོར་ནས་ཇོ་བོ་དཔོན་གཡོག་ལ་ཞུ་འཕྲིན་སྙན་དུ་གསོལ་བས་ནན་ཏན་མཉེས་ཤིང་། ཁྱད་པར་ལོ་ཙཱ་བའི་ཞལ་ནས་སློབ་དཔོན་གནས་བརྟན་གྱིས་རི་བས་ཀྱང་ལྕི་བའི་ཁུར་ཅིག་བསྐུར་བ་དེ་ད་སངས་ཀྱི་སོང་གསུངས། ཇོ་བོས་ཀྱང་དེ་འཕྲལ་དུ་འགྲེལ་བའི་དབུ་བཙུགས་ནས་དཀའ་འགྲེལ་ཞིག་མཛད་དེ་སླར་ཁོང་གཉིས་པོ་ལ་བསྐུར་བས་པཎྜི་ཏ་རྣམས་ཀྱིས་ཉིན་ལམ་མང་བོ་ནས་བསུ་བ་བྱས། རྒྱལ་མཚན་གྱི་རྩེར་བཏགས་ནས་མཆོད་པ་ཆེན་པོ་མཛད་དོ། །

      དེ་ཡང་། དེང་སང་བསྟན་འགྱུར་ནང་ན་ལམ་སྒྲོན་རང་འགྲེལ་ཞེས་གྲགས་པ་འདི་ལ་ཇོ་བོས་མཛད་ངེས་པ་དང་། ཇོ་བོས་མ་མཛད་པར་གཞན་གྱི་གསར་དུ་བསྣན་པའི་ཆ་གཉིས་ཡོད་དེ་རྒྱ་གར་གྱི་པཎྜི་ཏ་རྣམས་ཀྱིས་བསྐུལ་བ་ལྟར་ཇོ་བོས་ལམ་སྒྲོན་ལ་རང་འགྲེལ་མདོར་བསྡུས་ཤིང་མཛད་ནས་རྒྱ་གར་དུ་བརྫངས། དེ་ལ་ཇོ་བོའི་སློབ་མ་བོད་སྟོན་མཁས་པ་འགའ་ཞིག་གིས་ཇོ་བོའི་གསུང་སྒྲོས་ལ་གཞི་བླངས་པའི་བཤད་པ་རེ་མང་ཞིག་བསྣན་པར་སྣང་སྟེ། དེ་ལ་ལེགས་པར་བཤད་པའང་མང་དུ་བྱུང་མོད་ཀྱི་ནོར་བར་མངོན་པ་འགའ་ཞིག་ཀྱང་བྱུང་ངོ་ཞེས་རྗེ་བདག་ཉིད་ཆེན་པོས་གསུངས་སོ། །

      དེ་ལྟར་བླ་མ་རྗེ་བཙུན་ཆེན་པོ་འདིས་རྒྱ་གར་དུ་བཞུད་པ་བཞིན་དུ་མཛད། ལོ་ཙཱ་བས་སྐྱེལ་བ་བཞིན་མཛད་ཀྱང་བོད་རང་དུ་བཞུགས་པའི་རྒྱུ་མཚན་ནི་དང་བོ་ནས་ངེས་པ་ཡིན་ཏེ། ཁྱོད་སྔོན་སོ་མ་པུ་རི་ན། །རྟོག་གེ་འབར་བ་གསུང་བའི་ཚེ། །ད་ནི་ལོ་ནི་ཉི་ཤུ་ན། །ཚེ་ཡི་འདུ་བྱེད་གཏོང་ཞེས་གསུངས། །དེ་ནས་ལོ་གཉིས་ལོན་པ་ན། །བོད་དུ་འབྱོན་ཁའི་དུས་སུ་ནི། །བི་ཀ་མ་ལ་ཤཱི་ལར་ནི། །ད་ནི་ལོ་ནི་བཅོ་བརྒྱད་ན། །ཚེ་ཡི་འདུ་བྱེད་བཏང་ནས་སུ། །ལུས་འདི་བོད་དུ་འཇོག་གོ་གསུངས། །ཇི་སྐད་གསུང་བཞིན་མ་འཁྲུལ་བར། །བྱུང་བ་དེ་ནི་ངོ་མཚར་ཆེ། །ཞེས་གསུངས་པ་ལྟར་རོ། །དགེ་བའི་བཤེས་གཉེན་ཤ་ར་བའི་ཞལ་ནས། ཇོ་བོ་བོད་དུ་བཞུགས་པར་རྒྱ་གར་རང་ནས་ངེས་པ་དཔེ་ཆ་དང་ཐུགས་དམ་གྱི་ལྷ་མ་ལུས་པ་སྤྱན་འདྲེན་ལུགས་དེས་ཀྱང་ཤེས་གསུངས་སོ། །

      འབྲོམ་རིན་པོ་ཆེ་ཐུགས་དགོངས་བཟང་བ་དང་། དེ་དུས་ཀྱི་མི་རྣམས་ཀྱང་བསམ་པ་བཟང་བས་བོད་ཀྱི་མི་ཆེན་རྣམས་ཀྱིས་ཀྱང་སོ་སོ་ནས་གསེར་དང་རྟ་ལ་སོགས་པའི་ཁྲལ་བཀྲལ་ནས་བོད་དབུས་གཙང་གི་མི་ཆེན་ཐམས་ཅད་ཀྱིས་ཇོ་བོ་རྗེ་བསུ་བ་ལ་བྱོན། དེའི་ཚེ་བོད་སྟོན་རྣམས་འབྱོན་པ་ལ་ཇོ་བོས་ཉིན་རེ་བཞིན་བྱ་ར་མཛད་ཙ་ན་བོད་སྟོན་རྣམས་ཀྱིས་ཚག་ཞུ་དང་བེར་གྱོན། རྟ་ལ་ཆིབས་བྱོན་པས་ཇོ་བོས་གཟིགས་མ་ཐག ཨུ་པ་སི་ཀ མི་མ་ཡིན་མང་བོ་བྱུང་ངོ་གསུངས་ནས་དབུ་རིལ་གྱི་གཏུམས། དེ་ནས་བོད་ཀྱི་མི་ཆེན་རྣམས་ཀྱིས་ཆོས་གོས་གྱོན་སེར་སྦྲེང་མཛད་ནས་ཕྱག་རྟེན་ཕུལ་བས་ཇོ་བོ་ཡང་དགྱེས་ནས་ཕྱག་ལན་མང་བོ་མཛད། དེ་ནས་ཇོ་བོ་རྗེ་དཔོན་གཡོག་ལ་བོད་སྟོན་རྣམས་ཀྱིས་སྣ་ལེན་དུ་བསྙེན་བཀུར་བཟང་བོ་ཞིག་མཛད་པས་རྒྱ་གར་གྱི་རབ་ཏུ་བྱུང་བ་བས་བོད་ཀྱི་རབ་བྱུང་འཚོ་བ་བཟང་བར་འདུག་གསུངས།

      དེ་ནས་གཙང་ལ་སྟོད་ལྡོག་གི་ཚ་སྣ་བྱ་བར་དོ་ཧ་རྡོ་རྗེའི་མགུར་གསུངས་པས་འབྲོམ་རིན་པོ་ཆེས་བོད་དུ་འདི་མི་ལེགས། བསྐལ་བ་སྙིགས་པས་སྡོམ་པ་སྲུང་བ་དང་ཚོགས་གསོག་པ་མི་མཆི། ལས་རྒྱུ་འབྲས་ལ་སོགས་པ་བསྟན་པ་སྤྱི་ལ་ཕན་པའི་ཆོས་གསུང་བར་ཞུས་པས། ཨ་ཏི་ཤ་ཡང་ཤིན་ཏུ་མཉེས་ཏེ། སེམས་ཅན་ཆེན་པོ་ཁྱོད་ལྟ་བུ་བོད་ན་བཞུགས་པ་བོད་བསོད་ནམས་ཆེ་ཡི། ཁོ་བོས་ཁྱོད་རྒྱ་གར་དུ་ཐོས་ན་བོད་དུ་འོང་མི་དགོས་པ་འདུག་པ་ལ་གསུངས། སྣེའུ་ཟུར་བའི་ཞལ་ནས། འུ་ཅག་ཡིན་ན་གཞན་སུ་ལའང་མེད་པའི་ཆོས་ཤིག་ཁོ་ན་ཞུ། དགེ་བཤེས་སྟོན་པ་དེ་ཐུགས་དགོངས་ཤིན་ཏུ་བཟང་བས་བོད་སྤྱི་ལ་ཕན་ཆེ་བའི་ཆོས་ཤིག་ཁོ་ན་ཞུ་བར་ལེགས་པར་གདའ་གསུངས། དེ་ནས་གཙང་རོང་ན་མར་བྱོན་ཙ་ན་ཁང་བ་དོག་པས་གནས་ཁང་འདོད་རིགས་མ་རྙེད་པ་ལ་འབྲོམ་རིན་པོ་ཆེས་ཇོ་བོ་ཕྱིར་བཞུགས་སུ་བཅུག་ནས་དེའི་བར་དུ་ཁང་བའི་གད་བདར་བྱས། ཇོ་བོའི་དབུ་སྔས་སུ་མཎྜལ་ཞིག་ཀྱང་ཚར་པར་བྱས་འདུག་པས་ཇོ་བོའི་ཞལ་ནས། ང་ལ་སློབ་མ་ཁྱོད་འདྲ་བ་གཅིག་རྒྱ་གར་ནའང་ཡོད་གསུངས། པོ་ཏོ་བའི་ཞལ་ནས་དོན་ལ་མེད། ཡོད་ན་ཁ་སྐད་འདྲ་བ་འོང་ཐད་པ་ལ་གསུངས་སོ། །

      ཡང་ལན་ཅིག་གི་ཚེ་ཇོ་བོས་བྱིས་པ་ལྟར་མཛད་ནས་ནང་གི་གནས་རྣམས་ཕྱིས་ཆུང་ངུ་རེས་བཀང་བས་དེ་རྣམས་འབྲོམ་རིན་པོ་ཆེས་ལེགས་པར་ཕྱགས། སྐུའི་སྤྱོད་པ་ལ་མ་དད་པ་མ་སྐྱེས་པས་བྱ་རྒོད་ཀྱི་ཉིན་ལམ་བཅོ་བརྒྱད་ཀྱི་བར་གྱི་གཞན་གྱི་སེམས་ཤེས་པའི་མངོན་པར་ཤེས་པ་སྐྱེས་གསུངས། དེ་ནས་ཇོ་བོ་རྗེ་ཁུ་སྟོན་གྱིས་ཡར་ཀླུངས་སུ་སྤྱན་དྲངས་ཏེ་ཐང་བོ་ཆེར་ཕེབས། འབྲོམ་རིན་པོ་ཆེས་ཐང་བོ་ཆེར་མ་ཕེབས་པར་སྙེ་ཐང་དུ་ཕེབས་ནས་བང་སྟོན་གྱི་སར་བྱོན་ཏེ་ད་ལྟ་ནི་ཇོ་བོ་ཁུས་སྤྱན་དྲངས་ནས་ཕེབས་ཁུས་ཞབས་ཏོག་འོ་མི་བརྒྱལ་བ་མི་འོང་། དེ་ཙ་ན་ཇོ་བོའི་བཞུགས་ས་ཞིག་དགོས་པས་ཁྱེད་ཀྱི་སྙེ་ཐང་འདིར་བཞུགས་ས་བྱེད། ངས་ཐབས་མཁས་ཀྱིས་ཇོ་བོ་བསམ་ཡས་སུ་གདན་དྲངས་གྱིས། དེ་ཙ་ན་ཁྱོད་ཀྱིས་རྟ་བ་ཉིས་བརྒྱའི་ཞལ་མཐོང་དང་བཅས་པའི་བསུ་བ་གྱིས་ཤིག་གསུངས་པས་ཁོང་གིས་ཀྱང་ཞལ་གྱིས་བཞེས་སོ། །

      དེ་ནས་འབྲོམ་རིན་པོ་ཆེས་ཇོ་བོའི་སྤྱན་སྔར་འགྲོ་དགོངས་ནས་ཡར་ཀླུངས་ནས་ཡར་བྱོན་པ་དང་ཐང་བོ་ཆེ་བའི་མི་ཞིག་ན་རེ། ཁྱོད་གར་འགྲོ་ཟེར། ཐང་བོ་ཆེར་འགྲོ་གསུངས་པས། སྨ་ཕབ་པར་འོང་ཟེར། ཇོ་བོ་དང་མཇལ་ན་སྨ་ཕབ་ནའང་ཕབ་སྙམ་པ་ཞིག་བྱུང་གསུངས། དེ་ནས་བནྡེ་ཞིག་ལ་ཇོ་བོའི་གཟིམ་ཁང་ག་ན་ཡོད་དྲིས་པས། སྟོན་དུ་མ་བཏུབ་པ་ལ་ཇོ་བོའི་སློབ་མ་ཨ་ཙ་ར་ཅིག་བྱུང་བས་ངོ་ཤེས་ནས་འབྲོམ་རིན་པོ་ཆེའི་རྩར་རྒྱུགས་བྱུང་། དེས་ནང་དུ་ཁྲིད་ནས་ཇོ་བོ་དང་མཇལ་བས་ཡུན་ཟླ་བ་གཅིག་ལས་མ་ལོན་པ་ལ་འོ་ཤིན་ཏུ་བརྒྱལ་བར་བྱས་ནས་གདའ། དེར་ཇོ་བོའི་ཞལ་ནས། ཨུ་པ་སི་ཀ་ཆེན་པོ། ང་རང་དང་བོ་གང་ནས་འོངས་པའི་སར་སྐྱོལ། བཀའ་འཁོར་འདི་ཀུན་ཡང་འོ་བརྒྱལ། རྟ་ཁལ་འདི་ཀུན་ཀྱང་མ་རྒན་ཡིན། ཁུ་སྟོན་ནི་འཁོར་ལོས་བསྒྱུར་བའི་རྒྱལ་བོ་ལྟ་བུ། ཁོ་བོ་ནི་དམངས་ཕལ་བ་ལྟ་བུ། ཁུ་སྟོན་ནི་སུམ་ཅུ་རྩ་གསུམ་གྱི་ལོངས་སྤྱོད་དང་ལྡན་པ་ལྟ་བུ། ཁོ་བོ་ནི་པྲེ་ཏ་པུ་རིའི་གྲོང་ཁྱེར་ན་གནས་པ་ལྟ་བུ་བྱུང་གསུངས་པ་ལ། འབྲོམ་རིན་པོ་ཆེས་བདག་གིས་ཇོ་བོའི་བཞུགས་གནས་སྙེ་ཐང་ཟེར་བ། དབྱར་བསིལ་བ་དགུན་དྲོ་བ། ནགས་ཚལ་དང་ནེའུ་གསིང་ཡོད་པ། དགུན་ཡང་མེ་ཏོག་སྐྱེ་བ་ཞིག་བཙལ་བདོག་ཞུས་པས། ཨུ་པ་སི་ཀ་ད་ལྟ་རང་གཤེགས་གསུང་བ་ལ། ཁུ་ཡང་དབང་ཆེ་བས་ཁད་ལ་ཐབས་མཁས་བྱེད་དགོས་ཞུས་པས། ཁུ་སྟོན་གྱིས་མི་ཚོར་བའི་ཐབས་ང་རང་གིས་བྱ་གསུངས་ནས། དེའི་ནུབ་མོ་རུ་བསྡོགས་བྱས་ཏེ་ནམ་ལངས་པ་དང་ལམ་དུ་ཆུད་པར་བྱས་ནས་གཤེགས་པ་བནྡེ་མོ་ཞིག་གིས་མཐོང་ནས་ཁུ་སྟོན་ལ་བྱ་གཏོང་དུ་ཕྱིན། དེ་ནས་ཇོ་བོ་དཔོན་གཡོག་གིས་མྱང་བོའི་གྲུ་ལ་བྱོན། འབྲོམ་རིན་པོ་ཆེའི་ཞལ་ནས་མཉན་པ་ལ་སྔོན་ལ་ང་སྒྲོལ་ཅིག་ད་ལྟ་རང་རྡུང་གཏག་ཐམས་ཅད་ང་ལ་འོང་གསུངས་པས་མཉན་པས་སྔོན་ལ་བསྒྲལ། དེའི་ནུབ་མོ་འབྲོམ་རིན་པོ་ཆེ་དཔོན་གཡོག་གིས་འོན་དུ་མ་བཞུགས་པར་ཀ་ཆུར་ཕེབས། ཇོ་བོ་དཔོན་གཡོག་སྒྲོལ་ཀྱིན་ཡོད་ཙ་ན་དགེ་བཤེས་ཁུ་ཨ་ཏི་ཤ་ཟེར་ཅིང་རྒྱུགས་བྱུང་བ་གཟིགས་པས་ཇོ་བོའི་ཞལ་ནས་མཁས་པ་ཆེན་པོ་བྱོན། གྲུ་ཕྱིར་ཐེན་ཅིག་གསུངས་ནས་བཞུགས་པ་དང་ཁུ་ཡུས་ཆེ་བས་ཆིབས་པ་ཐལ་ནས་ཆུ་ནང་དུ་དེའུ་གྲོངས་བྱུང་། དེར་ཁུ་སྟོན་གྱིས་ཇོ་བོ་ལ་ལྡོག་པར་ཞུ་བ་ཕུལ་ཡང་མ་གནང་བར་དབུ་ཞྭ་ཕྱིར་འཕངས་ཏེ་བྱིན་རླབས་ཀྱི་རྟེན་དུ་གནང་།

      དེ་ནས་ཇོ་བོ་དཔོན་གཡོག་གིས་འོན་དུ་ཟླ་བ་གཅིག་བཞུགས་ནས་བསམ་ཡས་སུ་ཕེབས། དེའི་དུས་སུ་ཞང་འཕྲང་ཁ་བེར་ཆུང་གིས་འབྲོམ་རིན་པོ་ཆེ་སྤྱན་འདྲེན་པའི་མི་གཉིས་བཏང་ནས་ཡང་ཡང་བསྐུར་བ་ལ་འབྲོམ་རིན་པོ་ཆེའི་ཞལ་ནས། ང་ད་ལྟ་འོང་མི་ཁོམ། ཇོ་བོ་སྐུ་ན་མཐོ་ལ་སྐུ་གཅོང་མང་བས་ཞབས་ཏོག་གལ་ཆེ། དེའི་བར་དུ་ཐུགས་མི་ཆད་པར་ཆོས་འདི་ཚོ་ལ་དགོངས་པར་ཞུ་གསུངས་གནས་འཕྲིན་ཡིག་བསྐུར་བ། ཡབ་མེས་ཆོ་རིགས་བཟང་བོའི་རྗེས་འབྲངས་ཤིང་། །དགེ་བའི་བློ་མངའ་དལ་འབྱོར་ལྡན་རྣམས་ལ། །ཕན་པར་དགོངས་པའི་སེམས་ཀྱིས་ཀུན་བསླངས་ན། །བདུད་རྩི་འདྲ་བའི་གྲོས་ཤིག་ཡོངས་ལ་འདེབས། །སྙོམས་པར་འཆར་བའི་ཉི་མའི་འོད་ཟེར་བཞིན། །སངས་རྒྱས་བསྟན་པས་ཀུན་ལ་ཡོངས་ཁྱབ་ཀྱང་། །བྱང་དུ་བལྟས་པའི་བྲག་ཕུག་ཇི་བཞིན་དུ། །དམ་པའི་ལྷ་ཆོས་མི་མཛད་བློ་རེ་རྨོངས། །འོ་སྐོལ་དལ་འབྱོར་མི་ལུས་ཐོབ་པ་ཡང་། །ད་ལྟ་ཉིད་ཀྱི་སྐུ་སྤྱོད་མ་ལགས་ཏེ། །ཡབ་ཡུམ་ལས་འཕྲོ་མཐུན་པའི་འདུ་འཕྲོད་དང་། །ཚེ་སྔོན་བསོད་ནམས་བསགས་པའི་རྒྱུ་ལུས་གྲུབ། །དེ་ལྟར་རྙེད་དཀའི་མི་ལུས་ཐོབ་ཙ་ན། །སྡིག་པ་སྤངས་ཏེ་དགེ་བ་མ་སྤྱད་ན། །མཐོན་པོའི་རི་ལ་ཕྱིན་ནས་སླར་ལྷུང་བཞིན། །མི་ལུས་ཐོབ་པ་དོན་མེད་ཆུད་མ་གཟོན། །འོ་སྐོལ་སྟོན་པ་སངས་རྒྱས་བྱོན་ནས་ཀྱང་། །དམ་ཆོས་བདུད་རྩི་ཇི་སྙེད་གསུངས་པ་དག །རྟག་པའི་དོན་དུ་གསུངས་པ་མ་ཡིན་ཏེ། །མི་རྟག་ངེས་ནས་གསུངས་པ་མ་ཡིན་ནམ། །རྟག་གམ་མི་རྟག་དཔེར་ན་འདི་འདྲ་སྟེ། །འོ་སྐོལ་ཡབ་མེས་སྔ་རབས་འདས་པ་དག །ད་ལྟ་མིག་ཙམ་ལུས་ནས་མ་སོང་ངམ། །རྟག་པ་ལགས་ན་ད་ལྟ་གང་ན་གདའ། །འོ་སྐོལ་ཉིད་ཀྱི་སྐུ་རིང་འདི་ལ་ཡང་། །ན་ཚོད་མཐུན་པའི་རྒན་གཞོན་མཐོ་དམན་སོགས། །ཇི་སྙེད་གུམ་པ་ཐུགས་མཚོར་མི་མངའ་འམ། །སྙན་གྱིས་གསན་པ་དེ་བས་ཤིན་ཏུ་མང་། །ན་ནིང་དེང་སང་དོ་ཞག་བར་ལ་ཡང་། །འདས་པའི་མི་དང་ཡུལ་མི་ཁྱིམ་མཚེས་ལས། །མཚོན་གྱིས་རྨས་དང་དེ་བཞིན་བྲོ་འཚལ་ནས། །གྲངས་ཀྱིས་གུམ་པ་སྤྱན་གྱིས་མ་གཟིགས་སམ། །ཀུན་ཀྱང་ཆོས་ཉིད་འདི་ལས་མ་འདས་ཏེ། །འཆི་བའི་རེ་མོས་འོ་སྐོལ་ཀུན་ལ་འོང་། །དེ་རིང་སང་གི་དབང་ཡང་མ་མཆིས་ཏེ། ཐམས་ཅད་མི་རྟག་འཇའ་ཚོན་རི་མོ་འདྲ། །གཟུགས་ནི་ལྷོ་སྤྲིན་འདྲ་སྟེ་ཁད་ཀྱིས་འཇིག །སྲོག་ནི་བ་ཐག་འདྲ་སྟེ་གྱི་ན་ཙམ། །དབུགས་ནི་ན་བུན་འདྲ་སྟེ་ཡོད་ལ་མེད། །ཚེ་ནི་གློག་དང་འདྲ་སྟེ་སྐད་ཅིག་མ། །འོ་སྐོལ་ཕུང་བོ་འདི་ལ་ཕངས་མཛད་ཀྱང་། །ཁྲེལ་མེད་སླེས་ལ་བོར་བ་མཐོང་བཞིན་དུ། །སྒྱུ་མ་རྟག་ཏུ་རེ་བ་བློ་རེ་རྨོངས། །སྟོང་བ་དངོས་པོར་ལྟ་བ་བློ་རེ་འཁྲུལ། །ཇི་ལྟར་བགྱིས་ཀྱང་རང་དང་ཕུང་བོ་འདི། །འབྲེལ་བར་མི་འདོད་འགྲོགས་པར་རེ་འདོད་ཀྱང་། །གོས་རྙིང་བརྗེ་བ་བཞིན་དུ་ཕྱིར་ལུས་ནས། །ལུས་སེམས་སོ་སོར་ཆ་བ་མ་དགོངས་སམ། །བསོད་ནམས་ལས་གྲུབ་འབྱུང་བཞི་འདུས་བསྐྱེད་པའི། །པདྨ་ལྟ་བུར་རྒྱས་པའི་ལུས་འདི་ལ། །དགྲ་སྡང་རྣམ་ཤེས་བརྒྱད་ནི་དུག་སྦྱོར་ན། །སྒྱུ་མའི་ཕུང་བོ་ད་ལྟ་ཇི་སྙམ་མཛད། །དེ་ལ་སྐྱེས་བུ་དམ་པའི་སྨན་པ་ཡིས། །རྣམ་ཐར་བརྒྱད་ཀྱི་སྨན་གྱིས་མ་བཅོས་ན། །འཆི་བདག་བདུད་ཀྱི་བགེགས་ནི་གདོན་ངོ་མཐོ། །མ་རིག་དུག་གསུམ་གཏན་གྱི་ནད་གཞི་ཆེ། །མི་རྟག་འཆི་བའི་ནད་ཀྱིས་ཟིན་པ་ལ། །འཚོ་བྱེད་གཞོན་ནུའི་སྨན་གྱིས་ཅང་ཕན་ནམ། །བདུད་ཀྱི་ཞགས་པ་ནག་པོས་ཟིན་པ་ལ། །མོ་བོན་ལྟོས་དཔྱད་རིམ་གྲོས་ཅང་ཕན་ནམ། །དབང་མེད་དུས་ཀྱིས་རྒྱས་འདེབས་བྱེད་པ་ལ། །གཉེན་བཤེས་ཉེ་དུས་བསྐོར་བས་ཅང་ཕན་ནམ། །རྟག་པ་མ་ལགས་ཀུན་ཀྱང་མི་རྟག་སྟེ། །རྟག་ཏུ་བཏུབ་ན་སངས་རྒྱས་སྐུ་འདི་དག །ཡོད་པ་མ་ལགས་ཀུན་ཀྱང་མེད་པ་སྟེ། །ཡོད་དུ་བཏུབ་ན་རྣམ་ཤེས་སེམས་འདི་ཡོད། །བདེན་པ་མ་ལགས་ཀུན་ཀྱང་བརྫུན་པ་སྟེ། །བདེན་དུ་བཏུབ་ན་དམ་པའི་ཆོས་འདི་བདེན། །ངེས་པ་མ་ལགས་ཀུན་ཀྱང་མ་ངེས་ཏེ། །ངེས་སུ་བཏུབ་ན་དགེ་སྡིག་རྒྱུ་འབྲས་ངེས། །འདོད་ཆགས་ཞེ་སྡང་མ་རིག་དེ་དག་ལས། །མི་ཤེས་གཏི་མུག་གཉིད་ནི་མ་ཆེ་བར། །དགེ་བ་བཅུ་ཡི་མེལ་ཚེ་འབད་ལ་མཛོད། །མ་རིག་གཉིད་ལས་སངས་པའི་དུས་བྱུང་ན། །ཡང་དག་བདེན་པའི་ནམ་ཞིག་ལངས་ཙ་ན། །མཐོ་དམན་མཁའ་ལ་ཉི་ཤར་ཇི་བཞིན་དུ། །འགྲོ་མགོན་སངས་རྒྱས་དེ་དང་འཕྲད་པར་མཛོད། །

      ཅེས་བྱ་བའི་ཚིགས་སུ་བཅད་པ་བཅོ་བརྒྱད་དང་། གང་གི་དྲིན་གྱིས་བདག་བློ་རྒྱས་མཛད་པའི། །བླ་མ་དམ་པ་རྣམས་ཀྱི་ཞབས་ལ་འདུད། །གཏིང་མཐའ་མེད་པའི་འཁོར་བའི་རྒྱ་མཚོ་འདིར། །དེ་སྔ་ཕན་ཆད་ཇི་ཙམ་པ་ཞིག་འཁྱམས། །ད་ཡང་ཇི་ཙམ་པ་ཞིག་འཁྱམ་དགོས་པས། །བླ་མ་དམ་པའི་གདམས་ངག་ཐོས་བསམ་བྱ། །དེ་ལས་ཐར་བའི་དུས་ནི་ད་རེས་ཡིན། །གློ་བུར་བར་དུ་གཅོད་པ་མ་བྱུང་ཡང་། །ཚེ་ལ་ལོང་མེད་ཡུན་རིང་མི་སྡོད་ངེས། །འཇིག་རྟེན་འདི་ཡི་བྱ་བ་རྒྱབ་ཏུ་བོར། །འདི་དང་ཕྱི་མ་གཉིས་ཀ་མི་འགྲུབ་ཀྱི། །ཕྱི་མ་གལ་ཆེ་ཆོས་ལ་འབད་པ་སྐྱེད། །གཉིད་དང་སྙོམ་ལས་དབང་དུ་མ་གཏོང་བར། །སྟོང་སྙིང་རྗེས་ཟིན་པ་རྩེ་གཅིག་སྒོམས། །ཚེ་ལ་ལོངས་མེད་འཆི་བདག་ཕོ་ཉས་སླེབ། །བྱ་བ་ཐམས་ཅད་བྱེད་འཕྲོ་བཏང་ནས་ནི། །རང་བཞིན་མཉམ་པ་ཉིད་ལ་བློ་བཞག་ནས། །ཆོས་ཉིད་རྣམ་དག་འདི་ལ་ལྟ་བ་བྱ། །མི་རྟོག་བདེ་གསལ་འདི་ལ་བསྒོམ་པ་བྱ། །མ་བཅོས་རང་བཞིན་འདི་ལ་སྤྱོད་པ་བྱ། །སྐུ་བཞི་ཡེ་ཤེས་ལྔ་ལ་འབྲས་བུ་བྱ། །ལྟ་སྒོམ་སྤྱོད་པ་འབྲས་བུ་རྣམ་པ་བཞི། །སོ་སོ་ཐ་དད་མེད་པའི་ལམ་དུ་སེམས། །ལྟ་བ་སྟོང་ཉིད་སྒོམ་ཞེས་ཁས་བླངས་ནས། །སྤྱོད་པ་དངོས་པོར་འཛིན་ལས་མ་གྲོལ་ན། །ལྟ་སྤྱོད་འཛོལ་ཏེ་ལོག་པའི་ལམ་དུ་འགྲོ། །རང་གིས་རང་བསླུས་གཞན་གྱིས་ཞེ་ཡང་ཁྲེལ། །ཆགས་སྡང་སྐྱེ་བའི་གྲོགས་ངན་ཐབས་ཀྱིས་སྤོངས། །དེར་ཡང་ཀུན་དང་འདྲིས་པར་མི་བྱའོ། །ཆགས་ན་ལྟ་བ་ཆགས་ཀྱང་མི་གྲོལ་ཏེ། །ཞེན་ན་ཆོས་ལ་ཞེན་ཡང་འཆིང་བའི་རྒྱུ། །ཕྱུག་པོ་གསེར་སྲང་སྟོང་ལ་ཆགས་པ་དང་། །དབུལ་པོ་ཁབ་སྐུད་ཙམ་ལ་ཆགས་པ་གཉིས། །ཐར་པའི་བར་དུ་གཅོད་ལ་ཁྱད་པར་མེད། །དེས་ན་ཅི་ལའང་ཞེན་ཆགས་མེད་པར་བྱ། །འཁྲུལ་བའི་རྟོག་པ་མ་ཞིག་བར་དུ་ནི། །དད་པས་བླ་མ་དག་དང་དཀོན་མཆོག་མཆོད། །ཡི་དམ་ལྷ་ལ་གསོལ་བ་རྒྱུན་དུ་ཐོབས། །ལུས་ངག་ཡིད་གསུམ་དགེ་བ་ནུས་ཚད་ཀྱིས། །བསམ་དུ་མེད་པའི་ཆོས་ཉིད་དོན་སྒོམས་ལ། །འགྲོ་བ་རྣམས་ལ་སྙིང་རྗེ་རྒྱུན་དུ་སྐྱེད། །སྟོང་ཉིད་དང་སྙིང་རྗེ་དབྱེར་མེད་པ། །སྒོམ་པ་གོལ་ས་མེད་པའི་ལམ་ཡིན་གསུངས། །ཚེ་ལ་ལོང་མེད་ཡུན་རིང་མི་སྡོད་ངེས། །འཇིག་རྟེན་ལྟོ་རྒྱབ་སྦྲངས་ཀྱང་ཕྱེད་དེ་མཆིས། །ཆོས་དང་མཐུན་ན་ལྟོགས་རིད་ཤི་དོགས་མེད། །འཇིག་རྟེན་འདི་ཡི་བྱ་བ་རྒྱབ་ཏུ་བོར། །འདི་དང་ཕྱི་མ་གཉིས་ཀ་མི་འགྲུབ་ཀྱི། །ཕྱི་མ་གལ་ཆེ་ཆོས་ལ་འབད་པ་ཐོན། །གཉིད་དང་སྙོམ་ལས་དབང་དུ་མ་བཏང་བར། །སྟོང་བ་སྙིང་རྗེའི་སྙིང་བོ་རྩེ་གཅིག་སྒོམས། །ཕུང་བོ་ཉམས་པས་ལུས་ངག་མཐུ་ཉམས་ཀྱང་། །ཡིད་ལ་ཅིས་ཀྱང་གདུང་བར་མི་བྱའོ། །ད་ནི་ལེ་ལོའི་གླགས་མེད་རིང་མི་སྡོད། །ཉིན་མཚན་གཉིས་ཀྱིས་ཚེ་འཛད་དགེ་མྱུར་མཛོད། །འཆི་ཁར་འགྱོད་པས་མི་ཕན་ད་ལྟ་འབད། །དངོས་པོ་ཅིས་ཀྱང་བྱར་མེད་གདམས་ངག་སྒོམས། །དྲན་སྣང་ཐམས་ཅད་སྐྱེ་མེད་རྒྱས་བཏབ་ཅིང་། །བྱེད་སྤྱོད་ཐམས་ཅད་སྒྱུ་མ་ལྟ་བུར་བྱ། །བདེ་སྡུག་ཐམས་ཅད་མཉམ་པ་ཉིད་དུ་བསླབ། །ཉེས་ལྟུང་ཕྲ་མོ་ཙམ་ཡང་ཕྱིར་བཅོས་བྱ། །དེ་ནས་སྐྱེ་བ་འདི་ཡི་འོག་རོལ་ཏུ། །སྡོམ་པ་གསུམ་དང་ལྡན་པའི་རྟེན་ཞིག་གིས། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་འགྱུར་བར། །སྨོན་ལམ་གདབ་ཅིང་དེ་ཡི་རྒྱུ་ལ་འབད། །ལུས་ངག་བྱ་བྱེད་མང་ན་སེམས་རྗེས་འབྲང་། །གཉུག་མའི་སེམས་འདི་བཅོས་མས་མི་བསླད་ཅིང་། །སྡིག་དང་སྡུག་བསྔལ་འཕེལ་བའི་ལམ་བར་ལ། །མཁའ་ལ་བྱ་སོང་བཞིན་དུ་རྗེས་མེད་བྱ། །ཅི་འདྲས་མི་སྡུག་བྱས་པའི་ལན་མི་བླན། །ཤེས་མཐུན་རྟོག་པ་བསྡུར་ན་དྲང་བོར་སྨྲ། །མདོར་ན་ཆོས་ཉིད་རྟོགས་པའི་ཕྱི་རྟགས་སུ། །བརྙས་པ་བྱུང་ཡང་ཀོ་ལོང་མི་བྱ་ཞིང་། །ཚིག་ངན་སྨྲས་ཀྱང་ཁྲོ་བར་མི་བྱ་ལ། །ཁྱད་གསོད་བྱས་ཀྱང་ང་རྒྱལ་མི་སྐྱེད་དོ། །འགལ་བ་ཇི་ལྟར་བྱུང་ཡང་འདི་བསམ་སྟེ། །འཁྲུལ་བས་བཅིངས་པའི་སེམས་ཅན་སྙིང་རེ་རྗེ། །སྐྱེ་མེད་ཆོས་ལ་བདག་དང་གཞན་བཟུང་བ། །འདི་ལ་དངོས་པོ་ཅི་ཡང་མེད་དོ་ཞེས། །ཆོས་དབྱིངས་ཉིད་དུ་ངེས་པར་བསམ་པར་བྱ། །དེ་ལྟར་ད་ལྟ་ཉིད་ནས་གོམས་བྱས་ན། །ཀློང་དུ་འགྱུར་ཚེ་ཅིས་ཀྱང་གནོད་མི་ནུས། །རྫས་དང་ལོངས་སྤྱོད་ཆེ་ཆུང་ཅི་ཡོད་ཀྱང་། །རང་དབང་ཡོད་ཚེ་ཕྲལ་བསྔོ་ཕྲལ་སྤྱད་བྱ། །ཁ་ཅིག་ན་རེ་འཆི་ཁར་དགོས་ཟེར་ཏེ། །འཆི་དུས་འབྱུང་བའི་ནད་ཀྱིས་བཏབ་པ་ལ། །ནད་གཡོག་མང་བས་སྡུག་བསྔལ་བགོ་ཐབས་མེད། །གཡོག་མེད་སྡུག་བསྔལ་འགྲོགས་ནས་ཁྱེར་བ་མེད། །དེས་ན་ནད་གཡོག་ཡོད་མེད་གཉིས་ཀ་འདྲ། །ཤི་བའི་རོ་དེ་ཙན་དན་མེར་བསྲེགས་སམ། །ཆུར་བོར་དོང་བསྐྱུར་བྱ་ཁྱིས་ཟོས་པར་མཉམ། །ཤུལ་དུ་གཏམ་སྙན་གཏམ་ངན་ཅི་བྱུང་ཡང་། །བདག་གི་རྗེས་སུ་འབྲངས་ནས་མི་འོང་སྟེ། །གསོན་ཚེ་དགེ་སྡིག་གཉིས་པོ་གང་བྱས་པའི། །འབྲས་བུ་དེ་ཡི་དུས་སུ་འབྱུང་བར་འགྱུར། །རྣལ་འབྱོར་པ་ཡི་འཆི་ལུགས་རྣམ་པ་གསུམ། །སྨྱོན་པ་ལྟ་བུར་ཤི་བ་རབ་ཡིན་ཏེ། །རི་དྭགས་ལྟ་བུར་ཤི་བ་འབྲིང་ཡིན་ནོ། །རྒྱལ་བོ་ལྟ་བུར་ཤི་བ་ཐ་མ་ཡིན། །དེས་ན་ཤུལ་དུ་ལུས་པ་མེད་པར་བྱ། །འདོད་ཆུང་ཆོག་ཤེས་ང་རྒྱལ་མེད་པ་དང་། །གཞན་དང་འབྲེལ་བསྐྱངས་རང་ལ་ངན་ཤོས་བྱ། །དམན་ས་བཟུང་ན་སླར་ཡང་གཞན་དག་དང་། །རང་ཡང་ཉོན་མོངས་མི་གསོག་དགེ་སྦྱོར་འཕེལ། །དེས་ན་ཅི་ལའང་ཁེང་དྲེགས་མི་བྱའོ། །དེ་ཕྱིར་བྱང་ཆུབ་སེམས་ནི་རྟག་ཏུ་སྦྱོངས། །ཆོས་ཀྱི་དབྱིངས་ནི་གཉིས་མེད་རྣམ་དག་ལས། །བྱང་ཆུབ་ཅེས་ནི་དེ་ལ་བརྗོད་པ་ཡིན། །དེ་དོན་སེམས་པར་བྱེད་པའི་སེམས་དཔའ་ནི། །དེ་ནི་བྱང་ཆུབ་སེམས་དཔའ་ཞེས་བྱ་སྟེ། །བྱང་ཆུབ་དང་ནི་སེམས་ལ་གཉིས་མེད་སྤྱོད། །གང་ཞིག་དེ་རྟོགས་འདོད་པའི་སྐྱེས་བུ་ནི། །དེ་ནི་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །དེས་ན་དམ་པ་རྣམས་ཀྱི་རྗེས་སུ་བསླབ། །མར་མེ་ཆུང་ངུ་རླུང་གིས་གསོད་པར་བྱེད། །ནགས་ཚལ་མེ་ལ་རླུང་གིས་གྲོགས་ཀྱང་བྱེད། །དེ་ཕྱིར་དང་བོར་རྐྱེན་ངན་དག་ལ་བྱོལ། །བརྟན་པ་ཐོབ་ནས་ཐམས་ཅད་གྲོགས་སུ་འགྱུར། །ཉམ་ཆུང་རྣམས་ལ་རྐྱེན་ངན་གནོད་པ་ཆེ། །དེ་ལ་གཅིག་པུར་གནས་ཤིང་འདུ་འཛི་སྤང་། །ཚེ་འདིའི་ལྟོ་རྒྱབ་ཇི་ལྟར་བྱས་ཀྱང་ཕྱིད། །ཚེ་རབས་ཕྱི་མ་ཆོས་དང་ཕྲད་པར་དཀའ། །དེ་བས་ཚེ་འདིར་ཆོས་ལ་འབད་པར་གྱིས། །ད་ལྟ་དགེ་བའི་ལས་ལ་མ་འབད་ན། །ཕྱི་མར་སྡུག་བསྔལ་མྱོང་བར་འགྱུར་ཏ་རེ། །བླ་མ་དམ་པ་རྣམས་ཀྱི་མན་ངག་གིས། །གཞུང་ལུགས་རྣམས་ནི་ཉམས་སུ་བླང་བར་བྱ། །

      ཞེས་བྱ་བའི་བར་གྱི་ཚིགས་སུ་བཅད་པས་གདམས་པ་དང་། ཁོ་འགྱུར་གྱི་དོགས་ནས་ཐུགས་དམ་འཇམ་པའི་རྡོ་རྗེ་ཡང་དེའི་དུས་སུ་བསྐུར་ནས་ང་ཇོ་བོ་དང་ཤི་འབྲལ་བྱེད། དེ་ནས་ཚེ་ལ་བར་ཆད་མ་བྱུང་ན་ཁྱོད་ཀྱི་མཆོད་གནས་ངས་བྱེད་པ་ཡིན་བྱ་བའི་ཞལ་འཕྲིན་ཡང་བསྐུར་བར་མཛད། དེ་ནས་འབྲོམ་རིན་པོ་ཆེས་ཇོ་བོའི་ཕྱག་ཕྱིར་ལྷ་སར་ཕེབས། དེའི་དུས་སུ་ཇོ་བོས་ཆང་གི་ཉེས་དམིགས་ལ་སོགས་པ་ཆོས་མང་དུ་གསུངས་ནས་ངས་ཕལ་ཆེར་སྡེ་བ་འཛུགས་གསུངས་པ་ལ། འབྲོམ་རིན་པོ་ཆེས། ཨ་ཏི་ཤ དེ་མི་མཛད་པར་ཞུ། བོད་དུ་འདི་མི་ལེགས་ཞེས་ཞུས་སོ། །དེའི་རྒྱུ་མཚན་ཡང་སྔོན་དུས་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་མཁན་ཆེན་བོ་དྷི་ས་ཏྭ་བོད་དུ་སྤྱན་དྲངས་ནས་རྒྱལ་བའི་བསྟན་པ་འཛུགས་པར་གསོལ་བ་བཏབ་པ་ན། མཁན་ཆེན་བོ་དྷི་ས་ཏྭས་སྦ་ཡེ་ཤེས་དབང་བོ་སོགས་མི་བདུན་རབ་ཏུ་བྱུང་ཞིང་སོ་ཐར་གྱི་བསླབ་ཁྲིམས་ལ་བཀོད་པས་དེ་དག་རབ་ཏུ་བྱུང་མ་ཐག་མངོན་ཤེས་དང་རྫུ་འཕྲུལ་ཐོབ་ཅིང་སྡེ་སྣོད་གསུམ་ལ་མཁས་པར་གྱུར། ད་ནས་རིམ་གྱིས་དགེ་འདུན་གྱི་སྡེ་རྒྱ་ཆེར་འཕེལ། མཁན་རྒྱུད་འདི་ནི་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་བའི་བརྒྱུད་པ་ཡིན་པས་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་ད་ཕྱིན་ཆད་བོད་འདིར་མཁན་ཆེན་བོ་དྷི་ས་ཏྭའི་ལུགས་ལྟར་ཐམས་ཅད་ཡོད་སྨྲ་བའི་སྡེ་བ་ལས་སྡེ་བ་གཞན་མི་བྱ་བ་དང་། འཕགས་པ་ཀླུ་སྒྲུབ་ཡབ་སྲས་ཀྱི་ལྟ་བ་ལས་ལྟ་བ་གཞན་མི་འཛིན་པར་བཀས་བཅད་མཛད་པ་དེ་དང་མཐུན་པར་མཛད་བཞེད་པ་དང་། བོད་ཀྱི་གདུལ་བྱ་ཡོངས་ཀྱི་ཁམས་དང་བསམ་པ་ལ་གཟིགས་ནས་ཕལ་ཆེན་སྡེ་བའི་ལུགས་ཀྱི་བཅས་པ་འགའ་ཞིག་བོད་ཀྱི་གདུལ་བྱས་སྲུང་དཀའ་བ་སོགས་ལ་གཟིགས་ནས་ཇོ་བོ་རྗེ་ལ་དེ་ལྟར་ཞུས་སོ། །

      དེ་ནས་རྔོག་ལེགས་པའི་ཤེས་རབ་ཀྱིས་ཇོ་བོ་དཔོན་གཡོག་ཡེར་བར་སྤྱན་དྲངས་པའི་དུས་སུ་དགེ་བཤེས་སྟོན་པས་བྱང་དུ་མི་ཆོས་ལ་གསེར་སློང་མཛད་དུ་བྱོན། མི་ཆོས་རྣམས་ཀྱིས་འབྲོམ་རིན་པོ་ཆེ་མཇལ་བའི་གྲབས་བྱས་ནས་ཚུར་འོང་ཁ་མ་དང་ཐུག དེའི་བར་དུ་ཡབ་གྲོངས་འདུག་པས་མི་ཆོས་རྣམས་ཀྱིས་འབྲོམ་རིན་པོ་ཆེ་ལ་མ་ལེགས་བྱ་སྙམ་ཙ་ན་འབྲོམ་རིན་པོ་ཆེས་སྔོན་ལ་ཚུར་མཛད། དེ་ཀུན་ཡང་ཕྱི་རབས་ལ་དགོངས་པ་ཡིན་གསུངས། དེ་ནས་གསེར་སློང་མཛད་དེ་ཚུར་ཕེབས་ནས་ལྷ་རི་སྙིང་བོའི་མགུལ་དུ་འབུལ་བ་མཛད་དོ། །འབྲོམ་རིན་པོ་ཆེའི་ཞལ་ནས་བླ་མ་རྗེ་བཙུན་ཆེན་པོ་ཟང་ཟིང་ལ་མཉེས་པ་མ་ལགས་ཏེ།  ཁོ་བོ་ཚོགས་གསོག་པའི་ཆེད་དུ་ཟང་ཟིང་གི་མཆོད་པ་ཅུང་ཟད་བགྱིད་གསུངས་ནས། གསེར་ཞོ་དགུ་དགུ་ལ་སྲང་རེ་རེ་བརྩིས་པའི་གསེར་སྲང་བརྒྱ་རྩ་བརྒྱད། རྟ་ཉི་ཤུ་རྩ་གཅིག འབྲི་བཅུ་གཅིག བེར་གཉིས། དབྱི་སྤྱང་གི་པགས་པ་བཞི། ཁྲབ་བཞི། དངུལ་སྐྱོགས་གཉིས། གླ་གོར་གྱི་ཡོལ་གོ་གཅིག དེ་ལ་སོགས་པའི་ནོར་སྣ་བརྒྱ་རྩ་བརྒྱད་ཕུལ། དེའི་ཚེ་ཇོ་བོ་རྗེ་མཉེས་ནས་འབྲོམ་རིན་པོ་ཆེ་ལ་ཐུགས་མཉེས་པའི་བཀའ་ལུང་མང་དུ་གསུངས་ཤིང་། ཇོ་བོ་ཉིད་ཀྱིས་ཆོས་ལ་དཀའ་བ་སྤྱད་ལུགས། སྒྲུབ་པ་ཉམས་སུ་བླངས་ལུགས་ཡམ་མེ་བ་ཞིག་གསུངས་ནས་ཁྱོད་ཀྱིས་དཀའ་བའི་ལས་མ་བགྱིས་པར་སྙིང་བོའི་དོན་རྙེད་པ་བསོད་ནམས་ཤིན་ཏུ་ཆེ་ཡི། ད་ལེགས་པར་ནན་ཏན་དུ་གྱིས་ཤིག་གསུངས། རྟག་ཏུ་ངུ་དང་ཆོས་འཕགས་དང་ནོར་བཟང་གི་གཏམ་རྒྱུད་གསུངས་ནས་བླ་མའི་ཞབས་ཏོག་བྱེད་པ་འདི་ལ། བླ་མ་དེ་ལ་འདོད་པ་མི་མངའ་ཡང་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆེ་བས་བྱ་དགོས་པ་ཡིན་གསུངས། འབྲོམ་རིན་པོ་ཆེས་གསེར་སློང་ལ་བྱོན་དུས་ཀྱི་ཟླ་བ་གཅིག་དང་། ཁུ་སྟོན་གྱིས་སྤྱན་དྲངས་དུས་ཟླ་བ་གཅིག་སྟེ། ཟླ་བ་གཉིས་མ་གཏོགས་པ་དང་བོར་ཇོ་བོ་དང་མཇལ་ནས་ཞི་བར་མ་གཤེགས་ཀྱི་བར་སྐད་ཅིག་ཀྱང་འབྲལ་མ་མྱོང་བ་ཡིན་གསུངས། ཡང་ཇོ་བོའི་ཞལ་ནས། ཨུ་པ་སི་ཀའི་རིགས་ཅི་ཡིན་གསུང་། རྗེའུའི་རིགས་ལགས་ཞུས་པས། རྗེའུའི་རིགས་ཀྱི་ང་རྒྱལ་མ་མཛད་གསུངས། ཡེ་མ་མཆིས་ཞུས་པས། བག་ཙམ་བདོག་སྟེ་མཆི། ཡེ་མི་རུང་གསུངས། འབྲོམ་རིན་པོ་ཆེ་ལ་ཁེངས་པ་དང་ཆེ་འགྱིངས་མི་མངའ་བས་བེར་ཆུང་གིས་ཕྱག་གྱིས་ཟེར་བ་ལའང་དེ་བཞིན་དུ་མཛད་པ་དང་། སྙེ་ཐང་དུ་ཁུ་སྟོན་བྱོན་པ་ལའང་ཕྱག་མཛད་ཅིང་། འབྲོམ་རིན་པོ་ཆེ་ལན་པ་སྤྱིལ་བུར་སྤྱན་དྲངས་དུས་ལམ་དུ་སྔགས་པ་གཅིག་དང་འཕྲད་པས་ཁ་ཆང་དྲི་ཆིལ་ལེ་བྱས་ནས་ཁོ་ན་རེ། དགེ་བསྙེན་འདི་ཡ་ཚད་ཁུར་ཟེར་ནས་ལྷམ་ཁྲེས་ཞིག་དང་གལ་ལྟེ་བསྐུར་བས་བགྱིའོ་གསུངས་ནས་ཁུར་བྱོན་པས་སྤྱིལ་བུ་བའི་དགེ་འདུན་རྣམས་ཀྱིས་བསུ་བའི་སེར་སྦྲེངས་བྱས་པ་སྔགས་པས་མཐོང་ནས་དགེ་བསྙེན་འདི་ཅི་ཡིན་ཟེར་བ་ལ། ཁོ་བོ་ལ་བསུ་བ་བྱེད་པའི་ཞད་དུ་གདའ་གསུངས་པས། ཁོ་སྐྱེངས་ཏེ་བྲོས་པ་ལ་སོགས་པའི་གཏམ་རྒྱུད་གཞན་ཡང་མང་ངོ་། །

      དེ་ནས་ཇོ་བོ་དཔོན་གཡོག་སྙེ་ཐང་དུ་སྤྱན་དྲངས་ནས་བཞུགས་པའི་དུས་སུ་ཇོ་བོའི་ཞལ་ནས། ཨུ་པ་སི་ཀ ཁྱོད་ན་རེ་དགུན་ཡང་མེ་ཏོག་མང་བོ་འཆར་བ་ཞིག་ཡོད་ཟེར་བ་མེ་ཏོག་ག་རེ་གསུངས་པས། འབྲོམ་རིན་པོ་ཆེས་སྙེའི་ན་མོ་ཆེར་ཇོ་བོ་རྗེ་གདན་དྲངས་ནས་གསིང་མའི་མེ་ཏོག་གཟིགས་ཕུལ་བས་ཇོ་བོའི་ཞལ་ནས་བརྫུན་མ་བཏང་ཙམ་འདུག་གསུངས། ངས་ས་ཕྱོགས་འདིར་མེ་ཏོག་མང་བོ་འཆར་བར་བྱིན་གྱིས་བརླབས་ཀྱིས་གསུངས། ཇོ་བོའི་བྱིན་རླབས་ཀྱིས་སྙེ་ཐང་གི་ས་སྐོར་ནས་མེ་ཏོག་གི་རིགས་གཞན་ན་མེད་པ་མང་བོ་ཡོད། ཇོ་བོའི་ཞལ་ནས། དུག་གི་མེ་ཏོག་དཀོན་མཆོག་ལ་དབུལ་མི་རུང་། སྤང་རྒྱན་འདི་ཨུཏྤ་ལའི་རྒྱུ་རུ་འདུག་པ་ལ་བོད་གྲང་བས་ཁ་མ་བྱེ་བར་འདུག མེ་ཏོག་ཤང་ཤང་ནི་རྒྱ་གར་ན་ཡང་མེད། ཡོད་ན་ངས་གསེར་འཇལ་ནུས་གསུངས།

      དེའི་ཚེ་འབྲོམ་རིན་པོ་ཆེས་ལྗགས་ཀྱི་སྟེང་དུ་མེ་ཏོག་ངོ་མཚར་བ་ཞིག་སྤྲུལ་བ་སོགས་རྫུ་འཕྲུལ་གྱི་བཀོད་པ་སྣ་ཚོགས་བསྟན་པ་བཀའ་གདམས་གླེགས་བམ་ལས་འབྱུང་བ་ནི། ཇོ་བོ་རྗེས། ཀྱེ་མ་ཆུང་ཆུང་འབྲོམ་རྗེ་གཟིགས། །འོལ་ལེ་འདབ་མའང་སྐྱེས་ཏེ་གདའ། །དོད་དོད་བརྫུན་བུག་མ་བརྡེབ་ཙམ། །གསུང་བའི་ལྗགས་དེ་ང་ལ་སྟོན། །དེ་ནས་འབྲོམ་རྗེས་ལྗགས་བརྐྱངས་པ། །གཟིགས་པས་དེ་ལའང་མེ་ཏོག་གཅིག །སྐྱེས་པ་གཟིགས་ནས་ཇོ་བོ་མཉེས། །ཀྱེ་མའོ་ཡ་མཚན་དེ་ན་འདུག །འབྲོམ་གྱི་ལྕེ་ནི་ནེ་ཐང་འདྲ། །བུང་བ་ཞལ་དུ་མི་འཚང་ཙམ། །འོ་ནའང་མངར་རྩི་མེད་དམ་ཅི། །སླར་ཡང་འབྲོམ་རྗེས་ལྗགས་བརྐྱངས་པའི། །མེ་ཏོག་སྟེང་ནའང་ཇོ་བོ་གདའ། །ཇོ་བོས་གཟིགས་ནས་འདི་སྐད་གསུངས། །ཨ་རེ་ཅི་ཡང་དགོད་རེ་བྲོ། །བདག་ལ་འབྲོམ་གྱིས་བུང་བ་བྱས། །ཁོ་བོ་རེ་ཆུང་ནས་རྡོག་ཙམ། །རེ་དོད་གསུངས་ཤིང་ཕྱག་གིས་རེག །པདྨའི་སྟེང་གི་ཇོ་བོ་བཞད། །དེ་ནས་ཇོ་བོའི་བཞད་སྲིན་ལངས། །ཡང་དང་ཡང་དུ་བཞད་པར་གྱུར། །དེ་ནས་འབྲོམ་གྱིས་འདི་སྐད་སྨྲས། །དགུན་དུས་འཁྲུངས་པའི་མེ་ཏོག་དཀར་འབུར་བ། །ཁོ་བོ་ཟོག་མར་མ་བཏང་དྲིན་ཆེའོ། །སྤྱིར་ཡང་མཐའ་འཁོབ་གནས་འདིར་གྲང་གཞི་ཆེ། །ཁྱད་པར་དབུ་རུ་ཆུ་འཁྲིས་ས་འཁྱགས་མང་། །དེང་སང་དགུན་དུས་མེ་ཏོག་འདབ་ལྔ་བ། །ས་ལ་སྐྱེས་པས་ཇོ་བོ་མཉེས་གྱུར་ན། །ཁྱད་པར་རྫུན་མེད་འབྲོམ་གྱི་ལྕེ་ལ་འཁྲུངས། །བུང་བ་དྲིས་པས་བདེ་གཤེགས་སྐུ་གཟུགས་བྱོན། །བཞད་པ་རབ་བཞད་བདེ་གཤེགས་འདི་འདྲར་བཞད། །མཚར་མོས་རང་གི་བྱད་མཐོང་བཞིན་དུ་བཞད། །ལྷ་མོ་རང་གཟུགས་སྟོན་པ་བཞིན་དུ་བཞད། །བཀྲ་ཤིས་བླ་མ་མཉེས་པའི་བཀྲ་ཤིས་ཤོག །སླར་ཡང་བླ་མ་རྗེ་བཙུན་འདི་སྐད་གསུངས །འབྲོམ་རྗེ་ད་དུང་ལྗགས་ཀྱི་མེ་ཏོག་སྟོན། །སླར་ཡང་ལྗགས་བརྐྱང་གཟིགས་སུ་ཕུལ་བ་ཡི། །བླ་མའི་མདུན་ནའང་འབྲོམ་ཆུ་ཆུང་ཆུང་གཅིག །འཛུམ་འཛུམ་བླ་མའི་ཞལ་ལ་རབ་བལྟ་ཞིང་། །བུ་ཆུང་སྐད་འདྲ་སྙན་པའི་སྒྲ་འབྱིན་གསན། །གཟིགས་མ་ཐག་ཏུ་ཤིན་ཏུ་དགྱེས་གྱུར་ནས། །མེ་ཏོག་འདི་འདྲ་རྒྱ་གར་ཡུལ་ནའང་མེད། །ཟབ་མོའི་ཡབ་སྲས་ལྗགས་ཀྱི་སྟེང་ནའང་གདའ། ངོ་མཚར་ཆེའོ་ནང་གི་ཡུ་གི་གཉིས། །འབྲོམ་རྗེ་ལྗགས་དེ་གུལ་གུལ་མ་མཛད་ཅིག །སྐུ་ཁམས་གསོ་ཕྱིར་འབྲོམ་གྱིས་རབ་གཡོས་པས། །ལེགས་ལེགས་ལྡེག་ལྡེག་འབྲུལ་ལ་ཁད་དེ་གདའ། །རབ་ཏུ་བཞད་ཅིང་འབྲོམ་རྗེ་ག་ལེ་མཛོད། །ཁྱིའུ་གཞོན་ནུ་སྲན་རྡོག་ཟ་དང་མཚུངས། །ལྕེ་ཡི་སྟེང་ན་རལ་རིལ་ལྟད་མོར་ཆེ། །བདེ་གཤེགས་ལྗགས་ཀྱི་པདྨོ་ལས་འཁྲུངས་པའི། །དང་བོར་བཞུགས་པའི་གཟུགས་ཅན་ཡ་གི་གཉིས། །མར་བྱོན་བདག་ཅག་གཉིས་ནི་ནང་དུ་འགྲོ། །འབྲོམ་རྗེའི་ཞལ་ནས་ལན་དུ་འདི་སྐད་ཞུས། །འཇིག་རྟེན་སྒྲོན་མ་ཡར་ལ་གཤེགས་སུ་གསོལ། །ཁོ་བོས་བྱིན་པས་ཁོང་གཉིས་མི་ལུས་མཆི། །དེ་ནས་རྒྱལ་བ་སྲས་བཅས་མཉེས་བཞིན་དུ། །གཟིམ་ཁང་ནང་དུ་གཤེགས་ཏེ་བྱོན་པའི་ཚེ། །ལྷ་ཡི་ཚོགས་ཀྱིས་མེ་ཏོག་དཔག་མེད་གཏོར། །དེ་ནས་ཇོ་བོའི་ཞལ་ནས་འདི་སྐད་གསུངས། །འབྲོམ་རྗེས་མེ་ཏོག་མཆོག་ལ་མཉེས་གྱུར་ན། །ཁོ་བོས་ས་ཕྱོགས་འདི་དག་བྱིན་བརླབས་ལ། །རིན་ཆེན་ལྔ་ཡི་མེ་ཏོག་འབྱུང་བར་བྱ། །ལན་དུ་འབྲོམ་རྗེས་ཐུགས་ལ་ཐོགས་ཞུས་པས། །གསེར་དངུལ་ལ་སོགས་མེ་ཏོག་བཟང་བོ་ཡིས། །སྙེ་ཐང་ཁོངས་རྣམས་རབ་ཏུ་གང་བར་གྱུར། །དེ་ནས་ཇོ་བོའི་ཞལ་ནས་འདི་སྐད་གསུངས། །བླ་མས་བྱིན་རླབས་མར་མེ་མཛད་དཔལ་ངས། །བྱིན་གྱིས་བརླབས་པའི་མེ་ཏོག་འདི་བསྐྲུན་པས། །འབྲོམ་གྱི་རྗེས་འབྲང་མཆོད་ཚོགས་འཕེལ་བར་ཤོག །ཅེས་བཀའ་གདམས་གླེགས་བམ་ལས་འབྱུང་ངོ་། །

      ཇོ་བོ་རྗེས་འབྲོམ་རིན་པོ་ཆེ་ཇོ་བོ་རང་ཉིད་དང་མཉམ་པ་འགྲན་ཟླ་མེད་པར་བསྔགས་ཏེ། འབྲོམ་རིན་པོ་ཆེས་ཇོ་བོ་ལ། ཁོ་བོ་ཟབ་མོ་དབུ་མའི་ལྟ་བ་འདི་ལྟར་འཛིན་ཞེས་སློབ་དཔོན་ཟླ་བ་གྲགས་པའི་ལུགས་ཀྱི་ལྟ་བའི་རྟོགས་པ་ཕུལ་བས། ཇོ་བོས་ཕྱག་ཐལ་མོ་ཤར་ཕྱོགས་སུ་སྦྱར་ནས་ད་ལྟ་རྒྱ་གར་ཤར་ཕྱོགས་ནའང་ལྟ་བ་འདི་ཁོ་ན་འཛིན་པ་ཡིན། ཁྱོད་ལྟ་བུའི་སེམས་དཔའ་ཆེན་པོ་བོད་ན་འདུག་པ་བོད་བསོད་ནམས་མི་ཆུང་གི ཁོ་བོ་བོད་དུ་འོང་མི་དགོས་པ་འདུག་པ་ལ་གསུངས་ནས་གདམས་པ་ཤས་ཤིག་གནང་ངོ་། །

      དེ་ལྟར་འབྲོམ་རིན་པོ་ཆེས་ཇོ་བོ་རྗེ་མཉེས་པ་གསུམ་གྱི་སྒོ་ནས་མཉེས་པར་མཛད་ཅིང་། ལྷག་པར་ཡེར་བ་ལྷ་རི་སྙིང་བོའི་མགུལ་དུ་ལོ་གསུམ་གྱི་རིང་ལ་ཇོ་བོ་རྗེ་རྙེད་པ་དང་བཀུར་སྟི་ཚད་མེད་པས་མཆོད་ཅིང་། སྡིག་པ་ཅན་གྱི་སྐྱེ་བོས་དབེན་པར་བྱས་ཏེ་བྱང་ཆུབ་ལམ་གྱི་རིམ་པའི་འོག་བཤེས་གཉེན་བསྟེན་ཚུལ་ནས་མཐར་འབྲས་བུ་མི་སློབ་པའི་ཟུང་འཇུག་འགྲུབ་པའི་བར་ལམ་སོ་སོའི་ངོ་བོ་གང་ཡིན་པ་དང་། ལམ་དེ་དང་དེ་རྒྱུན་ལ་བསྐྱེད་པ་ལ་རྒྱུ་ཚོགས་གང་དང་གང་ཞིག་དགོས་པ་དང་། དང་བོར་གང་ཉམས་སུ་བླང་བར་བྱ་བ་དེ་ནས་རིམ་གྱི་རིམ་གྱིས་བསྒྲུབ་དགོས་པའི་གོ་རིམ་ངེས་པ་དང་། ལམ་དེ་དང་དེ་དག་སྒྲུབ་པ་ལ་གེགས་ཇི་ལྟ་བུ་འབྱུང་བ་དང་། ལམ་དེ་དང་དེ་དག་སྟོན་པའི་བླ་མ་དང་སློབ་མ་ཇི་ལྟ་བུ་ཞིག་དགོས་པ་དང་། ཡི་དམ་གང་ལ་བྱ་དགོས་པ་སོགས་མཐའ་དག་པར་ཞུས་ཤིང་ཉིན་རེ་བཞིན་དུ་དྲི་གཏུགས་དང་བརྒལ་བརྟག་མང་དུ་མཛད་དེ་གཏན་ལ་ཕབ། དེའི་ཚེ་འབྲོམ་རིན་པོ་ཆེས་ལམ་གྱི་གནད་མཐར་ཐུག་པ་འདི་དག་ཁོང་གཞན་འགའ་ཞིག་ལའང་གནང་ན་ལེགས་པ་ལ་གཞན་སུ་ལའང་མི་གནང་བར་ཁོ་བོ་གཅིག་པུ་ལ་གནང་བ་ཅི་ཡིན་ཞེས་ཞུས་པ་ན། ཇོ་བོའི་ཞལ་ནས་ངས་ཁྱོད་མིན་པ་གཞན་ལ་གཏད་ས་མ་རྙེད་པ་ཡིན་གསུངས། ཚུལ་འདི་དག་ལ་བློ་གྲོས་ཅན་རྣམས་ཀྱིས་ལེགས་པར་དཔྱད་ན་ཇོ་བོ་རྗེ་ཉིད་བསྟན་པ་ཡོངས་རྫོགས་ཀྱི་བདག་པོ་ཡིན་པ་དང་ཇོ་བོ་རྗེས་འབྲོམ་རིན་པོ་ཆེ་ལ་བསྟན་པ་ཡོངས་རྫོགས་ཀྱི་མན་ངག་རྣམས་བུམ་པ་གང་བྱོའོ་ཚུལ་དུ་གནང་བར་གོ་ནུས་ལ། དེ་ལྟར་གོ་ན་ཇོ་བོ་རྗེས་འབྲོམ་རིན་པོ་ཆེ་ལ་གནང་བ་ནས་བཟུང་ཆོས་ཀྱི་རྒྱལ་བོ་ཙོང་ཁ་བ་ཡབ་སྲས་ལ་རིམ་གྱིས་བརྒྱུད་དེ་བསྟན་པ་ཡོངས་རྫོགས་ཀྱི་མན་ངག་རྒྱུན་མ་ཆད་པར་ཡོད་པ་འདི་ལ་ཡིད་ཆེས་ཀྱི་དད་པ་རྐང་ཚུགས་པ་སྐྱེའོ། །

      འདི་དག་ལ་བློ་ཆུང་འགའ་ཞིག་འབྲོམ་རིན་པོ་ཆེས་ཇོ་བོ་ལ་སྐྱེས་བུ་གསུམ་གྱི་ལམ་རིམ་རྫོགས་པར་གསན་མོད་ཀྱང་གསང་སྔགས་རྒྱུད་སྡེ་བཞིའི་མན་ངག་རྣམས་རྫོགས་པར་མ་གསན་ཏེ་ཇོ་བོ་རྗེས་དོ་ཧ་གསུང་བའི་ཚེ་འབྲོམ་རིན་པོ་ཆེས་ཨ་ཏི་ཤ་འདི་བོད་དུ་མི་ལེགས་ཞེས་བཀག་པས་སོ་སྙམ་པ་སྐྱེ་སྲིད་དེ། དེ་ནི་དེ་ལྟ་མ་ཡིན་ཏེ་འབྲོམ་རིན་པོ་ཆེ་ནི་ཐུགས་ནམ་མཁའ་ལྟར་རྒྱ་ཆེ་ཞིང་རྒྱ་མཚོ་ལྟར་གཏིང་ཟབ་པས་སྤྱིར་གསང་སྔགས་གསང་ནས་བྱ་དགོས་པ་དང་། ལྷག་པར་དོ་ཧ་སོགས་བླ་མེད་ཀྱི་རྫོགས་རིམ་མཐར་ཐུག་འདི་དག་ཤིན་ཏུ་གསང་བར་བྱ་དགོས་ཀྱི་དེ་ལྟ་མིན་པར་ཁྲོམ་བསྒྲགས་སུ་སོང་ན་འཆད་པ་པོ་རྣམས་ལ་རྩ་ལྟུང་འབྱུང་ཉེ་བ་དང་། ཉན་པ་པོ་བསོད་ནམས་དམན་ཞིང་བློ་གྲོས་ཆུང་བ་དག་ལ་ཕན་པ་ལས་གནོད་པ་ཆེ་བ་ཞིག་འབྱུང་སྟེ། གསང་སྔགས་སྒྲ་ཇི་བཞིན་པར་བཟུང་ནས་ནག་ཆང་ལ་བག་མེད་དུ་སྤྱོད་པ་སོགས་རང་ཉིད་ཕུང་བར་མ་ཟད་བསྟན་པ་རིན་པོ་ཆེ་རྨངས་ནས་འཇིག་པའི་རྐྱེན་དུ་འགྱུར་བར་གཟིགས་ནས་ཕྱི་ལྟར་དུ་དམ་དོག་ཆེ་བར་མཛད་པ་ཡིན་གྱི། གསང་བའི་གནས་སུ་ཇོ་བོ་རྗེས་འབྲོམ་རིན་པོ་ཆེ་ལ་རྒྱུད་སྡེ་བཞིའི་མན་ངག་ཡོངས་རྫོགས་གནང་ཞིང་ཁྱད་པར་ཕ་རྒྱུད་གསང་བ་འདུས་པ་དང་། མ་རྒྱུད་འཁོར་ལོ་སྡོམ་པའི་མན་ངག་མཐའ་དག་དང་། བླ་མེད་སྤྱིའི་མན་ངག་མཐར་ཐུག་པ་གྲུབ་པ་སྡེ་བདུན་དང་། སྙིང་བོ་སྐོར་གསུམ་གྱི་མན་ངག་རྣམས་བུམ་པ་གང་བྱོའི་ཚུལ་དུ་ཡོངས་སུ་རྫོགས་པར་གནང་ངོ་། །

      འབྲོམ་རིན་པོ་ཆེ་ནི་ཇོ་བོ་རྗེ་ལམ་མན་ངག་ཡོངས་རྫོགས་གསན་པ་ཙམ་དུ་མ་ཟད་རང་ཉིད་དཀྱིལ་འཁོར་གྱི་བདག་པོར་ལྷུན་གྱིས་གྲུབ་པ་ཞིག་ཡིན་ཏེ། ཡེར་བ་ལྷ་རི་སྙིང་བོའི་མགུལ་དུ་ཇོ་བོ་ཡབ་སྲས་གཉིས་ལོ་གསུམ་གྱི་རིང་ལ་ལམ་གྱི་དཀའ་གནས་རྣམས་ལ་བགྲོ་བ་མཛད་པ་དེའི་ཚེ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་སྲས་ཀྱི་ཐུ་བོ་རྔོག་ལེགས་པའི་ཤེས་རབ་ཀྱིས་ཞབས་འབྲིང་བ་གཅིག་མ་གཏོགས་རང་གི་གྲྭ་བུ་སློབ་སྦྱིན་བདག་དང་བཅས་པ་སུས་ཀྱང་མ་ཚོར་བར་གསང་སྟབས་ཀྱི་ཡེར་བར་བྱོན་ནས་དངུལ་གྱི་མཎྜལ་ལ་དུང་གི་ཚོམ་བུ་བཀོད་དེ་འབྲོམ་ཆོས་ཀྱི་རྒྱལ་བོའི་སྐྱེས་རབས་སོགས་གསང་བ་ཟབ་མོ་རྣམས་གནང་དགོས་ཞེས་ཇོ་བོ་རྗེ་ལ་གསོལ་བ་བཏབ་པ་ན་ཇོ་བོ་རྗེས་ཀྱང་དེ་བཞིན་དུ་གནང་ནས། ད་ལམ་འབྲོམ་རིན་པོ་ཆེ་ཉིད་ལ་གསོལ་བ་གདབ་དགོས་ཞེས་འབྲོམ་ཉིད་ཀྱིས་གསུང་བར་བསྐུལ། རྗེ་བཙུན་མ་སྒྲོལ་མའང་དངོས་སུ་བྱོན། བརྒྱུད་པ་གསུམ་ལྡན་གྱི་བླ་མ་ཐམས་ཅད་ཀྱང་དངོས་སུ་ཕེབས། ནམ་མཁའི་ཁམས་སངས་རྒྱ་དང་བྱང་ཆུབ་སེམས་དཔས་གང་བ་རྣམས་ཀྱིས་ཀྱང་བྱིན་གྱིས་བརླབས་པ་ན་འབྲོམ་རིན་པོ་ཆེས་རངམ་ཉིད་སྤྱན་རས་གཟིགས་དངོས་ཡིན་པ་དང་། སྔོན་གྱི་ཐུགས་བསྐྱེད་དང་། སངས་རྒྱས་བྱང་སེམས་མང་བོས་ཀྱང་བསྐུལ་བ་ལ་རྟེན་ནས་སྤྲུལ་བ་གྲངས་མེད་པས་བོད་ཡུལ་འདིར་སངས་རྒྱས་ཀྱི་བསྟན་པ་བཙུགས་པ་དང་། ལྷག་པར་སྔོན་གྱི་ཆོས་རྒྱལ་ལོ་པཎ་བཀའ་དྲིན་ཅན་དེ་དག་ཇོ་བོ་ཡབ་སྲས་གཉིས་ཀྱི་སྤྲུལ་བ་ཡིན་ཚུལ་སོགས་སྐུ་གསུང་ཐུགས་ཀྱི་གསང་བ་མང་དུ་གསུངས་པའི་མཐར་སྐུ་ཐིག་ལེ་སེར་བོ་ཞིག་ཏུ་འཁྱིལ་འཁྱིལ་འདུག་པའི་འཕྲོ་ལ་སྐུ་མི་སྣང་བར་ཡལ། དེར་དགེ་བཤེས་གསང་ཕུ་བ་དང་། ནག་ཚོ་ལོ་ཙཱ་བ་དང་། དགེ་བཤེས་ཀ་བ་གསུམ་འབྲོམ་རིན་པོ་ཆེའི་སྐུ་མ་མཐོང་བས་ཡིད་གདུང་ནས་མགྲིན་གཅིག་ཏུ། སྤྲུལ་བའི་ཆོས་རྒྱལ་གང་དུ་ཐལ། །རྒྱལ་བ་རྒྱ་མཚོ་གང་དུ་གཤེགས། །ཞེས་སོགས་གདུང་དབྱངས་ཀྱིས་གསོལ་འདེབས་ཤུགས་དྲག་མཛད་པ་ན། ཇོ་བོའི་ཞལ་ནས། རྒྱལ་བའི་འབྱུང་གནས་མཐོང་འདོད་ན། ཁོ་ཡི་རང་བཞིན་སྙིང་རྗེ་ཡིན། །འགྲོ་བ་ཐམས་ཅད་ཡུལ་བྱས་ནས། །བཟོད་གླགས་མེད་པའི་སྙིང་རྗེ་སྒོམས། །རིང་བོར་མི་ཐོགས་མངོན་དུ་འགྱུར། །ཞེས་གསུངས་པ་ན་ཁོང་གསུམ་གྱིས་སྙིང་རྗེ་ཆེན་པོ་ཤུགས་དྲག་ཏུ་བསྒོམས་པས། ཇོ་བོའི་ཐུགས་ཀ་ཤེད་ནས་ཐིག་ལེ་དཀར་བོ་ཞིག་འཁྱིལ་འཁྱིལ་བྱེད་པ་སྙམ་བྱེད་པ་སྙམ་བྱུང་བ་ལ། ཐིག་ལེ་དེ་ལས་ཟོད་ཟེར་དཀར་བོ་དྲུག་བྱུང་བས་བཞི་ཕྱོགས་བཞིར་འཕྲོས། གཉིས་སྟེང་འོག་ཏུ་འཕྲོས། དེ་ནས་སླར་འཁོར་ཏེ་བྱུང་ནས་སྟེང་གི་འོད་བླ་གབ་ཀྱི་རྣམ་པ་འཁྱིལ་ལེ་བ་ཁང་བ་ཀ་བ་བཞི་ཙམ་རྒྱ་ཁེབས་པ་བཏུད་ནས་བལྟས་ན་ཨོཾ་གྱི་རྣམ་པར་གནས་པ་ཞིག་འདུག་གོ །དེ་བཞིན་དུ་འོག་གི་འོད་དེ་ཡང་དངུལ་དཀར་གྱི་མེ་ལོང་ལྟར་མཐོ་དམའ་མེད་པར་བླ་གབ་དང་རྒྱ་མཉམ་པར་གནས་ཏེ་གཏུད་དེ་བལྟས་ན་ཧཱུཾ་གི་རྣམ་པར་གནས་སོ། །

      དེ་བཞིན་དུ་ཤར་གྱི་འོད་དེ་ཡང་ལྷོ་བྱང་དུ་ངོས་ཕུན་སུམ་ཚོགས་པར་གནས་པ་བཏུད་དེ་བལྟས་ན་མའི་རྣམ་པར་གནས་སོ། །དེ་བཞིན་དུ་ནུབ་ཀྱི་འོད་དེ་ཡང་ལྷོ་བྱང་དུ་ངོས་ཕུན་སུམ་ཚོགས་པར་གནས་པ་བཏུད་དེ་བལྟས་ན་པད་ཀྱི་རྣམ་པར་གནས་སོ། །བྱང་གི་འོད་དེ་ཡང་དེ་བཞིན་དུ་ཤར་ནུབ་ཏུ་ངོས་ཕུན་སུམ་ཚོགས་པར་གནས་པ་བཏུད་དེ་བལྟས་ན་མེའི་རྣམ་པར་གནས་སོ། །ལྷོའི་འོད་དེ་ཡང་དེ་བཞིན་དུ་ཤར་ནུབ་ཏུ་ངོས་ཕུན་སུམ་ཚོགས་པར་གནས་པ་བཏུད་དེ་བལྟས་ན་ཎིའི་རྣམ་པར་གནས་ཏེ། མདོར་ན་འོད་དཀར་བོའི་གཞལ་ཡས་ཁང་གི་རྣམ་པ་ཕུན་སུམ་ཚོགས་པ་དགའ་བ་བདེ་བ་རྣམ་པར་རྟོག་པ་མ་བཅིངས་པ་དེ་ལྟ་བུའི་གཞལ་ཡས་ཁང་གི་སྟེང་འོག་དང་ངོས་གང་ནས་བྱུང་ཆ་མེད་པར་ཐིག་ལེ་དཀར་བོ་སྲན་མའི་གའུ་ཙམ་ཞིག་བྱུང་སྟེ། དེ་ལ་སེམས་བཏུད་དེ་བལྟས་པས་དེ་འགྱུར་བ་སྙམ་བྱེད་པ་ན་དེའི་གསེབ་ཤེད་ནས་ཧྲཱིཿདཀར་བོ་བཀྲག་འཚེར་བ་ཞིག་བྱུང་། དེ་ཡང་འོད་ཁ་དོག་རྣམ་པ་ལྔས་གཏུམ་ནས་འོད་ཀྱི་རྣམ་པར་ཧྲིལ་ཧྲིལ་ཡོང་བའི་གསེབ་ཤེད་ནས་རེས་འགའ་ཨའི་རྣམ་པ། རེས་འགའ་ཟླ་བའི་རྣམ་པ་འདྲ་བ་ཞིག་བྱུང་སྟེ་འོད་དེ་བཏེག་གོ །དེ་ནས་ཅུང་ཞིག་ནས་འོད་དེའི་གསེབ་ནས་ཚུར། ཨོཾ་མ་ཎི་པདྨེ་ཧཱུཾ། ཞེས་པའི་ཡིག་འབྲུ་དྲུག་རང་སྒྲ་དང་བཅས་སྟེང་འོག་ཕྱོགས་བཞི་དང་བཅས་པར་འོད་ཟེར་གྱི་རྣམ་པར་འཕྲོས་ཤིང་སླར་ཡང་འོད་དེའི་དཀྱིལ་དུ་ཐིམ། དེ་ནས་རེ་ཞིག་ནས་འོད་དེ་ཇེ་སྲབ་ཏུ་སོང་ནས་འོད་ཅུང་ཟད་ཡོད་པའི་གསེབ་ཕར་ལ་བལྟས་པས། ད་ཅི་ནས་གནས་པའི་ཧྲཱིཿདེ་ལ་ཡིག་འབྲུ་དྲུག་པོས་གཡས་ཕྱོགས་ནས་བསྐོར་ཏེ། དེ་དག་ལ་ཡང་དབུས་ཀྱི་ཡིག་འབྲུ་དེ་ལས་ཡིག་འབྲུ་དྲུག་པོ་དེ་དག་གི་རྣམ་པའི་འོད་ཟེར་འཕྲོས། དྲུག་པོ་དེ་ལས་ཀྱང་ཡིག་འབྲུ་རེ་རེ་ལའང་ཡིག་འབྲུ་དྲུག་དྲུག་གི་རྣམ་པའི་འོད་ཟེར་ཕྱོགས་བཅུར་འཕྲོས་ཏེ་མདོར་ན་འོད་ཟེར་དྲུག་ཅུ་དྲུག་ཅུ་བྱུང་། དེར་འོད་ཐམས་ཅད་དང་། ས་ཕྱོགས་ཐམས་ཅད་ཀྱང་ཡི་གེ་དྲུག་པ། ཨོཾ་མ་ཎི་པདྨེ་ཧཱུཾ་ཞེས་པའི་སྒྲ་འུར་འུར་བའི་སྣང་བ་བྱུང་། དེ་ནས་འོད་ཟེར་དྲུག་ཅུ་དྲུག་ཅུ་པོ་དེ་དག་ཚུར་འདུས་ཏེ་ལ་ལ་སྟེང་ལ་ལ་འོག་དང་ངོས་བཞི་ལ་ཐིམ། ལ་ལ་དབུས་ཀྱི་ཡིག་འབྲུ་ལ་བསྐོར་བའི་ཡིག་འབྲུ་དྲུག་ལ་ཐིམ། ལ་ལ་དབུས་ཀྱི་གཙོ་བོ་ཉིད་ལ་ཐིམ། དེ་ནས་རེ་ཞིག་ན་ཧྲཱིཿདེ་ཉིད་བཤེས་གཉེན་པར་འགྱུར་བ་སྙམ་བྱེད་པའམ། ཡིག་འབྲུ་དྲུག་པོ་དེ་དག་གི་གསེབ་ནས་བྱུང་བ་སྙམ་བྱེད་པའམ། འོག་གཞི་ཟླ་བའི་དཀྱིལ་འཁོར་དེ་གཡོ་ཞིང་འདུག་པའི་གསེབ་ནས་བྱུང་བ་སྙམ་བྱེད་པའམ། རེས་འགའ་སྟེང་འོག་ངོས་བཞིའི་གསེབ་ནས་བྱུང་བ་སྙམ་བྱེད་དེ། མདོར་ན་དག་པའི་སྣང་བ་འཕགས་པའི་རྣམ་འཕྲུལ་གསལ་ལ་མི་རྟོག་པའི་འོད་ཀྱི་རྣམ་པར་བྱོན་ཏེ། ཧྲཱིཿདེ་འགྱུར་བ་ལས་འོད་ཀྱི་གསེབ་ནས་འབྲོམ་རིན་པོ་ཆེ་བྱོན་པའི་ཞལ་ནས་ཆོས་ཐམས་ཅད་འདི་ལྟ་བུའི་རྣམ་པར་གདའ་གསུངས། དེ་ནས་དབུས་ཀྱི་ཡི་གེ་ལ་བསྐོར་བའི་ཡིག་འབྲུ་དྲུག་པོ་དེ་དབུས་ཀྱི་ཡིག་འབྲུ་ལ་ཐིམ། དབུས་ཀྱི་ཡིག་འབྲུ་དེ་ཡང་ཐིག་ལེ་གཅིག་ཏུ་འཁྱིལ། ཐིག་ལེ་དེ་ཡང་འོད་ཀྱི་རྣམ་པར་འོད་ཀྱི་གཞལ་ཡས་ཁང་ལ་ཐིམ། འོད་ཀྱི་གཞལ་ཡས་ཁང་དེ་ཡང་ཟླ་བའི་དཀྱིལ་འཁོར་ལ་ཐིམ། ཟླ་བ་དེ་ཡང་ཨ་འོད་ཀྱི་རྣམ་པ་ཅན་ཞིག་ཏུ་གྱུར། དེ་འབྲོམ་རིན་པོ་ཆེ་ལ་གཡས་ཕྱོགས་ནས་འཁྱིལ་ལེ་བསྐོར་ཞིང་བྱུང་བ། འབྲོམ་རིན་པོ་ཆེའི་ཞལ་ནས་ཨ་གསུངས་པས་ལྗགས་ཀྱི་སྟེང་ཁར་ཙེན་ཏེ་སོང་སྟེ་ཆོས་ཐམས་ཅད་སྐྱེ་བ་མེད་པའི་སྒོ་གསུངས་ཏེ། འབྲོམ་རིན་པོ་ཆེའི་སྐུ་རིལ་བོ་ཨའི་རྣམ་པར་ལམ་ལམ་བྱུང་། དེར་རྔོག་ལེགས་པའི་ཤེས་རབ་ལ་སོགས་པ་རྣམས་ཀྱིས་འབྲོམ་རིན་པོ་ཆེ་ལ་ནམ་བལྟས་བལྟས་ཀྱི་ཚེ་ཨ་རེ་ལམ་ལམ་བྱུང་ནས། ཆོས་ཐམས་ཅད་སྐྱེ་བ་མེད་པའི་རྣམ་པ་ལམ་པ་རེ་བྱུང་། དེ་ནས་ཨའི་རྣམ་པ་དེ་མི་སྣང་བར་འབྲོམ་རིན་པོ་ཆེའི་སྐུ་འབར་ཞིག་ཏུ་སྣང་ངོ་། །དེའི་ཚེ་འབྲོམ་རིན་པོ་ཆེའི་ཞལ་ནས། དེ་རིང་འུ་ཅག་དཔོན་སློབ་ཀྱི་རྣམ་འཕྲུལ་དེ་ཀུན་རྟོག་གེ་པ་ཀུན་འགལ་བར་བརྩི། འོ་ནའང་བརྩིར་ཆུག ཆོས་ཀྱི་གནས་ལུགས་དེ་འདྲ་ཞིག་མིན་རི་ཞེས་རྒྱ་བོད་འགྲིམས་ནས་མནའ་སྐྱེལ་ཡང་ཐོན་ནོ། །ཞེས་གསུངས་སོ། །ངེས་པ་དོན་དུ་དེ་ལྟར་ཡིན་མོད། ཐ་མལ་བའི་སྣང་ངོར་ཡང་ཇོ་བོ་རྗེས་འབྲོམ་རིན་པོ་ཆེ་ལ་མདོ་སྔགས་ཀྱི་མན་ངག་ཡོངས་སུ་རྫོགས་པ་གནང་ངོ་ཞེས་སྐྱེ་བོ་ཀུན་གྱིས་གོ་བའི་ཆེད་དུ་ཇོ་བོའི་ཞལ་ནས་ངས་ཁྱོད་ལ་འདི་མ་བཤད་དམ་གསུངས་ནས་ཆོས་རེ་རེ་ལ་ལན་རེ་རེ་བསྐྱར་ཞིང་གསུངས། དེ་ལྟར་ཐུགས་ལ་འདོགས་པས་ཇོ་བོའི་ཡོན་ཏན་ཐམས་ཅད་སྣོད་གཅིག་ནས་སྣོད་གཅིག་ཏུ་བྱོ་བ་ལྟ་བུ་འབྲོམ་རིན་པོ་ཆེ་ཡིན་གསུངས། འབྲོམ་རིན་པོ་ཆེས་ཇོ་བོའི་ཆོས་མང་དུ་མཁྱེན་ཅིང་། ཁྱད་པར་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ལ་རྩལ་ཐོན། ཡི་དམ་གྱི་ལྷ་དཔག་ཏུ་མེད་པའི་ཞལ་གཟིགས། ཁྱད་པར་བླ་མ་ལ་གསོལ་བ་ཐེབས་པར་རྭ་སྒྲེང་དུ་བཞུགས་དུས་ཇོ་བོ་དངོས་སུ་བྱོན། སླར་ཡང་གསོལ་བ་བཏབ་པས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་ཞལ་མངོན་སུམ་དུ་གཟིགས་སོ། །

      ཇོ་བོ་རྗེ་ཞིང་གཤེགས་སུ་ཉེ་བ་ན་ཡང་འབྲོམ་རིན་པོ་ཆེ་ལ་ཇོ་བོ་རང་ཉིད་ཀྱི་འབྲལ་སྤང་ཨུ་རྒྱན་ནས་འོངས་པའི་རུས་རྒྱན་དང་། འོད་མའི་ཚལ་གྱི་ཤིང་ལ་བསིལ་བའི་ཚལ་གྱི་མི་ལྤགས་ཀྱི་གཡོགས་ཅན་གྱི་ཌཱ་མ་རུ་དང་། རིགས་ལྔའི་དབུ་རྒྱན་དང་། རྡོ་རྗེ་དྲིལ་བུ་དང་བཅས་པ་སྨྱུག་དོང་མཐོ་གང་བ་གཅིག་ཏུ་ཤོང་བར་མཛད་དེ་ཕྱག་ཏུ་གཏད་པ་དང་། ཇོ་བོའི་སློབ་མ་རྣམས་ཀྱིས་ཇོ་བོ་རྗེ་ཞིང་གཤེགས་ན་གདན་ས་སུས་འཛིན་རྒྱལ་ཚབ་སུས་བྱེད་ཅེས་ཞུས་པ་ན་ཇོ་བོ་རྗེས་ད་ཕྱིན་ཆད་ཐམས་ཅད་ཀྱིས་འབྲོམ་ལ་བརྟེན་གསུངས། དེ་ལ་དགེ་བཤེས་དགོན་པ་བས་དེ་གང་ཡིན་ཞེས་ཞུས་པས། ཁོ་ངས་བྱིན་གྱིས་བརླབས་པ་ཡིན་ཞེས་གསུངས་པ་སོགས་བཀའ་གདམས་གླེགས་བམ་ན་ཇོ་བོ་རྗེས་འབྲོམ་རིན་པོ་ཆེ་བསྟན་པའི་བདག་པོར་མངའ་གསོལ་བ་དང་། བརྒྱུད་པ་གསུམ་ལྡན་གྱི་བླ་མ་ཐམས་ཅད་དང་རྗེ་བཙུན་མ་སྒྲོལ་མ་སོགས་ལྷག་པའི་ལྷ་རྣམས་དང་། སྒྲོལ་མ་བཅུ་གཉིས་སོགས་མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱིས་ཀྱང་འབྲོམ་རིན་པོ་ཆེ་ཇོ་བོའི་ཆོས་རྒྱུད་འཛིན་པའི་བདག་པོར་མངའ་གསོལ་བ་ལྟར་རོ། །དེ་ནས་ཤིང་ཕོ་རྟའི་ལོ་དབྱུག་པ་ཟླ་བའི་ཚེས་བཅོ་བརྒྱད་ལ་ཇོ་བོ་རྗེ་སྐུ་གཤེགས་པ་ན་ཇོ་བོའི་སློབ་མ་རྣམས་འདུས་ཏེ་གསོལ་བ་འདེབས་པའི་ཚེ་འབྲོམ་རིན་པོ་ཆེས་ལྡེ་མིག་རྣམས་དགེ་བཤེས་ཀ་བའི་ཕྱག་ཏུ་ཕུལ། ཀ་བས་ཀྱང་འབྲོམ་རིན་པོ་ཆེ་ཇི་ལྟར་བཞེད་པ་བཞིན་དུ་མཛད་དེ། ཇོ་བོའི་གདུང་དང་རྒྱ་དཔེ། གསེར་གླིང་བའི་དངུལ་གདུགས་ཅན་ལ་སོགས་པ་རྟེན་གཙིགས་ཆེ་ཤོས་རྣམས་འབྲོམ་རིན་པོ་ཆེ་ལ་གཏད། བུ་ཆེན་གཞན་རྣམས་ལའང་རྟེན་སྐལ་རེ་མཛད། དེ་ནས་ལུག་གི་ལོ་ལ་ཇོ་བོའི་འདས་མཆོད་ཆེན་མོ་མཛད། དེའི་ཚེ་དགེ་བཤེས་ཀ་བས་ཚོགས་སུ་གཏམ་བཏང་བ་གཞན་རྣམས་ཅི་ཙུག་བྱས་ཀྱང་ང་ཕ་རྦ་རག་གི་བུ་ཚོ་རྣམས་ཀྱིས་འབུལ་བ་འདིར་ཞོག་ཅིག ཇོ་བོའི་གདན་སར་ལྷ་ཁང་བྲེ་ཙམ་ཞིག་བཞེང་དགོས་བྱས་པས་ཐམས་ཅད་ཀྱིས་འབུལ་བ་མ་ཁྱེར་བར་བཞག་སྟེ་འོར་གྱི་གཙུག་ལག་ཁང་བཞེངས། དེའི་དུས་འབྲོམ་རིན་པོ་ཆེའི་ཞལ་ནས། ད་ཇོ་བོའི་གདུང་འདི་རྣམས་དགེ་བསྙེན་དང་དགེ་ཚུལ་ལ་ཡང་མི་བསྐུར། ཁང་ནག་དུ་བ་ཅན་དུ་ཡང་མི་བཞུགས་གསུངས་ནས་དགེ་སློང་ཚུལ་ཁྲིམས་རྣམ་པར་དག་པ་གཉིས་སྤྱན་འདྲེན་དུ་བཅུག་སྟེ། སྟོད་ལུང་ཞོང་པའི་ན་ལ་སྦྲ་དཀར་ནག་གཉིས་ཕུབ་ནས་དཀར་པོའི་ནང་དུ་གདུང་བཞུགས་ཏེ་མཆོད་པ་མཛད། ནག་པོའི་ནང་དུ་གཡོས་མཛད། དེར་དགུང་གཅིག་བཞུགས། ས་ར་ལྷབ་ཀྱི་ན་ལ་དགུང་གཅིག ཡལ་ས་སྦུབ་ཀྱི་ན་ལ་དགུང་གཅིག ལམ་ལ་གསེར་ཕུག་གི་ན་ལ་དགུང་གཅིག དེ་ནས་གནམ་གྱི་བྱེ་མ་ལུང་དུ་བྱོན། དེ་ནས་འཕྲང་ཁ་བེར་ཆུང་གིས་ཞུ་བ་བསྐྱར་ནས་འབུལ་དུ་བཏང་བྱུང་བས་འབྲོམ་རིན་པོ་ཆེའི་ཞལ་ནས། འུ་ཅག་རྣམས་ལ་སྤྱན་འདྲེན་མཁན་གདའ་ན་འགྲོའམ་མི་འགྲོ་གསུངས་པས། དགོན་པ་བའི་ཞལ་ནས་ཁོང་གི་མི་སྐྱིན་ལ་འགྲོ་མི་དགོས་སམ་གསུངས། དེར་ཁོང་ཡུས་ཆེ་བས་འབྲོམ་རིན་པོ་ཆེས་ཞལ་གྱིས་བཞེས་ནས་སྔོན་ལ་ཡི་དམ་དངུལ་གདུགས་ཅན་བསྐུར། དེའི་རྗེས་ལ་རྭ་སྒྲེང་དུ་བྱོན་ཏེ། མེ་ཕོ་སྤྲེའུའི་ལོ་གསར་མཚམས་ལ་ཕྱགས་ཕེབས་ནས་རྭ་སྒྲེང་གི་དགོན་པ་གཟིགས་པས། རྒྱབ་ན་བྲག་རྡོ་རྗེ་འདྲ་བ་འདུག  མདུན་ན་མཚོ་གཡུང་དྲུང་འཁྱིལ་བ་འདྲ་བ་འདུག གཡོན་གྱི་རི་རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་འདྲ་བ་འདུག ཕ་བོང་ཐང་འཁོར་ལོ་རྩིབས་བརྒྱད་འདྲ་བ་འདུག ཤུག་པ་ར་ཙམ་ལུག་ཙམ་པ་ལ་གསེར་ལོ་གཡུ་ལོ་གཉིས་ལ་ཀ་བ་ཕེར་བ་འདུག ཆུ་མིག་བརྒྱ་རྩ་བརྒྱད་འདུག བྱ་རྣམ་པ་སྣ་ཚོགས་ཀུ་དི་རེ་བ་འདུག མི་མ་ཡིན་རྗེས་པོ་ཆེ་བྱ་བ་དཀར་ཕྱོགས་ལ་དགའ་བ་དང་། སྡོང་བོ་ཀུན་འདེབས་བྱ་བ་ནག་པོ་ལ་དགའ་བ་གཅིག་དང་གཉིས་འདུག དགོན་པ་ལ་ཐུགས་མཉེས་ནས་དེའི་ནུབ་མོ་སེང་གེའི་བྲག་ཕུག་ཏུ་བཞུགས་ཏེ་རྨི་ལམ་བརྟགས་པས། དབུ་རྩེ་རྙིང་མའི་ཤུལ་ན་གསེར་གྱི་མཆོད་རྟེན་གཅིག་འདུག་པ་ལས་འོད་ཟེར་འཕྲོས་པས། དེའི་སྣ་ལ་དབུ་རྩེ་གཎ་ཇི་ར་མང་བོ་བྱུང་ནས་བོད་ཀྱི་ཡུལ་ཐམས་ཅད་ཁྱབ་པར་བྱས་ཚུར་འདུས་པས་རྭ་སྒྲེང་གི་ཤུག་པའི་གསེབ་ཐམས་ཅད་དུ་དབུ་རྩེ་གཎ་ཇི་ར་བཙུགས་པས་གང་བ་ད་ལྟ་ཡོད་པ་བཞིན་རྨིས། གཞན་ཡང་ཕ་བོང་ཐང་གི་རྡོ་རིན་པོ་ཆེའི་ཕུང་བོར་སོང་བ་དང་རྩེ་འཕྱིང་དཀར་མར་གྱི་ཕུང་བོར་སོང་བ་རྨིས། ནང་པར་སུམ་པ་མཐུ་ཆེན་དང་། རྣལ་འབྱོར་པ་ཆེན་པོ་དང་། དགོན་པ་བ་གསུམ་བྱོན་ནས་རྟགས་བཟང་ངན་ཞུས་པས། བཟང་བར་གདའ་གསུངས། དེ་ནས་དགོན་པ་འདེབས་པ་ཐུགས་ཐག་བཅད་ནས་ས་འདུལ་ལ་བརྒྱད་སྟོང་འགྲེལ་ཆེན་གསུངས། ས་ཆོག་པཎྜི་ཏ་ཤྲཱི་སྠ་ར་ལ་ཞུས་པས་མ་གནང་། དགོན་པ་བ་ལ་ཞུས་ཀྱང་མི་གནང་བ་ལ། ད་གསུང་ཕུ་བ་ལ་ཞུ་སྙམ་པ་ལ་རྣལ་འབྱོར་པའི་ཞལ་ནས། སྟོན་པ་ལ་མི་ཀུན་ཇོ་བོའི་ཡོན་ཏན་ཁྱེད་ལ་ཡོད་པར་བྱེད་ཁྱེད་འདི་འདྲ་བ་ཟེར་བས། འབྲོམ་གྱི་ཞལ་ནས། ངས་ཤེས་པ་ཡིན་ཏེ་གཅིག་ཏུ་རྟེན་དམན། གཉིས་སུ་ཁྱེད་གོང་མ་རྣམས་ཀྱིས་ཁྲེལ་གྱི་དོགས། གསུམ་དུ་མི་མ་ཡིན་ལ་འཚེར་བས་ལན། ད་འདི་བཞིན་དུ་བྱེད་པ་ཡིན་གསུངས་ནས་སྔོན་ལ་ཇོ་བོའི་སྐུ་འབག་དང་འཇམ་དཔལ་རྡོ་རྗེ་གཉིས་སྤྱན་དྲངས། གསོལ་བ་བཏབ་ནས་ཆུ་མིག་བསུབས། སྐྱེར་ཕུང་རྩ་བ་ནས་བཏོན་པ་ལ་སྦྲུལ་མྱོག་ཆེར་བྱུང་བས་ཇི་སྙམ་དུ་ཡང་མ་བསམས། དེ་ནས་ཁྲི་བརྩིགས། ཐིག་བཏབ་སྦྲ་ཕུབ་ནས་འདིར་ཇོ་བོའི་གདུང་བཞུགས་པས་ཁྱེད་རྣམས་ཀྱིས་ཀྱང་མཆིལ་སྣབས་ལ་སོགས་པ་མ་དོར་ཞིག་གསུངས་སོ། །

      དེའི་དུས་སུ་རྣལ་འབྱོར་པ་ཕྱག་ཁྲི་མཆོག་གིས་བལ་ཡུལ་དུ་དངུལ་འདོན་དུ་ཕྱིན་ནས་ཕྱིར་ཕེབས་པ་རྒྱ་གར་གྱི་ལྷ་བཟོ་མཁས་པ་ཨ་ཙ་ར་མ་ནུ་བྱ་བ་ལ་ཇོ་བོའི་གདུང་ཁང་དུ་དངུལ་གྱི་མཆོད་རྟེན་ནང་དཀྱིལ་འཁོར་གྱི་ལྷ་ཚོགས། ཕྱི་མཆོད་རྟེན་གྱི་རྣམ་པར་བཞེངས་སུ་གསོལ། ནང་རྫོངས་ཀྱི་གཟུངས་རྣམས་དངུལ་གྱི་ལྗང་བ་ལ་ཡི་གེ་བརྐོས་མ་བྲིས་ནས་བཞུགས། རི་རབ་ནི་ཐེག་པ་ཆེན་པོ་ཕ་རོལ་ཏུ་ཕྱིན་པའི་ལུགས་སུ་བགྱིས་ཏེ་མདུན་དུ་ཞལ་གཟིགས་པ་ཐུབ་པ་གཙོ་འཁོར་གསུམ། ནུབ་ཏུ་ཞལ་གཟིགས་པ་དམ་ཚིག་གསུམ་བཀོད་པ་གཙོ་འཁོར་གསུམ། བྱང་དུ་ཞལ་གཟིགས་པ་བྱམས་པ་མངོན་པར་བྱང་ཆུབ་པ་གཙོ་འཁོར་གསུམ། ཤར་དུ་ཞལ་གཟིགས་པ་སྨན་བླ་གཙོ་འཁོར་གསུམ། བུམ་པ་ནི་ཐེག་པ་ཆེན་པོ་གསང་སྔགས་ཀྱི་ལུགས་སུ་བགྱིས་ཏེ། དཔལ་གསང་བ་འདུས་པ་ལྷ་བཅུ་དགུ་ཕྱི་ནང་དུ་འབུར་དུ་དོད་པ་ལ་ཕྱོགས་བཞི་ན་ཡབ་བཞི། མཚམས་བཞི་ན་ཡུམ་བཞི། གཙོ་བོ་འཇམ་དཔལ་རྡོ་རྗེ་བྲེའི་མགུལ་ན་བཞུགས། ལྷ་མོ་དྲུག་ནང་དུ་འབུར་དོད་དུ་བཞུགས། ཁྲོ་བོ་བཞི་ནས་ཙམ་རེ་ཟུར་གྱི་མཆོད་རྟེན་གྱི་ནང་ན་བཞུགས་པ་གཅིག་བཞེངས་སུ་གསོལ་ཏེ། འབྲོམ་རིན་པོ་ཆེས་རྣལ་འབྱོར་པ་རྣམས་དང་བཀའ་བགྲོས་མཛད་ནས་བྱ་ལོ་ལ་གདུང་ཁང་དང་གཙུག་ལག་ཁང་ཁྱུང་མགོ་ཅན་གྱི་རྔ་ཁང་ཡན་ཆོད་ཚར་བར་མཛད་ནས་ད་འདི་མན་ཆད་ལ་བྱེད་པ་པོ་ཞིག་འོང་གི་གསུངས་སྟེ། འཛིན་རྡོ་ཡོན་ཏན་འབར་བྱ་བ་ལ་བོད་པ་མཛད་ནས་ཁྱོད་འཇིག་རྟེན་གྱི་ཤེས་ཆེ་བ་ཡིན་པས་ཤེས་ཀྱིས་དང་ཁོ་བོས་འཇིག་རྟེན་གྱི་རྣམ་པར་རྟོག་པ་སྤོང་བློ་ཞིག་བགྱི་གསུངས་ནས་ཁྱུང་མགོ་ཅན་ལ་སྐོར་བ་མཛད་དེ་ཤངས་སྣབས་ཀྱིས་ཀྱང་ལྐོག་མ་ན་མར་སླེབ་པར་བྱས་ནས། འཇིག་རྟེན་མཁྱེན་པ་རྙེད་དང་མ་རྙེད་དང་། ཞེས་བྱ་བའི་ཚིགས་བཅད་དེ་འདོན་ཞིང་ཆོས་བརྒྱད་པོ་དེ་ལ་བཏང་སྙོམས་སུ་མཛད་ཅིང་བཞུགས་པ་ལགས་དེ་ལྟར་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཐུགས་ཟབ་ལ་དཀྱེལ་ཆེ་བ་མཁྱེན་པའི་ཚད་རྒྱ་མཚོ་ཆེན་པོ་དང་མཚུངས་པ་དེས་རྭ་སྒྲེང་དུ་ཇོ་བོའི་སྲོལ་བཟང་གི་ས་བཙུགས་ནས་ཡོད་པའི་དུས་སུ། ཐུགས་ཀྱི་སྲས་སྐུ་མཆེད་གསུམ་རིམ་པར་བྱོན་པ་ཡིན་ཏེ། ཕུ་ཆུང་བས་ནི་སྙེ་ཐང་ཉིད་ནས་ཕྱག་ཕྱི་མཛད། སྤྱན་སྔས་མེ་མོ་བྱའི་ལོ་ལ་རྭ་སྒྲེང་དུ་བྱོན། པོ་ཏོ་བས་དེའི་ཕྱི་ལོ་ལ་རྭ་སྒྲེང་དུ་བྱོན། དེ་ལྟར་ཞབས་དྲུང་དུ་བསྙེན་པའི་སློབ་མ་རྣམས་འཇིག་རྟེན་ལ་ཞེན་པ་བཟློག་ཏུ་བཅུག་ནས་ཆོས་ཁོ་ན་སེམས་སུ་བཅུག་པ་ལ་འབྲོམ་རིན་པོ་ཆེའི་དུས་ན་དགེ་འདུན་ལྔ་བཅུ་ཙམ་ལས་མེད་དེ། དེ་རྣམས་ཀྱི་དབང་དུ་བྱས་ན། ཏིང་ངེ་འཛིན་བཟང་བོ་ཐུགས་རྒྱུད་ལ་འཁྲུངས་ཤིང་ཚུལ་ཁྲིམས་རྣམ་པར་དག་པ། ཡི་དམ་གྱི་ལྷའི་ཞལ་གཟིགས་པ། མངོན་པར་ཤེས་པ་རྒྱ་ཆེན་པོ་དང་ལྡན་པ། ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་རིག་པའི་ཤེས་རབ་ཕུན་སུམ་ཚོགས་པ་མངའ་བ། ནུབ་ཕྱོགས་ཨྱོན་དང་འདྲ་བ་གྲུབ་ཐོབ་ཏུ་སྤུང་ངེ་བ་གཅིག་བྱོན་ཏེ། མཚོ་ལ་པདྨས་བརྒྱན་པ་འདྲ་བའི་འཁོར་སྐད་པ་དེ་དགེ་བཤེས་སྟོན་པའི་འཁོར་དེ་ཀུན་ལ་ཟེར་བ་ཡིན། དེ་བས་ན་མང་ཁ་ན་མེད་གྲུང་གཙོ་བ་ཡིན་གསུངས། དགེ་བཤེས་པོ་ཏོ་བས་ཀྱང་། ངའི་དོན་གྱི་མཁན་པོ་དེ་རྭ་སྒྲེང་གི་དགེ་བསྙེན་རྒན་པོ་དེར་སྣང་གསུངས་ནས། འབྲོམ་རིན་པོ་ཆེའི་གདམས་པ་ཐུགས་ཉམས་སུ་བཞེས་པས་ངེས་འབྱུང་གི་བསམ་པ་མ་བཅོས་པ་ཐུགས་ལ་འཁྲུངས་ན་སྔར་གྱི་སོ་སོ་ཐར་པའི་སྡོམ་པ་ངེས་འབྱུང་གི་སྡོམ་པར་སོང་གསུང་བ་ལ་ལགས། དེ་ལ་སྤྱིར་ཇོ་བོ་བོད་དུ་ཕེབས་ནས་བདག་གཉེར་འབྲོམ་རིན་པོ་ཆེས་མཛད། ཇོ་བོ་རྗེ་ཉིད་ཀྱང་འབྲོམ་རིན་པོ་ཆེ་ཁོ་ན་ལ་ཐུགས་གཏོད་པར་མཛད། བསམ་ཡས་སུ་བཞུགས་པའི་ཚེ་ཇོ་བོ་རྗེས་འབྲོམ་རིན་པོ་ཆེ་ལ་གསང་སྔགས་ཀྱི་སྤྱོད་པའི་ཐབས་མང་བོ་དང་། མཆིམས་ཕུ་དོ་ཧ་ལ་སོགས་པའི་གདམས་པ་ཟབ་མོ་རྣམས་གནང་ཞིང་ནང་དུ་ཐུགས་ཉམས་སུ་བཞེས་པར་མཛད་ཀྱང་གསང་སྔགས་སྒྲ་ཇི་བཞིན་པར་སྤྱོད་པའི་རྩིང་སྤྱོད་རྣམས་ཇོ་བོའི་དྲིན་ལས་མེད་པ་ཅིག་བྱུང་ན་དགོངས་པས་གསང་སྔགས་ཟབ་མོ་རྣམས་གསན་པ་སྐད་དུ་ཡེ་མི་མཛད་པར་ཐེག་པ་ཆེན་པོའི་བླ་མ་བྱ་བ་བཤད་པ་ན་འབྱམས་ཀླས་པར་གོ་བ་བསྐྱེད་ལ། ལག་ཏུ་ལེན་པ་ན་བསྟན་པའི་ཐ་མ་ལ་གང་ཕན་དང་། ཐད་ཀར་དོན་དུ་གང་འགྱུར་སྟོན་པ་ཅིག་དགོས་གསུང་ཞིང་འབྲོམ་རིན་པོ་ཆེ་ཉིད་ཀྱང་དེ་ལྟར་དུ་འདོམས་པར་མཛད། འབྲོམ་རིན་པོ་ཆེས་ཞང་ཆོས་ཀྱི་རྒྱལ་བོ། ཇོ་བོ་ལེགས། ཡོངས་རྫོགས་རྣལ་འབྱོར་པ། སྤྱན་སྔ་དང་བཞི་མིན་པ་ལ་སྔགས་ཀྱི་དབང་བསྐུར་མ་གནང་བ་ཡིན་གསུངས། པོ་ཏོ་བས་འབྲོམ་རིན་པོ་ཆེའི་སྤྱན་སྔར་ལོ་ངོ་བདུན་བཞུགས་པ་ལ་བུམ་པ་འཆའ་བ་ལན་ཅིག་ལས་མ་གཟིགས་གསུངས། སྔོན་རྣལ་འབྱོར་པ་ཆེན་པོས་འབྲོམ་རིན་པོ་ཆེ་ལ་སྲུང་སྡོམ་རྣམ་པར་དག་པའི་སྟངས་ཕུལ། ཏིང་ངེ་འཛིན་ཕུན་སུམ་ཚོགས་པའི་རྟོགས་པ་ཕུལ་བས། འབྲོམ་རིན་པོ་ཆེའི་ཞལ་ནས། ཁྱོད་སྲུང་སྡོམ་རྣམ་པར་དག་སྟེ་བསྡམ་པར་བྱ་བའི་ཉེས་བྱས་ཕྲ་མོས་ཀྱང་མ་གོས། ཏིང་ངེ་འཛིན་བཟང་སྟེ་རྣམ་རྩར་རྔ་བོ་ཆེ་བརྡུངས་ཀྱང་མི་ཚོར་བ་ཡོད་ཀྱང་དེ་བས་ངའི་བྱམས་པ་སྙིང་རྗེ་བྱང་ཆུབ་ཀྱི་སེམས་མེད་ན་ཉིན་མཚན་དུ་བཤགས་པ་བྱ་དགོས་པའི་སར་སྐྱེས་དོགས་ཡོད་དོ་གསུངས་སོ། །ཡང་ལན་ཅིག་མུ་གེ་ཞིག་བྱུང་བའི་དུས་སུ་འབྲོམ་ཟ་ལོ་མཚོ་མ་བྱ་བ་ཞིག་གིས་ནས་མི་ཁུར་ལྔ་བཅུ་ཕུལ་ནས་དེའི་མིང་བོ་འབྲོམ་ཚིག་པ་ད་རེ་བྱ་བས་གཏམ་བཏང་བ། ཇོ་བོ་ལྷ་ཅིག་འཛམ་བུ་གླིང་གི་རྒྱན་དམ་པ་ཡིན། དེའི་མན་ངག་བུམ་པ་གང་བྱོའི་ཚུལ་དུ་མངའ་བ་དགེ་བའི་བཤེས་གཉེན་སྟོན་པ་ཁྱེད་ཡིན། ཕྱོགས་ཕྱོགས་ནས་བྱོན་པའི་གྲྭ་བ་ཀུན་ཀྱང་མན་ངག་འདོད་པ་ཡིན་པས་དེ་རིང་ཇོ་བོའི་མན་ངག་གསུང་བར་ཞུ་ཞུས་པས། འབྲོམ་རིན་པོ་ཆེའི་ཞལ་ནས་བྱ་བྱ་གསུངས་ནས་འཆི་བ་མི་རྟག་པ་དང་ལས་དང་འབྲས་བུ་མང་དུ་སོམས་ལ། ཁས་བླངས་པའི་སྡོམ་པ་དག་པར་བྱ། བྱམས་པ་དང་སྙིང་རྗེ་མང་དུ་སྒོམས་ལ་བྱང་ཆུབ་ཀྱི་སེམས་བརྟན་པར་བྱ། དེས་འཕངས་ནས་ཚོགས་སྒོ་སྣ་ཚོགས་ནས་གསོག་ཅིང་སྡིག་པ་སྒོ་སྣ་ཚོགས་ནས་སྦྱོང་བ་དེ་བླ་མའི་མན་ངག་ཡིན་པས། སང་ཙ་ན་ཇོ་བོ་རྗེ་ལྷ་ཅིག་དང་མ་འཕྲད་སྙམ་ནའང་དེ་ལས་མེད་དོ། །འབྲོམ་དགེ་བསྙེན་རྒན་པོ་དེ་དང་མ་འཕྲད་སྙམ་ནའང་དེ་ལས་མེད་གསུངས། ཡང་འབྲོམ་རིན་པོ་ཆེའི་ཞལ་ནས། ངའི་ལམ་གྱི་རིམ་པ་འདི་ལ་སུ་ཡིད་ཆེས། ཁམས་མ་གི་ན་སྟོང་ཟོམ་ཡོན་ཏན་སྙིང་བོ་བྱ་བ་ཞིག་ཡོད་དེ། དེ་ལ་བཟླས་ན་ཡིད་ཆེས་སམ་གསུངས། འབྲོམ་རིན་པོ་ཆེས་དགོན་པ་བ་ལ་ཉིན་གཅིག་ཐུགས་དམ་སྐྱེལ་དུ་བྱོན་ཙ་ན་མཎྜལ་རྡུལ་ཆིང་ངེ་འདུག་པ་ལ། སྒོམ་པ་དབང་ཕྱུག་རྒྱལ་མཚན། མཆོད་པ་མི་བརྗེ་བ་ཙུག་ཡིན་གསུངས་པས། བག་རེ་ནང་དུ་བསམ་འཚལ་བར་གདའ་བས་ཞུས་པས། ཁྱོད་གཅིག་པུ་ལ་སྒོམ་ཡོད་སྙམ་མམ། ཁྱོད་པས་ཨ་ཏི་ཤ་སྒོམ་བཟང་སྟེའང་མཆོད་པ་འདི་དང་འདི་རྣམས་མཛད་པ་ཡིན། ང་ལ་ཡིད་མ་ཆེས་ན་མདོ་སྡེ་ལྟོས་གསུངས། ཡང་འབྲོམ་རིན་པོ་ཆེ་སྐུ་ཁམས་ཅུང་མ་བདེ་བ་ཞིག་གི་དུས་སུ་རྣལ་འབྱོར་པ་ཆེན་པོས་རྩིག་པ་ལ་ཐག་ཐོགས་མེད་པར་བྱོན་ཏེ་བསྙུན་དྲིས་པས། ཇོ་བོ་བ། ཁྱོད་གང་ངོ་ཚ་བའི་ཡན་ལག་དེས་དྲེགས་སམ། སེམས་ཅན་བཞག་ནས་གར་ཆ། དེ་ནི་ཉིན་མཚན་དུ་བཤགས་པ་བྱ་དགོས་པའི་སར་སྐྱེ་བ་ཡིན་གསུངས་ནས་བཀའ་བཀྱོན། ཡང་དགོན་པ་གོང་ན་འབྲོམ་རིན་པོ་ཆེ་དང་། རྣལ་འབྱོར་པ་རྣམ་པ་དང་། སྐུ་མཆེད་གསུམ་རྣམས་འཚོགས་ནས་ཀུ་རེ་བཞད་གད་ཅིག་སེ་ཛད་ཙ་ན། ཉེ་གནས་ན་རེ་ཀུ་རེ་ནི་ཀུ་རེ་སྟེ་འུ་ཅག་རྣམས་དེ་རིང་ཅི་ཟ་ཟེར་བ་ལ། དགོན་པ་བའི་ཞལ་ནས། ཨ་པོ་ནི་སྤུས་སྣ་གདོང་ན་ཡར་བྱུང་བ་འོ་ནི་ཀུན་ཟ་བ་ཡིན་གསུངས། དར་ཅིག་ལོན་ཙ་ན་ཡོན་བདག་གཅིག་གིས་ཕྱེ་དང་མར་ཐུད་འཁུར་བ་ཞོ་ལ་སོགས་པ་རྟ་རྒྱབ་གཅིག་བཀལ་ནས་བྱུང་བས་བསྙེན་བཀུར་བཟང་བོ་བྱས། དེར་འབྲོམ་རིན་པོ་ཆེས་བསྔོ་བ་ཡོན་བཤད་མཛད་ནས་ཡོན་བདག་དེ་སོང་བའི་ཤུལ་དུ་བཀའ་ཕབ་མཛད་དེ། སྒོམ་ཆེན་པ་ཀུན་ཀྱང་ཡོན་ཏན་བག་རེས་སྦོས་ནས་ཕྱིན་ཆད་དེ་འདྲ་བ་གསུང་རྒྱུ་མ་ལགས་གསུངས་ནས་བཀྱོན་པར་མཛད། འབྲོམ་རིན་པོ་ཆེ་བརྒྱད་སྟོང་འགྲེལ་ཆེན་གསུང་བའི་དུས་སུ། མཁྱེན་གསུམ་ཐོན་ནས་རྣམ་ཀུན་ལ་མ་ཟུག་པའི་སྐབས་སུ་སྐུ་ཁམས་ལྟེམ་པ་ཅིག་བྱུང་ནས་འགྲེལ་བ་གསུང་མ་སྤྱོད་པར་འདི་མན་ཆོད་ཀྱི་དོད་པོ་གཅིག་བྱ་གསུངས་ནས། ཕ་རོལ་ཏུ་ཕྱིན་པ་དྲུག་གསུམ་བཅོ་བརྒྱད་དུ་ཕྱེ་བའི་ཉམས་སུ་བླང་བདེ་བ་ཅིག་གསུངས་པས། སྤྱན་སྔའི་ཞལ་ནས། གསུང་མ་སྤྱོད་པ་རང་གིས་འཚེངས་བསམ་པ་ཞིག་བྱུང་གསུངས།

      དེ་ལྟར་ན་འབྲོམ་རིན་པོ་ཆེ་དེས་གཡུང་ཆོས་མགོན་ལོ་བཞིར་བསྟེན། རྒྱལ་གྱི་ཞང་ལ་དགེ་བསྙེན་གྱི་སྡོམ་པ་མནོས་ནས་ཁམས་སུ་ཇོ་བོ་སེ་བཙུན་གྱི་ཞབས་དྲུང་དུ་ལོ་ཉི་ཤུ། དེ་ནས་ཇོ་བོ་དང་མཇལ་ནས་ཇོ་བོ་ཞིང་མ་གཤེགས་ཀྱི་བར་དུ་མི་འབྲལ་བར་ཞབས་ཏོག་མཛད། ཇོ་བོའི་ཡོན་ཏན་མ་ལུས་པ་ཐུགས་སུ་ཆུད་པར་མཛད་ནས་རྭ་སྒྲེང་དུ་ལོ་དགུར་བསྟན་པའི་མངའ་བདག་མཛད་དེ། སྤྱིར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཡང་སྒོས་སུ་བཀའ་གདམས་ཀྱི་བསྟན་པ་རིན་པོ་ཆེ་ཉི་མ་ཤར་བ་ལྟ་བུར་མཛད། ཕྱི་རབས་ཀྱི་གདུལ་བྱ་རྣམས་ཀྱི་དོན་དུ་ཇོ་བོ་རྗེ་དང་འབྲོམ་རིན་པོ་ཆེ་རང་ཉིད་ཀྱི་ཐབས་མཁས་ཀྱི་སྤྲུལ་བ་འབྱོན་ཚུལ་གསང་བ་ཟབ་མོའི་གནས་རྣམས་ཀྱང་སྟོན་པར་མཛད་དེ། རྗེ་བཙུན་འཇམ་པའི་དབྱངས་ཀྱི་སྤྲུལ་བ་རྔོག་ལེགས་པའི་ཤེས་རབ་ཀྱིས་གསོལ་བ་ཤུགས་དྲག་ཏུ་བཏབ། ཇོ་བོ་རྗེས་ཀྱང་གསུང་བར་བསྐུལ་ནས་འབྲོམ་རིན་པོ་ཆེས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས་འཕགས་པ་སྤྱན་རས་གཟིགས་ཀྱི་ཐུགས་རྗེ་བསྐུལ་ནས་བོད་ཁ་བ་ཅན་གྱི་མགོན་པོར་བྱོན་པའི་ལོ་རྒྱུས་རྣམ་ཐར་ཞིབ་ཏུ་གསུངས་ཤིང་། མ་འོངས་པ་ནའང་ཇོ་བོ་རྗེ་དང་འབྲོམ་རིན་པོ་ཆེ་གཉིས་ཀྱི་སྤྲུལ་བ་རྒྱུན་མི་འཆད་པ་བྱོན་ནས་རྒྱལ་བསྟན་འཛིན་ཅིང་སྤེལ་བ་དང་། དེ་དང་དེའི་ཚེ་དགོན་གནས་ཇི་ལྟ་བུ་འབྱུང་བ་དང་། མཚན་ཇི་ལྟ་བུ་འབྱུང་བ་དང་། མཛད་པ་ཇི་ལྟ་བུ་མཛད་རྣམས་ལུང་བསྟན་པའི་གླེགས་བམ་མཛད། བཀའ་གདམས་བསྟན་པའི་ཆུ་འགོ་བཙུགས། བཀའ་གདམས་ཀྱི་བསྟན་པའི་སྙིང་བོའི་ཡང་སྙིང་བོ་ཐིག་ལེ་བཅུ་དྲུག་གི་གདམས་ངག་ཆ་ལག་དང་བཅས་པ་ཐོར་བུ་ཐོར་བུར་བསྟན་པ་དང་། ཁྱད་པར་རྒྱལ་བའི་བཀའ་དང་དགོངས་འགྲེལ་མ་ལུས་གང་ཟག་གཅིག་གི་ཉམས་ལེན་གྱི་རིམ་པར་ཧྲིལ་གྱིས་དྲིལ་བ་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་རྒྱུད་ལ་སྦྱོར་ཚུལ་ཤིན་ཏུ་གསལ་ཞིང་གོ་བདེ་བ། བློ་མཐོ་དམའ་སུས་བལྟས་ཀྱང་རྒྱུད་འཁུལ་བ་རང་རྒྱུད་ལ་བསྐུལ་འདེབས་དད་པའི་ལྗོན་ཤིང་སོགས་གདམས་ངག་གི་ཡིག་འཇོག་ཀྱང་མང་དུ་མཛད་ནས། མྱ་ངན་ལས་འདའ་ཁར་པོ་ཏོ་བའི་པང་དུ་དབུ་བཞག་ནས་ཡོད་པའི་ཚེ་པོ་ཏོ་བའི་ཐུགས་ལ་འཇིགས་སར་སྐྱེལ་མས་བོར་བ་འདྲ་བ་ཞིག་འོང་བར་འདུག་ན་ད་སུ་ལ་བརྟེན་སྙམ་ཞིང་སྤྱན་ཆབ་འབྲོམ་རིན་པོ་ཆེའི་ན་བཟའི་གོང་ཙ་ན་མར་ཉིལ་གྱིས་བྱུང་བས་འབྲོམ་རིན་པོ་ཆེས་མཁྱེན་ནས། ཞལ་འཆེམས་ལ་ད་མན་ཆད་དགེ་བའི་བཤེས་གཉེན་འདི་ཁོ་ན་ལ་བརྟེན་དགོས་བྱ་བ་ཡེ་མེད་ཀྱི། མདོ་སྡེ་ལྟོས། དགེ་བའི་བཤེས་གཉེན་མདོ་སྡེ་ལ་གྱིས། གྲོགས་པོ་མིག་ཟུར་ལ་ལྕི་བ་དང་འགྲོགས། ཁ་མཉམ་ལག་མཉམ་དེས་ཀྱང་མི་འོང་བར་སྣང་། གཉིས་དང་གསུམ་ཡང་ཉུང་། གཅིག་པུར་ཡ་མ་འདུག བཞི་ལྔ་མན་ཆོད་ཙམ་རན། དེ་ལས་མང་དུ་ཡང་མི་རུང་། སེམས་བཟང་བོར་གྱིས་དང་། ཁྱད་པར་ཅན་དང་འཕྲད་དེ་འོང་གི་གསུངས་ནས། མདུན་ན་ཇོ་བོ་ལེགས་ཡོད་པས། སེམས་བཟང་བོ་བྱང་ཆུབ་ཀྱི་སེམས་ལ་ཟེར་བ་མ་ལགས་སམ་ཞུས་པས། ཡིན་མོད་གསུངས་ནས་སྐུ་དངོས་ཀྱི་གདུལ་བྱ་རྣམས་རྫོགས་པ་ན་ཤིང་ཕོ་འབྲུག་གི་ལོ་སྣྲོན་གྱི་ཟླ་བའི་ཚེས་ཉི་ཤུ་ལ་རྭ་སྒྲེང་དུ་སྐུའི་བཀོད་པ་བསྡུས་ཏེ་དགའ་ལྡན་ཆོས་ཀྱི་ཕོ་བྲང་དུ་རྒྱལ་བ་མ་ཕམ་པ་དང་ནམ་མཁའ་དྲི་མ་མེད་པ་འཁོར་བཅས་ཀྱི་ཞབས་དྲུང་དུ་ཕེབས་ཤིང་། གཞན་ཡང་ནམ་མཁས་གར་ཁྱབ་ཏུ་སྤྲུལ་བའི་བཀོད་པས་ཁྱབ་སྟེ། གདུལ་བྱ་གང་དང་གང་ན་ཡོད་པ་དེར་རང་རང་གི་ཁམས་དང་བསམ་པ་དང་མཐུན་པར་སྐུའི་བཀོད་པ་བསྟན་ནས་འགྲོ་བའི་དོན་མཛད་ཅིང་བཞུགས་སོ། །

      འབྲོམ་རིན་པོ་ཆེ་འདི་ལ་ལྷ་དང་མིའི་སློབ་མ་བསམ་གྱིས་མི་ཁྱབ་པ་ཡོད་ཅིང་། བསྟན་པ་ཡོངས་རྫོགས་འཛིན་པའི་སློབ་མའང་ཆེས་མང་བར་ཡོད་ལ། ཡོངས་སུ་གྲགས་པའི་སློབ་མའི་གཙོ་བོ་ནི་དགེ་བཤེས་ཁམས་པ་ལུང་བ་ཆེན་པོ་དང་། རྣལ་འབྱོར་རྣམ་པ་བཞི་དང་བཀའ་གདམས་སྐུ་མཆེད་གསུམ་སྟེ། ཁམས་པ་ལུང་བ་ཆེན་པོ་ནི། འཕན་ཡུལ་ཡུང་བར་ཤིང་མོ་གླང་ལ་འཁྲུངས། རུས་སྒང་། རྟེན་དགེ་བསྙེན་ཡིན་མཚན་ཤཱཀྱ་ཡོན་ཏན། གཞོན་པའི་དུས་སྡེ་སྣོད་ལ་ཡང་སྦྱོང་བ་མཛད་དེ། ཉིད་ཀྱི་ཞལ་ནས། ངས་ལྷ་ས་སྙེ་ཐང་དུ་བ་མ་ཡིན་པ་དང་རྟ་མ་ཡིན་པ་ལ་མི་ཚེ་བསྐྱལ་ཞེས་གྲགས། སྙེ་ཐང་དུ་ཇོ་བོ་ཉིད་དང་མཇལ་ཞིང་ཕྱིས་རྭ་སྒྲེང་དུ་དགེ་བཤེས་སྟོན་པ་ཡུན་རིང་དུ་བསྟེན་ཅིང་སྐུ་མཆེད་གསུམ་མམ་བཞི་ཞེས་གྲགས། པོ་ཏོ་བའི་ཞལ་ནས། ཡུང་བའི་དགེ་བཤེས་སྒང་ཤཱཀྱ་ཡོན་ཏན་གྱིས་ཆོས་བདེན་པར་བཟུང་ནས་སྐྱབས་སུ་མཆི་བྱས་པས། ད་ལྟ་ཡུང་བ་ལུང་བ་ན་ཁོང་ལས་བདེ་སྐྱིད་ཆེ་བ་མེད་གསུངས། དེ་ལྟར་དགེ་བཤེས་ཁམས་ལུངས་པས་དགུང་ལོ་དགུ་བཅུའི་བར་སྒྲུབ་པའི་རྒྱལ་མཚན་བཙུགས་ཤིང་སེམས་ཅན་གྱི་དོན་མཛད་ནས་ཤིང་མོ་ལུག་དགུ་བཅུ་རྩ་གཅིག་པ་རྟའི་ཟླ་བའི་ཚེས་བཅུ་བཞི་ལ་ཁམས་ལུང་དུ་སྐུ་གཤེགས། ཆོས་ལ་ཐུན་བརྒྱད་མར་མིང་ཐོགས་ཚོགས་པ་སྟོང་ཕྲག་རེ་ཙམ་འཚོགས། བྱང་ཆུབ་ཀྱི་ཐུགས་འབྱོངས་པས་ཞལ་མཐོང་བ་ཐམས་ཅད་དད་པར་གྱུར། ཕྱོགས་མཐའ་དག་ནས་མཇལ་མི་བྱུང་བ་ན། ཁྱེད་ཅིག་གི་ཡུལ་ན་མི་རྒན་མེད་དམ་གསུང་བ་ལ། མི་རྒན་ཏ་ཡོད་དེ་ཁྱེད་ལྟ་བུ་མེད་ཅེས་ཞུས། མདོར་ན་མཐོང་ཐོས་དྲན་རེག་དོན་ལྡན་དུ་འགྱུར་ངེས་པའི་སྐྱེས་བུ་ཆེན་པོར་གྲགས་སོ། །

      སྐུ་མཆེད་གསུམ་གྱི་རྣམ་པར་ཐར་པ་ནི་ཕྱི་ནས་འཆད་པར་འགྱུར་ལ། རྣལ་འབྱོར་པ་རྣམ་པ་བཞི་ནི། རྣལ་འབྱོར་པ་ཆེན་པོ་བྱང་ཆུབ་རིན་ཆེན། རྣལ་འབྱོར་དགོན་པ་བ་ཆེན་པོ་དབང་ཕྱུག་རྒྱལ་མཚན། རྣལ་འབྱོར་པ་ཤེས་རབ་རྡོ་རྗེ། རྣལ་འབྱོར་ཕྱག་དར་སྟོན་པ་བཞི་སྟེ་དེ་དག་གི་རྣམ་ཐར་ནི་སྔར་ཇོ་བོའི་རྣམ་ཐར་གྱི་སྐབས་སུ་བཤད་པ་ལྟར་རོ། །གཞན་མ་དགེ་བཤེས་ཀ་བ་ཆེན་པོ། གསང་ཕུ་བ་ལེགས་པའི་ཤེས་རབ། ཡེར་བའི་དགེ་བཤེས་ཇོ་བོ་ལེགས་སོགས་སེམས་དཔའ་ཆེན་པོ་ངོ་མཚར་བསམ་གྱིས་མི་ཁྱབ་པའི་རྣམ་ཐར་དང་ལྡན་པ་མང་དུ་ཡོད་མོད་ཀྱི་ཡི་གེའི་ཁུར་གྱིས་འཇིགས་པས་འདིར་མཐའ་དག་མ་སྤྲོས་སོ། །དེས་ན་བྱང་ཆུབ་ལམ་རིམ་ལ་བློ་སྦྱོང་བར་འདོད་པ་རྣམས་ཀྱིས་ཐུགས་རྗེ་ཆེན་པོ་རྒྱལ་བ་འབྲོམ་གྱི་རྣམ་ཐར་རྣམས་དྲན་པར་བྱས་ལ་སྐུའི་རྣམ་པ་ཡིད་ཡུལ་དུ་བྱས་ཏེ་ཡང་དང་ཡང་དུ་གསོལ་བ་གདབ་པ་དང་། ལྷག་པར་ཚེ་འདི་བློས་གཏོང་བ་དང་མཁའ་ཁྱབ་ཀྱི་སེམས་ཅན་ལ་བྱམས་སྙིང་རྗེ་སྦྱོང་བ་སོགས་འབྲོམ་རིན་པོ་ཆེའི་གསུང་རྣམས་དྲན་པར་བྱས་ལ་ཉིན་རེ་བཞིན་བྱང་ཆུབ་ལམ་གྱི་རིམ་པ་ལ་བག་ཆགས་ཅི་ཐེབས་བྱའོ། །༼ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།༽