ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར།
དྲ་ཚིགས་དོ་དམ་པས།
འབྱུང་ཁུངས། སྤེལ་མཁན། སྤེལ་དུས།2016-10-24

ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར།
     

        ཤིང་རྟ་ཆེན་པོའི་སྲོལ་འཛིན་མར་མེ་མཛད། །ཅེས་བསྔགས་པ་ལེགས་སྦྱར་གྱི་སྐད་དུ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་བོད་ཀྱི་སྐད་དུ་དཔལ་མར་མེ་མཛད་ཡེ་ཤེས། མཚན་གཞན་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ཞེས་ཡོངས་སུ་གྲགས་པའི་བདག་ཉིད་ཆེན་པོ་དེ་གང་དུ་འཁྲུངས་པའི་ཡུལ་ནི། རྒྱ་གར་ཤར་ཕྱོགས་ཟ་ཧོར་ཏེ། དེ་ན་བྷཾ་ག་ལ་ཞེས་བྱ་གྲོང་ཁྱེར་ཆེན་པོ་མི་ཁྱིམ་འབུམ་ཕྲག་དུ་མ་ཡོད་པ། དེའི་དབུས་ན་རྒྱལ་བོའི་ཕོ་བྲང་གསེར་གྱི་རྒྱལ་མཚན་ཅན་ཞེས་བྱ་བ་ལོངས་སྤྱོད་མངའ་ཐང་བསམ་གྱིས་མི་ཁྱབ་པ་ཡོད་པ། ཡུལ་དེའི་ཁོ་ར་ཁོར་ཡུག་ཏུ་ཤིང་ལྗོན་པ་སྣ་ཚོགས་ཀྱི་ཕྲེང་བ་འཁྲིགས་པ། པདྨ་དང་ཨུཏྤལ་ལ་སོགས་པའི་མེ་ཏོག་སྣ་ཚོགས་ཀྱིས་ས་གཞི་ཁྱབ་པ། ར་བ་རིམ་པ་དུ་མ་དང་། འོབས་རིམ་པ་དུ་མས་བསྐོར་བ་ཞིག་སྟེ། དེ་ལྟ་བུའི་རྒྱལ་བོའི་ཕོ་བྲང་དུ་ཡབ་རྒྱལ་བོ་དགེ་བའི་དཔལ་ཞེས་བྱ་བ་དང་། ཡུམ་དཔལ་མོ་འོད་ཟེར་ཅན་ཞེས་བྱ་བ་གཉིས་ཀྱི་སྲས་སུ་ཕོ་རྟའི་ལོ་བདག་ཉིད་ཆེན་པོ་འདི་བསམ་བཞིན་དུ་སྐུ་བལྟམས་སོ། །རྒྱལ་སྲས་བདག་ཉིད་ཆེན་པོ་འདི་སྐུ་བལྟམས་པའི་ཚེ་དཀར་ཕྱོགས་ཀྱི་ལྷ་རྣམས་ཀྱིས་ནམ་མཁའ་ལས་མེ་ཏོག་གི་ཆར་ཕབ། ནམ་མཁའི་ངོས་རྣམས་འཇའ་ཚོན་གྱི་གུར་ཁྱིམ་གྱིས་བལྟམས། ལྷ་རྣམས་ཀྱིས་དགའ་བའི་གླུ་དབྱངས་དང་རོལ་མོའི་སྒྲ་བསྒྲགས་པ་མི་རྣམས་ཀྱིས་ཀྱང་ཐོས་པ་སོགས་ངོ་མཚར་ཡ་མཚན་བསམ་གྱིས་མི་ཁྱབ་པ་བྱུང་ངོ་། །རྒྱལ་སྲས་དེ་ནི་འཇིག་རྟེན་ཀུན་གྱི་མིག་གི་བདུད་རྩི་ལྟ་བུ་ཞལ་དཀྱིལ་ཟླ་བ་ལྟར་དཀར་ཞིང་། དཔྲལ་བའི་དབྱེས་ཆེ་ལ་སྣའི་གཟེངས་མཐོ་བ། སྤྱན་དཀྱུས་རིང་ཞིང་མཆུ་སྒྲོས་བིམ་པ་ལྟར་དམར་བ་སོགས་སྐྱེ་བོ་དམ་པའི་མཚན་རྟགས་དང་ལྡན་པས་མཐོང་བ་ཙམ་གྱིས་ཉོན་མོངས་དང་སྡུག་བསྔལ་ཞི་ཞིང་། ཡིད་ལ་དགའ་བ་དང་བདེ་བ་སྐྱེ་ལ་དགེ་བའི་ས་བོན་སྐྲུན་ནུས་པ་ཞིག་བྱུང་སྟེ། རྒྱལ་སྲས་གཞོན་ནུ་དེ་ལ་ཡབ་ཡུམ་གཉིས་ཀྱིས་ཟླ་བའི་སྙིང་བོ་ཞེས་མཚན་བཏགས་སོ། །
      རྒྱལ་སྲས་གཞོན་ནུ་དེ་མ་མ་བརྒྱད་ལ་གཏད་དེ་མཐུན་པའི་དངོས་པོ་དག་གིས་སྐྱེད་བསྲིངས་ཤིང་ཡབ་ཡུམ་གཉིས་དང་བཅས་ཕོ་བྲང་གི་ཡང་ཐོག་ན་མནལ་ཞིང་བཞུགས་པ་ན་ཕོ་བྲང་གི་ཐོག་ནས་ཚེག་སྒྲ་ཆེན་པོ་འཇིགས་སུ་རུང་བ་ཞིག་བྱུང་བ་ན་ཡབ་ཡུམ་འཁོར་དང་བཅས་པ་ཅི་ཞིག་ཏུ་སྙམ་དུ་རྟབ་ཅིང་ཕྱོགས་ཕྱོགས་སུ་བལྟ། རྒྱལ་སྲས་གཞོན་ནུ་དེ་ནི་འཇིགས་པ་མེད་པར་དགའ་བའི་རྣམ་འགྱུར་སྟོན་ཞིང་གནས་སོ། །དེ་མ་ཐག་ཡབ་ཡུམ་སོགས་ཀྱི་མཐོང་སྣང་ལ་ཨུཏྤལ་སྔོན་པོ་འདབ་མ་མ་ཉམས་པ་ཡིད་དུ་འོང་བ་ཞིག་བབས་ལ། རྒྱལ་སྲས་གཞོན་ནུ་དེ་ལ་ནི་ཚེ་རབས་ཀུན་གྱི་ལྷག་པའི་ལྷ་རྗེ་བཙུན་སྒྲོལ་མས་ཞལ་བསྟན་ཏེ་གསུང་གི་གནང་བ་སྩལ་ལོ། །དུས་དེ་ནས་བཟུང་སྟེ་རྗེ་བཙུན་སྒྲོལ་མ་རྒྱུད་དུ་གཟིགས་ཤིང་བྱ་བ་གལ་ཆེ་བ་ཐམས་ཅད་ཀྱང་རྗེ་བཙུན་སྒྲོལ་མ་ཉིད་ལ་ཞུས་ནས་མཛད་དོ། །གཞོན་ནུ་དེ་འཁྲུངས་ནས་ལོ་གཅིག་དང་ཟླ་བ་དྲུག་སོང་བ་ན། ཕོ་བྲང་དེ་དང་ཧ་ཅང་ཐག་མི་རིང་བ་ཞིག་ན་བི་ཀ་མ་ལ་པུ་རི་ཞེས་བྱ་བའི་གཙུག་ལག་ཁང་ཡོད་པ་དེར་རྒྱལ་བོ་ཡབ་ཡུམ་གྱིས་རྒྱལ་སྲས་གཞོན་ནུ་འདི་རིན་པོ་ཆེའི་ཤིང་རྟའི་ནང་དུ་གདན་དྲངས། ཤིང་རྟ་ལྔ་བརྒྱའི་འཁོར་དང་བཅས་རྒྱལ་བོའི་ཡོ་ལངས་ཆེན་པོས་གཙུག་ལག་ཁང་དེར་གཤེགས་པ་ནི། གྲོང་ཁྱེར་གྱི་སྐྱེ་བོ་ཐམས་ཅད་ཕྱོགས་ཕྱོགས་སུ་འདུས་ནས་འཁྲུངས་པའི་ཚེ་ན་ལྷ་རྣམས་ཀྱིས་མཆོད་པ་བྱེད་པའི་རྒྱལ་བུ་ངོ་མཚར་ཅན་དེ་ད་གདོད་མཐོང་ངོ་ཞེས་སྐྱེ་བོ་ཐམས་ཅད་ཀྱིས་མིག་མི་འཛུམ་པར་རྒྱལ་བུ་ཉིད་ལ་བལྟ་ཞིང་དགའ་བའི་ཅ་ཅོའི་སྒྲ་བསྒྲགས་པ་ན་རྒྱལ་སྲས་གཞོན་ནུ་དེས་ཡབ་ཡུམ་གཉིས་ལ་སྐྱེ་བོ་འདི་དག་སུ་ཞིག་ཡིན་ཞེས་དྲིས་པ་ན་ཡབ་ཡུམ་གཉིས་ཀྱིས་འདི་དག་ནི་ཁྱོད་ཉིད་ཀྱི་འབངས་འཁོར་དག་ཡིན་ནོ། །ཞེས་ཞུས་པ་ན། རྒྱལ་བུ་གཞོན་ནུ་དེས་སྐྱེ་བོ་འདི་དག་བདག་བཞིན་ཕུན་སུམ་ཚོགས་པ་དང་ལྡན་པ་དང་། ཐམས་ཅད་དགེ་བའི་རྩ་བ་བསྐྲུན་ཏེ་དམ་པའི་ཆོས་ཀྱིས་འཚོ་བར་ཤོག་ཅེས་གསུང་སྙན་པོས་བརྗོད་པ་ན་ཐམས་ཅད་ཨ་ལ་ལ་ཞེས་ངོ་མཚར་བའི་ཚིག་བརྗོད་ཅིང་ཐལ་མོ་སྦྱར་ཏེ་གནས་སོ། །
      དེ་ནས་ཡབ་ཡུམ་སྲས་དང་བཅས་པ་གཙུག་ལག་ཁང་དུ་ཕེབས་ནས་དགེ་འདུན་རྣམས་ལ་བསྙེན་བཀུར་དང་མཆོག་གསུམ་གྱི་རྟེན་རྣམས་ལ་མཆོད་པ་ཕུལ་ཏེ་ཕྱག་འཚལ་ཞིང་སྨོན་ལམ་འདེབས་པ་ན་ཡབ་ཡུམ་གཉིས་སོགས་གཞན་ཐམས་ཅད་ཚེ་རིང་ཞིང་ནད་མེད་པ་དང་། ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་། ཕྱི་མ་ངན་སོང་དུ་མི་ལྟུང་བར་བདེ་འགྲོར་སྐྱེས་ནས་མཆོག་གསུམ་ལ་བསྙེན་བཀུར་བགྱིད་པ་སོགས་ཀྱི་སྨོན་ལམ་འདེབས། རྒྱལ་སྲས་བདག་ཉིད་ཆེན་པོ་འདིས་ནི་བདག་ནི་དལ་འབྱོར་མི་དབང་ལུས་ཐོབ་ཅིང་། སྐྱོན་མེད་དབང་བོས་དཀོན་མཆོག་གསུམ་མཐོང་ཞིང་། །རྟག་ཏུ་གུས་པས་དཀོན་མཆོག་སྤྱི་བོར་བླངས། །དེ་རིང་ཉིད་ནས་སྐྱབས་གནས་མཛད་དུ་གསོལ། །ནམ་ཡང་ཁྱིམ་པའི་ཆོས་ཀྱིས་མ་བཅིངས་པར། །དགེ་འདུན་དབུས་སུ་ཆོས་འབྱོར་ཐོབ་པ་དང་། །ང་རྒྱལ་མེད་པར་དཀོན་མཆོག་མཆོད་བྱེད་ཅིང་། །སྐྱེ་བོ་ཡོངས་ལ་སྙིང་རྗེས་ལྟ་བར་ཤོག །ཅེས་སྨོན་ལམ་མཛད་པ་ན། །དེར་ཚོགས་པའི་སྐྱེ་བོ་ཐམས་ཅད་དང་དཀར་ཕྱོགས་ཀྱི་ལྷ་རྣམས་ཀྱང་དགའ་ཞིང་མགུ་ནས་བདག་ཉིད་ཆེན་པོ་འདི་ལ་དད་པ་ལྷུར་བྱེད་པར་གྱུར་ཏོ། །ཇོ་བོ་རྗེས་སྐུ་ཚེ་འདི་ལ་ཆོས་གསུང་བའི་ཐོག་མ་དེ་ཡིན་པར་བཀའ་གདམས་གླེགས་བམ་ལས་གསུངས་སོ། །རྒྱལ་སྲས་གཞོན་ནུ་འདིས་འཁྲུངས་མ་ཐག་ནས་ཁྱིམ་གྱི་འདུ་འཛི་ལ་ཆགས་པ་མེད་ཅིང་ལྷག་པའི་ལྷའི་ཞལ་མཐོང་བ་དང་། ཆོས་ཀྱི་སྒྲ་དབྱངས་སྒྲོག་པ་ལ་ཐོགས་པ་མེད་པར་གྱུར་པས་ཁྱིམ་གྱི་འདུ་འཛི་ལ་ཆགས་པའི་སྐབས་མེད་ནའང་ཡབ་ཡུམ་གཉིས་འབངས་དང་བཅས་པས་ཁྱིམ་དུ་བཞུགས་པ་ཞིག་བྱུང་ན་ཅི་མ་རུང་སྙམ་དུ་གླུ་གར་དང་རྩེད་མོའི་བྱེ་བྲག་རྣམ་པ་སྣ་ཚོགས་སྦྱར་ཞིང་རྒྱལ་བོ་མང་བོའི་བུ་མོ་ཁབ་ཏུ་བཞེས་པའི་གྲབས་བཤམས་པ་ན་རྗེ་བཙུན་མ་སྒྲོལ་མས་རྒྱལ་སྲས་གཞོན་ནུ་དེ་ལ་ཞལ་བསྟན་ནས། ལྷ་ཅིག་མ་ཆགས་མ་ཆགས་སྐལ་བ་ཅན། །འདམ་བུའི་ཚལ་དུ་གླང་བོ་བྱིང་བ་ལྟར། །འདོད་པའི་འདམ་འདིར་དཔའ་བོ་ཁྱོད་བྱིང་ན། །ཚུལ་ཁྲིམས་གོས་ཅན་བསྣུབས་པའི་མི་འགྱུར་རམ། །སྐྱེ་བ་ལྔ་བརྒྱ་ལྔ་བཅུ་རྩ་གཉིས་སུ། །པཎ་ཆེན་དགེ་སློང་གཙང་མའི་ལུས་བརྒྱུད་ནས། །པདྨའི་མཚོ་ལ་ངང་བ་འཇུག་པ་ལྟར། །ཁྱོད་ནི་ཚེ་འདིར་རབ་ཏུ་འབྱུང་འགྱུར་ལགས། །ཞེས་རྒྱལ་སྲིད་ལ་མ་ཆགས་པར་ཆོས་མཛད་དགོས་པར་བསྐུལ་མ་བཏབ། རྒྱལ་སྲས་གཞོན་ནུ་རང་ཉིད་ཀྱང་དེ་ལྟར་དུ་སྨོན་པར་མཛད་ཅིང་བཟོ་དང་། གསོ་བ་དང་། སྒྲ་དང་། གཏན་ཚིགས་དང་། ནང་རིག་པ་སྟེ་རིག་གལནས་ཆེ་བ་ལྔ་དང་། སྙན་ངག་དང་རྩིས་ལ་སོགས་པ་རིག་གནས་ཆུང་བ་རྣམས་ལའང་སྦྱངས་ཏེ་མཁས་པར་ཕུལ་དུ་ཕྱིན་པར་གྱུར། ཁྱད་པར་དུ་ལོ་བཅོ་ལྔ་བཞེས་པའི་ཚེ་རིགས་ཐིགས་ཚར་གཅིག་གསན་པས་ཕྱི་རོལ་པའི་རྟོག་གེ་པ་མཁས་པར་གྲགས་པ་ཞིག་དང་རྩོད་པས་དེ་ཕམ་པར་མཛད་པས་སྙན་པའི་གྲགས་པ་ཀུན་ཏུ་རྒྱས་སོ། །
      དེ་ནས་རྒྱལ་བུ་གཞོན་ནུ་དེས་འདི་ལྟར་དགོངས་ཏེ། འཁོར་བའི་ཕུན་ཚོགས་གང་ལའང་མ་ཆགས་པར་རྒྱལ་བའི་བསྟན་པ་ཡོངས་རྫོགས་ལ་བསླབས་ཏེ་ས་ལམ་མཐར་ཕྱིན་པ་ཞིག་ཅིས་ཀྱང་བྱེད། དེ་ལྟ་བུ་ཞིག་འབྱུང་བ་ལ་ལེགས་ཚོགས་ཐམས་ཅད་ཀྱི་རྩ་བ་བཤེས་གཉེན་དམ་པ་ཞིག་གིས་རྗེས་སུ་གཟུང་དགོས་པར་འདུག་པས་ལམ་མ་ནོར་བར་སྟོན་པའི་བཤེས་གཉེན་དམ་པ་སུ་ཞིག་ལ་བརྟེན་དགོངས་པ་ན། ཕོ་བྲང་དེ་དང་ཧ་ཅང་ཐག་མི་རིང་བའི་གནས་ཞིག་ན་ཛེ་ཏཱ་ཏི་དགྲ་ལས་རྣམ་རྒྱལ་བཞུགས་པར་ཐོས་ནས་རི་བྲག་བསྐོར་དུ་འགྲོ་ཞེས་སྙད་བཏགས་ནས་དམག་ཆས་སུ་ཞུགས་པའི་རྟ་པ་སུམ་བརྒྱ་ཙམ་དང་བཅས་ཛེ་ཏཱ་རིའི་དྲུང་དུ་ཕེབས་ནས་ཞབས་སྤྱི་བོར་བླངས་ཏེ་སྐྱབས་འགྲོ་དང་སེམས་བསྐྱེད་ཞུས། རྒྱལ་སྲིད་ལ་མ་ཆགས་པར་ཆོས་རྣམ་དག་ཅིག་འདོད་པས་རྗེས་སུ་འཛིན་དགོས་ཞེས་ཞུས་པ་ན་ཛེ་ཏཱ་རིས་རེ་ཤིག་ནཱ་ལནྡྲར་བླ་མ་བྱང་ཆུབ་བཟང་བོའི་སྤྱན་སྔར་སོངས་ཞེས་ལུང་བསྟན། དེ་ནས་རྒྱལ་བུ་དམག་གི་དཔུང་དང་བཅས་པས་ནཱ་ལནྡྲར་ཕེབས་ནས་བླ་མ་བྱང་ཆུབ་བཟང་བོའི་ཞབས་སྤྱི་བོར་བླངས་ཏེ་སེམས་བསྐྱེད་ཞུས། དེ་ནས་བླ་མ་བྱང་ཆུབ་བཟང་བོས་ནཱ་ལེནྡྲའི་བྱང་ཕྱོགས་ན་ཚེའི་རིག་འཛིན་བརྙེས་ཤིང་སྤྲོས་བྲལ་དབུ་མའི་དོན་གཟིགས་པའི་རྒྱལ་སྲས་རིགས་པའི་ཁུ་བྱུག་བཞུགས་པས་དེའི་དྲུང་དུ་སོངས་ཞེས་བཏང་། དེ་ནས་རྒྱལ་བུ་གཞོན་ནུ་རྒྱལ་སྲས་རིགས་པའི་ཁུ་བྱུག་གི་དྲུང་དུ་ཕེབས་ཏེ། རིགས་པའི་ཁུ་བྱུག་གི་ཞབས་ལ་བསྙེན་ཏེ་གསོལ་བ་བཏབ་པས། རིགས་པའི་ཁུ་བྱུག་གིས་བྱང་ཆུབ་ལམ་གྱི་རིམ་པའི་གདམས་པ་སྤྱི་དང་། ཁྱད་པར་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ནས་བརྒྱུད་པའི་ལྟ་བའི་མན་ངག་རྣམས་ཞིབ་པར་གནང་སྟེ། ད་དུང་བླ་མ་ཨ་ཝ་དྷུ་ཏི་པ་ཞེས་བྱ་བ་དབུ་མའི་ལམ་ལ་མངའ་བརྙེས་པ་ཞིག་ཡོད་པས་དེའི་དྲུང་དུ་སོངས་ཞེས་བཏང་། དེ་ནས་རྒྱལ་བུ་གཞོན་ནུས་རིགས་པའི་ཁུ་བྱུག་གི་བཀའ་ལུང་ལྟར་བླ་མ་ཨ་ཝ་དྷུ་ཏི་པའི་ཞབས་དྲུང་དུ་ཕེབས་ནས་རྗེས་སུ་འཛིན་པར་ཞུས་པ་ན། བླ་མ་ཨ་ཝ་དྷུ་ཏི་པས་ཆོས་རྣམ་དག་བྱ་བ་ལ་རྒྱལ་སྲིད་ཀྱི་འབྱོར་པ་སྤང་དགོས་ཏེ་རྒྱལ་སྲིད་ཀྱི་འབྱོར་པ་ནི་དུག་གི་མཚོ་དང་འདྲ་ཞིང་། མེའི་འོབས་དང་འདྲ་བར་རྣམ་པ་ཀུན་ཏུ་ཕུང་བའི་རྒྱུ་ཡིན་པས་ལན་ཅིག་ཕར་སོངས་ལ་རྒྱལ་སྲིད་བློས་ཐོངས་ལ་དེ་ནས་ཚུར་ཤོག་ཅེས་ལུང་བསྟན། དེ་ནས་རྒྱལ་སྲས་གཞོན་ནུ་དེ་བླ་མས་ཇི་ལྟར་ལུང་བསྟན་པ་ལྟར་ཕོ་བྲང་དུ་ཕེབས་ནས་ཡབ་ཡུམ་ལ་གནང་བ་ནན་གྱིས་ཞུས་ཏེ་རྒྱལ་སྲིད་མཆིལ་མའི་ཐལ་བ་བཞིན་དུ་སྤངས་ནས་བླ་མ་ཨ་ཝ་དྷུ་ཏི་པའི་ཞབས་ལ་གཏུགས། ཨ་ཝ་དྷུ་ཏི་པས་ལུང་བསྟན་ནས་རི་ནག་པོའི་གཙུག་ལག་ཁང་གི་རྣལ་འབྱོར་གྱི་དབང་ཕྱུག་དཔལ་ཀྱཻ་རྡོ་རྗེའི་ཞལ་གཟིགས་ཤིང་རྡོ་རྗེ་མཁའ་འགྲོ་མས་ལུང་བསྟན་པ་ཐོབ་པའི་བླ་མ་རཱ་ཧུ་ལ་གུཔྟ་ལ་དབང་ཡོངས་སུ་རྫོགས་པར་ཞུས་ཤིང་། གསང་མཚན་ཡེ་ཤེས་གསང་བའི་རྡོ་རྗེ་ཞེས་བྱ་བར་བཏགས། དེ་ནས་ལོ་བདུན་གྱི་རིང་ལ་བླ་མ་ཨ་ཝ་དྷུ་ཏི་པ་གཙོ་བོར་བསྟེན་ཅིང་། གཞན་ཡང་དངོས་གྲུབ་བརྙེས་པའི་བླ་མ་དུ་མའི་སྤྱན་སྔར་རྡོ་རྗེ་ཐེག་པ་ལ་སྦྱངས་པས་གཞུང་དང་གདམས་ངག་མ་ལུས་པ་ལ་མཁས་པར་གྱུར་ཏེ་གསང་སྔགས་ལ་ང་ཉིད་མཁས་སོ་སྙམ་དུ་དགོངས་པ་བྱུང་བ་ན། ཌཱ་ཀི་མ་རྣམས་ཀྱིས་སྔགས་ཀྱི་གླེགས་བམ་སྔར་མཐོང་མ་མྱོང་བ་མང་བོ་མནལ་ལམ་དུ་བསྟན་ནས་ཐུགས་རྒྱལ་བཅག་གོ །
      དེ་ལྟར་དགུང་ལོ་ཉི་ཤུ་རྩ་གཅིག་ནས་དགུང་ལོ་ཉེར་དགུའི་བར་དུ་རྒྱུད་སྡེ་བཞིའི་དབང་ལུང་མན་ངག་མཐའ་དག་ལ་སྦྱངས་ཤིང་ཐུགས་ཉམས་སུ་བཞེས་པས་ལྷག་པའི་ལྷ་མང་བོའི་ཞལ་གཟིགས། ཏིང་ངེ་འཛིན་དང་མངོན་པར་ཤེས་པ་རྒྱ་ཆེན་པོ་ཐོབ། ད་ཚེ་འདི་ལ་སྔགས་ཀྱི་བརྟུལ་ཞུགས་ཀྱི་སྤྱོད་པ་སྤྱད་དེ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པ་ཞིག་བྱེད་སྙམ་དུ་དགོངས་པ་ནར་མར་བྱུང་བ་ན་ནུབ་གཅིག་རྨི་ལམ་དུ། དཔལ་ཧེ་རུ་ཀ་མདུན་གྱི་ནམ་མཁའ་ལ་བྱོན་ནས། རིགས་ཀྱི་བུ་ཨ་ཝ་དྷུ་ཏིའི་སྤྱོད་པས་གར་ཡང་མི་ཕྱིན་གྱིས། ཁྱོད་རབ་ཏུ་ཕྱུང་ན་དུས་ཕྱིས་ཙ་ན་རབ་ཏུ་བྱུང་བའི་གདུལ་བྱ་མང་བོ་འོང་བར་འདུག་གོ་ཞེས་ལུང་བསྟན་ཏོ། །
      ཡང་ནུབ་གཅིག་གི་རྨི་ལམ་དུ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དགེ་འདུན་མང་བོའི་འཁོར་དང་བཅས་ནས། གདུགས་ཚོད་གསོལ་གྱིན་འདུག དེའི་གྲལ་ཞབས་ན་ཇོ་བོ་ཉིད་ཀྱང་བཞུགས་འདུག་པ་ལ། བཅོམ་ལྡནའ་དས་ཀྱིས་ཇོ་བོ་ལ་གཟིགས་ནས། མི་མ་གི་ཅི་ལ་ཆགས་ནས་རབ་ཏུ་མི་འབྱུང་། ཞེས་གསུང་བ་ཅིག་རྨིས་པ་ན་ད་ངེས་པར་རབ་ཏུ་འབྱུང་བར་བྱའོ་སྙམ་དུ་དགོངས་ནས། དཔལ་རྡོ་རྗེ་གདན་བྱང་ཆུབ་ཆེན་པོ་བརྙེས་པའི་གནས་མ་ཏི་བྷི་ཧ་རའི་གཙུག་ལག་ཁང་དུ་དགེ་འདུན་ཕལ་ཆེར་སྡེ་བ། དེའི་ནང་ནས་འཇིག་རྟེན་ལས་འདས་པར་སྨྲ་བའི་སྡེ་བ་སློབ་དཔོན་སངས་རྒྱས་ཡེ་ཤེས་ཀྱི་བཀའ་རྒྱུད། གནས་བརྟན་འདུལ་བ་འཛིན་པ་ཆེན་པོ་སྦྱོར་བའི་ལམ་པ། དེ་ཁོ་ན་ཉིད་ཀྱི་ཕྱོགས་གཅིག་ལ་ཞུགས་པའི་ཏིང་འཛིན་བརྙེས་པའི་ཤཱི་ལ་རཀྵི་ཏ་ཞེས་བྱ་བ་ལ་མཁན་པོ་ཞུས་ནས་རབ་ཏུ་བྱུང་། མཚན་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་ཞེས་བྱ་བར་བཏགས་སོ། །དེ་ནས་མཚན་ཉིད་ཀྱི་ཐེག་པའི་སྡེ་སྣོད་གསུམ་ག་ལ་ཞིབ་ཏུ་སྦྱངས་ཤིང་། ཁྱད་པར་བླ་མ་དྷརྨ་རཀྵི་ཏའི་སྤྱན་སྔར་འདུལ་བ་ལུང་སྡེ་བཞིའི་གནད་ཀུན་བསྡུས་ཤིང་། མངོན་པ་སྡེ་བདུན་གྱི་གནད་ཀུན་བསྡུས་པའི་བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་ཞེས་བྱ་བ་བམ་པོ་བརྒྱད་བརྒྱ་ཙམ་ཡོད་པའི་བསྟན་བཅོས་ཆེན་པོ་ལོ་བཅུ་གཉིས་ཀྱི་བར་དུ་གསན་ནས་མཐའ་ཆོད་པར་སྦྱངས། སྡེ་བ་བཅོ་བརྒྱད་པོ་སོ་སོའི་བྱིན་ལེན་དང་རུང་ཆུ་སོགས་ཕྱག་ལེན་ཕྲ་མོ་མཐའ་དག་མ་འདྲེས་པར་མཁྱེན་ནས་འཕགས་ཡུལ་གྱི་སྡེ་བ་བཅོ་བརྒྱད་པོ་ཐམས་ཅད་ཀྱི་གཙུག་གི་ནོར་བུར་གྱུར་ཏོ། །
      དེ་ལྟར་མདོ་སྔགས་ཀྱི་ཆོས་འཕགས་ཡུལ་ན་དེ་དུས་བཞུགས་པ་མཐའ་དག་གསན་ཅིང་ཐུགས་ཉམས་སུ་བཞེས་ནས་མྱུར་དུ་འཚང་རྒྱ་བ་ལ་ལམ་གང་ཞིག་མྱུར་སྙམ་པ་ནར་མར་ཡོད་པ་ན་རི་ནག་པོའི་ཁོང་གསེང་ན་བཞུགས་པའི་བླ་མ་རཱ་ཧུ་ལ་གུཔྟས་མངོན་པར་ཤེས་པས་མཁྱེན་ཏེ། དེར་བྱོན་ནས་ཇོ་བོ་ལ་གསུངས་པ། ཡི་དམ་གྱི་ལྷ་ཞལ་མཐོང་བ་དང་། དཀྱིལ་འཁོར་གྱི་ལྷ་ཚོགས་མང་བོ་མངོན་དུ་གྱུར་པ་དང་། ཐུན་མོང་གི་དངོས་གྲུབ་མང་བོ་ཐོབ་པ་དང་། ཏིང་ངེ་འཛིན་རི་རྒྱུད་ཙམ་ཡོད་པས་གར་ཡང་མི་ཕྱིན། བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་བློ་སྦྱོངས། ཐུགས་རྗེ་ཆེན་པོ་སྙིང་རྗེའི་ལྷ་ཡིན་པས་ཡི་དམ་དུ་ཟུངས། འཁོར་བ་མ་སྟོངས་ཀྱི་བར་དུ་སེམས་ཅན་གྱི་དོན་བྱེད་པར་དམ་འཆོས་ཤིག་གསུངས། ཡང་རྡོ་རྗེ་གདན་གྱི་ཁོར་ས་ན་ཕར་བསྐོར་བ་མཛད་པའི་ཚེ་ལྡེར་བཟོ་གཅིག་གིས་གཅིག་ལ་དྲི་བ་དང་ལན་འདེབས་པའི་ཚུལ་དང་། རྡོ་རྗེ་གདན་གྱི་ལྷོ་ཕྱོགས་ཀྱི་ནམ་མཁའ་ལ་མིའི་ལུས་ལས་འདས་པའི་བུ་མོ་གཉིས་གཅིག་གིས་གཅིག་ལ་དྲི་བའི་ཚུལ་དུ། མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཆོས་གང་ལ་བསླབ་པར་བྱ་ཞེས་ཟེར་བ་ལ། ཅིག་ཤོས་ན་རེ་བྱང་ཆུབ་ཀྱི་སེམས་ལ་བསླབ་པར་བྱའོ། །ཞེས་གསུངས་ནས། བྱང་ཆུབ་ཀྱི་སེམས་སྦྱངས་ཐབས་བཟང་བ་ཅིག་གསུང་གི་འདུག་པ་ལ། བསྐོར་བ་འཕྲོ་བཅད་ནས་གསན་པས་སྣོད་གཅིག་ནས་གཅིག་ཏུ་བྱོ་བ་བཞིན་དུ་ཐུགས་སུ་ཆུད། སློབ་དཔོན་ཀླུ་སྒྲུབ་ཀྱིས་བཞེངས་པའི་རྡོ་ར་ན་བཞུགས་ཙ་ན། བུད་མེད་རྒན་གཞོན་གཉིས་འདུག་པས། གཞོན་པ་དེ་ལ་རྒན་པ་དེས་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་བྱང་ཆུབ་ཀྱི་སེམས་སྦྱོངས་གསུང་བ་དང་། ཡང་རྡོ་རྗེ་གདན་གྱི་གནྡྷོ་ལ་ལ་བསྐོར་བ་མཛད་པའི་ཚེ། བྱ་འདབ་འོག་ན་དེ་བཞིན་གཤེགས་པའི་སྐུ་གཅིག་བཞུགས་པའི་ཞལ་ནས། ཧེ་བྷ་དནྡ་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྦྱོངས་ཤིག་གསུངས། ཡང་རྡོ་ར་ཁང་བུ་ལ་བསྐོར་བ་མཛད་པའི་ཚེ། བ་སོའི་རྒྱལ་བ་ཤཱཀྱ་ཐུབ་པ་གཅིག་འདུག་པ་དེའི་ཞལ་ནས། ཛོ་ཀི མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་བྱང་ཆུབ་ཀྱི་སེམས་ལ་སྦྱོངས་གསུངས། དེ་ནས་ཇོ་བོ་རྗེས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་མ་སྐྱེས་པ་བསྐྱེད་པ་དང་སྐྱེས་ཟིན་གོང་འཕེལ་དུ་བྱས་ཏེ་མཐར་ཕྱིན་པའི་ཕྱིར་དེའི་མན་ངག་ཡོངས་སུ་རྫོགས་པ་མངའ་བ་སུ་ཞིག་ཡོད་སྙམ་བཙད་དཔྱད་པ་ན་དུས་དེའི་ཚེ་བླ་མ་གསེར་གླིང་བ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀྱི་བདག་པོར་གྲགས་པས་བླ་མ་གསེར་གླིང་བ་ཆེན་པོའི་ཞབས་དྲུང་དུ་བྱང་ཆུབ་ཀྱི་སེམས་ཀྱི་གདམས་ངག་རྫོགས་པར་གསན་པའི་ཕྱིར་གསེར་གླིང་དུ་འབྱོན་པར་བཞེད་ནས་འཛམ་བུ་གླིང་ནས་གསེར་གླིང་དུ་ཚོང་ལ་འགྲོ་བའི་ཚོང་བ་ལམ་རྒྱུས་ཅན་དང་བཅས་རྒྱ་མཚོ་ལ་གྲུ་གཟིངས་བཅས་ནས་ཟླ་བ་བཅུ་གསུམ་གྱི་རིང་མཚོའི་སྟེང་ལ་བྱོན་ཏེ་དེའི་ཚེ་བདུད་དགའ་རབ་དབང་ཕྱུག་གིས་སངས་རྒྱས་ཀྱི་བསྟན་པ་དར་བ་མ་བཟོད་ནས་ཇོ་བོ་རྗེའི་བྱང་ཆུབ་ཀྱི་སེམས་ལ་བར་ཆད་བྱ་བའི་ཕྱིར་མི་མཐུན་པའི་རླུང་བཏབ་སྟེ་གྲུ་གཟིངས་ལམ་ལོག་པར་བསྒྱུར་བ་དང་། ཆུ་སྲིན་ཉ་མིག་ཆེན་པོ་རི་ལྟ་བུས་གྲུ་གཟིངས་ཀྱི་མདུན་བཀག་པ་དང་། ནམ་མཁའ་ལས་ཐོག་བབས་པ་སོགས་གནོད་པ་ཚབས་ཆེན་པོ་བྱས་ན་པཎྜི་ཏ་སའི་སྙིང་བོས་ཇོ་བོ་རྗེ་ལ་ཐུགས་དམ་བསྐུལ་བའི་གསོལ་འདེབས་ཤུགས་དྲག་ཏུ་བྱས་པས། ཇོ་བོ་རྗེས་གཤིན་རྗེའི་གཤེད་དམར་པོའི་ཏིང་ངེ་འཛིན་གྱི་སྒོ་ནས་བདུད་སྡེ་དཔུང་དང་བཅས་པ་བཏུལ་ཏེ་རིམ་གྱིས་གསེར་གླིང་དུ་ཕེབས། གསེར་གླིང་གི་སྣེ་ཟིན་མ་ཐག་བླ་མ་གསེར་གླིང་བ་ཆེན་པོའི་སློབ་མ་བསམ་གཏན་པ་འགའ་ཞིག་བཞུགས་པ་དང་མཇལ། དེར་ཞག་བཅུའི་རིང་དཔོན་སློབ་ཚང་མས་ངལ་བསོས་ཤིང་བསམ་གཏན་པ་དེ་དག་ལ་བླ་མ་གསེར་གླིང་བ་ཕྱོགས་གང་དུ་བཞུགས་དང་མཛད་པ་རྣམ་ཐར་ཇི་ལྟར་ཡོད་རྣམས་དྲི་གཏུགས་མཛད་བསམ་གཏན་པ་དེ་དག་གིས་ཀྱང་བཎྜི་ཏ་སའི་སྙིང་བོ་ལ་སོགས་པ་ཇོ་བོའི་སློབ་མ་རྣམས་ལ་ཇོ་བོ་རྗེའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་དང་མཛད་སྤྱོད་རྣམས་ཞིབ་ཏུ་དྲི་གཏུགས་བྱས་པས་ཡིད་ཆེས་ཀྱི་དད་པ་ཆེན་པོ་སྐྱེས་ནས་བསམ་གཏན་པ་དེ་དག་གིས་མྱུར་བར་ཕྱིན་ཏེ་བླ་མ་གསེར་གླིང་བ་ཆེན་པོ་སྐྱེས་ནས་བསམ་གཏན་པ་དེ་དག་གིས་མྱུར་བར་ཕྱིན་ཏེ་བླ་མ་གསེར་གླིང་བ་ཆེན་པོ་ལ་འདི་སྐད་གསོལ་ཏོ། །ཀྱཻ་བླ་མ་དམ་པ་གསན་དུ་གསོལ། དེང་སང་གླིང་འདིར་རྒྱ་གར་གྱི་མཁན་པོ་དཱི་པཾ་ཀཱ་ར་ཤྲི་ཛྙ་ན་བྱ་བ་དེ། སློབ་མ་བརྒྱ་དང་ཉི་ཤུ་རྩ་ལྔའི་ཚོགས་དང་ལྷན་ཅིག་ཏུ། རྒྱ་མཚོ་ཆེན་པོ་ལ་ཟླ་བ་བཅུ་གསུམ་གྱི་བར་དུ་བྱོན་པ་བདུད་དང་མུ་སྟེགས་ཀྱི་ལྷ་དབང་ཕྱུག་ཆེན་པོས་བར་ཆད་བྱས་པ་བྱམས་པ་དང་སྙིང་རྗེས་འཆིང་ཞིང་སྐུ་གསུང་ཐུགས་མདངས་མ་ཤོར་བར་བདག་ཅག་ག་ན་བ་དེར་ལྷགས་སོ། །དེ་ལ་ཞག་བཅུ་བཞིའི་བར་དུ་ཆོས་ཀྱི་གཏམ་བགྲོ་བར་བྱས་པས། བདག་ཅག་སེམས་རངས་ཤིང་ཚིམ་པར་གྱུར་ཏོ། །ད་ནི་སྐབས་ཀྱི་དོན་ལ་མཁས་པ་ཆེན་པོ་དེ་ཁྱེད་ཀྱི་དྲུང་དུ་འོངས་ཏེ་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་སྐྱེད་པར་བྱེད་པའི་ཡུམ་གཙོ་བོར་ཉན་པ་དང་། སྨོན་འཇུག་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ་ཐེག་པ་ཆེན་པོའི་བློ་སྦྱོང་བར་བགྱི། གཞན་ཡང་བླ་མའི་གཞུང་ལུགས་རྒྱ་མཚོ་ལྟ་བུ་ཉིན་མཚན་དུ་སྤྱད་པར་འདོད་པར་གདའ་བས་ཐུགས་རྗེ་ཆེན་པོས་གོ་སྐབས་དབྱེ་ཞིག ཅེས་ཞུས། དེ་ནས་ཇོ་བོ་རྗེ་དཔོན་སློབ་རྨས་བླ་མ་གསེར་གླིང་བ་ཆེན་པོའི་ཕོ་བྲང་དང་ཉེ་བར་ཕེབས་པ་ན་བླ་མ་གསེར་གླིང་བས་དགེ་སློང་ཆོས་གོས་གསུམ་ཁ་དོག་མཐུན་པར་གསོལ་བ། ཐམས་ཅད་མཐུན་པར་རིལ་བ་སྤྱི་བླུགས་འཛིན་པ། ཐམས་ཅད་ཀྱང་འཁར་གསིལ་མཛེས་པར་བསྣམས་པ་ཤིན་ཏུ་དང་བ་འདྲེན་པ་དགྲ་བཅོམ་པ་ལྟ་བུ་ལྔ་བརྒྱ་དང་སུམ་ཅུ་རྩ་ལྔའི་སྣ་བླ་མ་གསེར་གླིང་བས་དྲངས་ནས་དགེ་ཚུལ་དྲུག་ཅུ་རྩ་གཉིས་ཀྱིས་བརྟེན་ཏེ། མདོར་ན་རབ་ཏུ་བྱུང་བ་ལྔ་བརྒྱ་དང་དགུ་བཅུ་རྩ་བདུན་གྱིས་རྒྱང་རིང་བོ་ནས་བསུ་བའི་ཕྱིར་ནར་གྱིས་བྱུང་བ་གཟིགས་སོ། །དེ་མ་ཐག་ཏུ་བཅོམ་ལྡན་འདས་ཞལ་བཞུགས་པའི་དུས་ན་དགྲ་བཅོམ་པ་རྣམས་ཀྱིས་བསྐོར་བ་ལྟར་ཤིན་ཏུ་དང་བ་འདྲེན་ཞིང་ཐུགས་ཉམས་དགའ་བའི་མཐར་ཐུག་པར་གྱུར་ཏོ། །
      དེ་ནས་ཇོ་བོ་རྗེས་པཎྜི་ཏ་སའི་སྙིང་བོ་ལ་སོགས་པ་རིག་པའི་གནས་ལྔ་ལ་མཁས་པའི་པཎྜི་ཏ་ད་ང། སྡེ་སྣོད་གསུམ་ལ་མཁས་པའི་དགེ་སློང་རྣམས་ཕྱགས་ལྷམ་འབྲིང་མིག་མ་གསོལ་བ་ཁ་ཆེ་གུར་ཀུམ་གྱིས་ལེགས་པར་ཁ་བསྒྱུར་བའི་ཆོས་གོས་རྣམ་གསུམ་ཕལ་ཆེན་སྡེ་པས་ལེགས་པར་བསགས་པ་མཛེས་པར་གསོལ་བ། ཐམས་ཅད་ཀྱང་རྟེན་འབྲེལ་གྱི་ཆེ་བས་ལྕགས་ཀྱི་ལྷུང་བཟེད་རབ་ཚད་རྡོལ་བུག་མེད་པ་བསྣམས་པ། ཟངས་ཀྱི་རིལ་བ་སྤྱི་བླུགས་མ་ག་དྷའི་བྲེ་གང་ཤོང་བ་དང་། བསྟན་པའི་བདག་པོས་རབ་ཏུ་བསྔགས་པའི་འཁར་གསིལ་ལ་སོགས་པའི་རྟགས་མཚན་ཐམས་ཅད་ལེགས་པར་ཚང་བ་ཡོད་པ། ཐམས་ཅད་ཀྱང་བཎྜི་ཏའི་ཞྭ་ང་རྒྱལ་མེད་པ་གསོལ་བ། རྔ་ཡབ་དཀར་པོ་རེ་ཕྱག་ན་བསྣམས་པ་བརྒྱ་དང་ཉི་ཤུ་རྩ་ལྔས་ཇོ་བོའི་རྗེས་ལ་བར་དུ་མི་རེ་ཤོང་ཙམ་དུ་མ་འབྱར་བ། རྒྱངས་ཆེས་མ་དྲགས་པ། བར་མ་ཆད་པར་འཇའ་ཚོན་སྣ་ལྔའི་གུར་བཞིན་དུ་མགོན་པོ་གསེར་གླིང་བ་གང་ན་བཞུགས་པ་དེར་ཕྱིན་པ་དང་། ཐམས་ཅད་ཕུན་སུམ་ཚོགས་པ་ཤ་སྟག་ཏུ་གྱུར་པས་དཀར་ཕྱོགས་ཀྱི་ལྷ་རྣམས་དགའ་ཞིང་མགུ་ནས་མེ་ཏོག་གི་ཆར་པ་ཕབ། གསེར་གླིང་ན་གནས་པའི་སྐྱེ་བོ་ཐམས་ཅད་བླ་མ་གཉིས་ཀྱི་མཛད་པ་ལ་ངོ་མཚར་རྨད་དུ་བྱུང་བའི་དད་པ་ཐོབ་བོ། །
      དེ་ནས་ཇོ་བོ་རྗེས་རིན་པོ་ཆེའི་བུམ་པ་ལྟོ་བ་ཆེ་བ་དབྱིབས་ཟླུམ་པ། རྩ་བ་བརྟན་ལ་མགྲིན་པ་རིང་བ། ཁ་ཡེལ་ལ་མཆུ་འཕྱང་བ། ནང་ན་དངོས་པོ་ཅི་ཡོད་ཕྱི་ནས་གསལ་ཞིང་རིན་པོ་ཆེ་གསེར་དང་། དངུལ་དང་། མུ་ཏིག་དང་། བྱུ་རུ་དང་། བཻ་ཌཱུརྱས་བཀང་སྟེ་བླ་མ་གསེར་གླིང་བ་ཆེན་པོས་ཕྱག་ཏུ་ཕུལ། པཎྜི་ཏ་སའི་སྙིང་བོ་ལ་སོགས་པ་ཇོ་བོའི་སློབ་མ་གཞན་ཐམས་ཅད་ཀྱིས་ཀྱང་གསེར་ཞོ་རེ་ཕྱག་རྟེན་དུ་ཕུལ་ལོ། །དེ་ནས་ཇོ་བོ་རྗེས་གསེར་གླིང་བའི་གཟིམ་ཁང་ཕོ་བྲང་གསེར་གདུགས་ཅན་གྱི་ནང་དུ་ཕེབས་ཏེ། བླ་མ་གསེར་གླིང་བ་ལ་མཎྜལ་ཕུལ་ནས་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཡུམ་གཅིག་པུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་སྡེ་རིན་པོ་ཆེའི་དོན་གྱི་སྙིང་བོ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་མ་སྐྱེས་པ་བསྐྱེད་པ་དང་། སྐྱེས་ཟིན་གོང་ནས་གོང་དུ་སྤེལ་བ་དང་། དེའི་ཐབས་སུ་ཐེག་པ་ཆེན་པོའི་ལམ་གྱི་རིམ་པའི་ལུས་ཡོངས་སུ་རྫོགས་པ་མགོན་པོ་བྱམས་པ་ནས་འཕགས་པ་ཐོགས་མེད་སྐུ་མཆེད་སོགས་ལ་བརྒྱུད་པ་དང་། རྗེ་བཙུན་འཇམ་དབྱངས་ནས་རྒྱལ་སྲས་ཞི་བ་ལྷ་སོགས་ལ་རིམ་གྱིས་བརྒྱུད་པའི་གདམས་ངག་ཡོངས་སུ་རྫོགས་པ་གནང་དགོས་ཚུལ་ཞུས་པ་ན། བླ་མ་གསེར་གླིང་བས་དེ་ལ་ལོ་མང་བོ་འགོར་བས་ཉིད་རང་གིས་བཞུགས་ནུས་ན་ཅིས་ཀྱང་འབུལ་ཞེས་གསུངས། དེ་ལ་ཇོ་བོ་རྗེས་ལོ་ཇི་ཙམ་འགོར་ཡང་ཡོངས་སུ་རྫོགས་པ་ཞིག་ཅིས་ཀྱང་ཞུ་ཞེས་གསོལ་བ་བཏབ་ནས་ལོ་བཅུ་གཉིས་ཀྱི་རིང་དབུ་སྔས་སྦྲེལ་ཏེ་ཐེག་པ་ཆེན་པོའི་ལམ་གྱི་རིམ་པའི་ལུས་སྤྱི་དང་། ཁྱད་པར་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ལ་བློ་སྦྱོང་བའི་གདམངས་ངག་རྣམས་བུམ་པ་གང་བྱོའི་ཚུལ་དུ་གསན། དེ་ནས་རྒྱ་མཚོར་འཇུག་པའི་དེད་དཔོན་གྱིས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་རྙེད་ནས་རང་ཡུལ་དུ་ལྡོག་པ་ལྟར་ཇོ་བོ་རྗེ་ཡང་ཐུགས་ལེགས་པར་ཚིམ་ནས་རྒྱ་གར་དུ་ཕེབས་པར་ཕྱོགས་པ་ན་བླ་མ་གསེར་གླིང་བ་ཆེན་པོས་ཁོང་རང་ལ་ཆུང་ངུའི་དུས་ནས་རྙེད་པའི་ཐུབ་དབང་གི་གསེར་སྐུ་དེ་ཇོ་བོ་རྗེའི་ཕྲག་ཏུ་ཕུལ་ནས་བསྟན་པའི་བདག་པོར་བྱིན་གྱིས་བརླབས་སོ། །
      དེ་ནས་ཇོ་བོ་རྗེ་དཔོན་སློབ་རྣམས་རྒྱ་མཚོ་ལ་གཟིངས་བཅས་ཏེ་རྒྱ་གར་དུ་ཕེབས་ནས་བསྟན་པའི་བདག་པོ་མཛད་ཅིང་བཞུགས། དེའི་ཚེ་ཇོ་བ་རྗེ་རྡོ་རྗེ་གདན་ན་བཞུགས་དུས། མ་ག་དྷའི་རྒྱལ་བོ་ནཻཪྻ་པཱ་ལ་དང་། ནུས་ཕྱོགས་ཀརྞའི་རྒྱལ་བོ་གཉིས་རྩོད་པར་གྱུར་ཏེ། ཀརྞའི་རྒྱལ་བོས་མ་ག་དྷར་དམག་དྲངས། གྲོང་མ་ཐུག་པར་གནས་གཞི་རྣམས་སུ་དྲངས་པས་རབ་ཏུ་བྱུང་བ་བཞི། དགེ་བསྙེན་གཅིག་དང་ལྔ་བཀྲོངས། ཡོ་བྱད་མང་བོ་ཁྱེར་བའི་དུས་སུ་ཀོ་ལོང་མ་མཛད་པར་བྱང་ཆུབ་ཀྱི་སེམས་བསྒོམས། ཕྱིས་གཡུལ་ལོག་ནས་མ་ག་དྷའི་རྒྱལ་བོས་ཀརྞའི་དམག་མི་ཐམས་ཅད་གསོད་པ་ལ་ཐུག་པ་ན་ཀརྞའི་རྒྱལ་བོ་དང་དམག་མི་ཐམས་ཅད་ཀྱི་སྲོག་བསྐྱབས་ནས་བཏང་། སླར་ཡང་དེ་གཉིས་འཐབས་པ་ན་ཇོ་བོ་རྗེས་ཟང་ཟིང་གི་ནོར་ཚད་མེད་པ་སོ་སོར་གནང་སྟེ་ཆུ་བོ་ཆེན་པོ་བརྒལ་ནས་དམག་ཕན་ཚུན་འདུམས་པར་མཛད་དེ་སེམས་ཅན་གྲངས་མེད་པའི་སྲོག་བསྐྱབས་སོ། །
      དེ་ཡང་། བསྟོད་པ་ལས། རྒྱལ་བོ་ནཻཪྻ་པཱ་ལ་དང་། ནུབ་ཕྱོགས་ཀརྞའི་རྒྱལ་བོ་གཉིས། །རྩོད་པ་ཆེན་པོ་བྱུང་བའི་ཚེ། །ནུབ་ཕྱོགས་ཀརྞའི་རྒྱལ་བོ་ཡིས། །མ་ག་དྷར་ནི་དམག་དྲངས་པས། །གྲོང་ཁྱེར་མ་ཐུབ་གནས་གཞིར་དྲངས། །རབ་བྱུང་དགེ་བསྙེན་ལྔ་ཡང་བསད། །ཡོ་བྱད་མང་བོ་གཞན་དུ་ཁྱེར། །ཁྱོད་ལ་ཞེ་སྡང་མི་མངའ་བས། །ཀོ་ལོང་མ་མཛད་སྙིང་རྗེ་འཁྲུངས། །གཡུལ་ལོག་ཚེ་ན་དམག་མི་བསྐྱབས། །ཕྱི་ནས་བླ་མས་འདུམས་མཛད་དེ། །འཚོ་བའི་ཡོ་བྱད་མ་གཏོགས་པ། །ཡོ་བྱད་ལྷག་མ་མེད་པར་བཏང་། །ལུས་དང་སྲོག་ལ་མ་གཟིགས་པར། །ཆུ་བོ་ཆེན་པོ་ཡང་ཡང་བརྒལ། །དེ་གཉིས་འདུམས་ནས་མཛའ་བོར་མཛད། །ཅེས་གསུངས།
      ཡང་ཇོ་བོ་རྗེ་རྡོ་རྗེ་གདན་དུ་བསྐོར་བ་མཛད་ཀྱིན་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་ཐུགས་སྦྱོང་བ་ན། ལྷོ་ཕྱོགས་ནས་མུ་སྟེགས་པའི་མཎྜི་ཏ་གདུགས་བཅུ་གསུམ་ཕུབ་པ་གཅིག་བྱུང་ནས་སངས་རྒྱས་པའི་བསྟན་པའི་བདག་པོ་ཁྱོད་ཡིན། མུ་སྟེགས་པའི་བསྟན་པའི་བདག་པོ་ནི་ཁོ་བོ་ཡིན་པས་རང་ཅག་གཉིས་རྩོད་པ་བྱས་ལ་སུ་རྒྱལ་བ་དེའི་བསྟན་པ་ལ་འཇུག་དགོས་ཟེར་ནས། རྒྱལ་བོ་དཔང་དུ་བཙུགས་ཏེ་རྩོད་པ་བྱས་པས། ཇོ་བོས་ཚེགས་མེད་པར་ཚར་བཅད་པས་གདུགས་བཅུ་གསུམ་པོ་ཇོ་བོ་ལ་ཕུལ། ཞབས་སྤྱི་བོའི་གཙུག་ཏུ་བླངས། སློབ་མ་བྱས་ནས་ཕྱི་རོལ་པ་ཐམས་ཅད་ནང་བའི་བསྟན་པ་ལ་བཙུད་དོ། །ཡང་སང་ཕོད་ལོ་དུས་སུ་མུ་སྟེགས་པའི་སྟོན་པ་གདུགས་བརྒྱད་ཕུབ་པ་གཅིག་བྱུང་བའང་སྔ་མ་བཞིན་དུ་ཚར་བཅད་དོ། །ཡང་དེའི་སང་ཕོད་མུ་སྟེགས་ཀྱི་སྟོན་པ་གདུགས་ལྔ་ཕུབ་པ་སྒྲ་ཚད་ལ་ཤིན་ཏུ་མཁས་པ་གཅིག་བྱུང་ནས། སྔ་མ་ཁོ་ན་བཞིན་དུ་ཟེར་བ་ལ། ཇོ་བོས་ཀྱང་རྩོད་པར་ཞལ་གྱིས་བཞེས་ནས་རྩོད་པའི་དུས་བོར། རྒོལ་ཕྱིར་རྒོལ་གྱི་སྟན་བཤམས། པཎྜི་ཏ་མང་བོ་དང་། སྐྱེ་བོའི་ཚོགས་འདུས་པར་གྱུར་པའི་དབུས་སུ་རྩོད་པ་བྱས་པས་ཐོག་མར་པཎྜི་ཏ་སུམ་ཅུ་ཙམ་གྱིས་གོ །དེ་ནས་བཅོ་ལྔ་ཙམ་གྱིས་གོ །དེ་ནས་ཕྲ་བར་གྱུར་པས་བཅུ་ཕམ་གྱིས་གོ །དེ་ནས་ལྔ་ཕམ་གྱིས་གོ །དེ་ནས་རབ་ཏུ་ཕྲ་བར་གྱུར་པས་ཁོང་རང་གཉིས་ཀྱིས་གོ་གཞན་གྱི་མི་གོ་བར་གྱུར་ཏོ། །དེར་མུ་སྟེགས་པ་དེས་སྒྲའི་ཚིགས་སུ་བཅད་པ་གཅིག་གིས་དོན་དྲིས་པས་ཇོ་བོས་མ་དགོངས་པ་ན། ཁྱོད་དེར་སྡོད་ཅིག་གསུངས་ནས་ནང་དུ་ཕེབས་ཏེ་ཇོ་མོ་སྒྲོལ་མ་ལ་མཎྜལ་ཕུལ་གསོལ་བ་བཏབ་པས། ཐུགས་ལ་ཝལ་གྱིས་བྱུང་ནས་ལན་བཏབ་པས་པཎྜི་ཏ་དེ་ཚར་བཅད། སློབ་མར་ཁས་བླངས་ནས་སངས་རྒྱས་ཀྱི་བསྟན་པ་ལ་བཙུད་དོ། །
      དེ་ནས་རྒྱལ་བོ་མ་ཧཱ་པ་ལའི་རིང་ལ་ཇོ་བོ་རྗེ་བི་ཀ་མ་ལ་ཤཱི་ལའི་གཙུག་ལག་ཁང་དུ་སྤྱན་དྲངས། གཙུག་ལག་ཁང་བཅོ་བརྒྱད་ཀྱི་བདག་པོ་མཛད་ནས་སངས་རྒྱས་ཀྱི་བསྟན་པ་རྒྱ་ཆེར་སྤེལ། དུས་དེའི་ཚེ་རྒྱ་གར་ཤར་ནུབ་ཡུལ་དབུས་དང་བཅས་པའི་དགེ་འདུན་ཐམས་ཅད་ཀྱི་གཙུག་གི་ནོར་བུ་ལྟ་བུར་གྱུར་ཏེ་རྒྱལ་བའི་བསྟན་པ་ལ་རྒྱལ་བ་རང་ཉིད་སླར་བྱོན་པ་ལྟར་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིས་བསྡུས་པའི་མདོ་སྔགས་ཀྱི་བསྟན་པ་ཡོངས་རྫོགས་ཀྱི་བདག་པོར་བཞུགས་སོ། །དེ་ནས་ཇོ་བོ་རྗེའི་སྔོན་གྱི་ཐུགས་བསྐྱེད་དང་སྨོན་ལམ་གྱི་མཐུ་དང་། ཁ་བ་ཅན་གྱི་མགོན་པོ་རྗེ་བཙུན་སྤྱན་རས་གཟིགས་ཀྱི་ཐུགས་རྗེའི་མཐུས་བོད་དུ་སངས་རྒྱས་ཀྱི་བསྟན་པ་རྒྱ་ཆེར་སྤེལ་བའི་དུས་ལ་བབ་སྟེ་མངའ་རིས་ཆོས་རྒྱལ་ཡེ་ཤེས་འོད་ཀྱིས་དཀའ་བ་བརྒྱ་ཕྲག་དུ་མའི་སྒོ་ནས་རྒྱལ་བའི་བསྟན་པ་ཡོངས་སུ་རྫོགས་པ་ཞིག་བོད་ཁམས་འདིར་དར་བར་བྱ་བའི་ཕྱིར་བརྩོན་པ་ནར་མར་མཛད་དོ། །
      མངའ་རིས་སྟོད་ནས་བློ་གསལ་ཡིད་གཞུང་བ་མང་བོ་རྒྱ་གར་དུ་བརྫངས། སཾ་སྐྲྀ་ཏའི་སྐད་བསླབས་ནས་ཆོས་བསྒྱུར་དུ་བཅུག ལྷག་པར་ལོ་ཆེན་རིན་ཆེན་བཟང་བོས་སྨོན་ལམ་རླབས་པོ་ཆེའི་མཐུ་གྲུང་བས་སཾ་སྐྲྀ་ཏའི་སྐད་ཕུལ་ཕྱིན་མཁྱེན། མདོ་སྔགས་ཀྱི་ཆོས་མཐའ་ཡས་པ་བསྒྱུར། ལྷ་བླ་མས་སྦྱིན་བདག་བྱས་ཏེ་མཐོ་ལྡིང་གསེར་གྱི་ལྷ་ཁང་བཞེངས། སྔོན་གླང་དར་མས་རྒྱལ་བའི་བསྟན་པ་བསྣུབས་པ་ནས་ལོ་བདུན་ཅུ་ཙམ་གྱི་རིང་ལ་བོད་དུ་རབ་ཏུ་བྱུང་བ་གཅིག་ཀྱང་མེད་པར་བོད་མུན་པའི་གླིང་དུ་གྱུར་པ་ན་མངའ་རིས་ཆོས་རྒྱལ་བྱང་ཆུབ་སེམས་དཔའ་རྣམས་དང་། ལོ་ཆེན་རིན་ཆེན་བཟང་བོ་ཡབ་སྲས་རྣམས་ཀྱི་མཐུས་མངའ་རིས་སྟོད་དུ་དགེ་འདུན་གྱི་སྡེ་ཆགས་ཏེ་མར་རིམ་གྱིས་འཕེལ། མདོ་ཁམས་སུ་བླ་ཆེན་དགེ་བ་རབ་གསལ་གྱིས་དགེ་འདུན་གྱི་སྡེ་དང་འདུལ་བའི་བཤད་ཉན་བཙུགས་ཏེ་མདོ་ཁམས་ནས་ཡར་དར་ཏེ་དབུས་གཙང་གི་ལྗོངས་སུ་དགེ་འདུན་གྱི་སྡེ་རྒྱ་ཆེར་འཕེལ། དེ་ལྟ་ནའང་འགའ་ཞིག་འདུལ་བ་ལ་མོས་བློས་སྔགས་ཁྱད་དུ་གསོད། འགའ་ཞིག་སྔགས་ལ་མོས་བློས་འདུལ་བ་ཁྱད་དུ་གསོད། ཕལ་མོ་ཆེ་གྲུབ་མཐའི་ཁ་འཛིན་གྱི་བཤད་པ་ཙམ་ལས་ཐེག་པ་ཆེན་པོའི་ལམ་གྱི་རིམ་པའི་ལུས་ཡོངས་སུ་རྫོགས་པ་ཉམས་སུ་ལེན་པ་ལྟ་ཞོག ཕྱོགས་མཐོང་གི་གོ་བ་ཆགས་པའང་དཀོན་ཞིང་རྒྱ་གར་ནས་པཎྜི་ཏར་རློམ་པ་གསེར་འཚོལ་བ་མང་བོ་ཞིག་བོད་དུ་ལྷགས་ནས་སྔགས་ལ་སྙད་བཏགས་པའི་རྩིང་སྤྱོད་དང་རང་གཞན་ཕུང་ལ་འདེབས་པའི་ངན་སྔགས་མང་བོས་བོད་ཀྱི་སྐྱེ་བོ་བླུན་པོ་རྣམས་བསླུས་ཏེ་རྒྱལ་བའི་བསྟན་པ་རྣམ་པར་དག་པ་ཆགས་པ་ལ་བར་ཆད་ཆེར་བྱུང་བ་ན།  ལྷ་བླ་མ་ཐུགས་རྗེ་ཅན་རྣམས་ཐུགས་མ་བདེ་བར་རྒྱ་བརྩོན་སེང་ལ་སོགས་པ་བློ་གསལ་སྙིང་སྟོབས་ཅན་མང་བོ་རྒྱ་གར་དུ་བརྫངས་ཏེ་སཾ་སྐྲྀ་ཏའི་སྐད་བསླབས་ནས་ཆོས་སྒྱུར་ཤེས་པ་ཞིག་བྱེད་པ་དང་། ལྷག་པར་པཎྜི་ཏ་ཐུགས་རྒྱུད་འབྱོངས་པ་བསྟན་པ་ལ་ཕན་ཐོགས་ངེས་འདྲ་གང་ན་འདྲེན་དགོས་པའི་བཀའ་ཕབ་ནས་གསེར་ཕོན་ཆེ་བ་བསྐུར་ཏེ་བརྫངས། རྒྱ་བརྩོན་སེང་ལ་སོགས་པ་དེ་དག་གིས་ཀྱང་ལྷ་བླ་མའི་བཀའ་བཞིན་རྒྱ་གར་ལ་ཕྱིན་ཏེ། ལེགས་སྦྱར་གྱི་སྐད་བསླབས། མཁས་གྲུབ་མང་བོ་ལ་གཏུགས་ཏེ་མདོ་སྔགས་ཀྱི་ཆོས་མང་དུ་བསླབས། ལྷག་པར་བོད་ལ་ཕན་ཐོགས་པའི་པཎྜི་ཏ་ཐུགས་རྗེ་ཅན་ཇི་ལྟ་བུ་ཞིག་ཡོད་སྙམ་དུ་བཙན་དཔྱད་པ་ན་དེ་དུས་རྒྱ་གར་ན་པཎྜི་ཏ་ཐུགས་རྗེ་ཅན་ཇི་ལྟ་བུ་ཞིག་ཡོད་སྙམ་དུ་བཙན་དཔྱད་པ་ན་དེ་དུས་རྒྱ་གར་ན་པཎྜི་ཏ་བགྲང་བ་ལས་འདས་པ་བཞུགས་ཀྱང་ཐམས་ཅད་ཀྱི་གཙུག་གི་ནོར་བུ་ལྟ་བུར་བཞུགས་ཤིང་། བདག་བས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་བརླབས་ཆེན་པོ་ཐུགས་ལ་མངའ་བས་བོད་ཁམས་ཀྱི་སྐྱེ་བོ་དམུ་རྒོད་འདུལ་དཀའ་བ་རྣམས་འདུལ་ནུས་པ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ཉིད་དུ་མཐོང་ནས་ཇི་ཙམ་གསོལ་བ་བཏབ་ཀྱང་གདན་འདྲེན་ནུས་པ་མ་བྱུང་བར་ལོ་ཙཱ་བ་དཔོན་སློབ་རྣམས་ཚུར་ལོག་སྟེ་མངའ་རིས་ཆོས་རྒྱལ་ཁུ་དབོན་ལ་དེའི་རྒྱུ་མཚན་ཞུས་པ་ན་ཆོས་རྒྱལ་ཡེ་ཤེས་འོད་ཀྱིས་ད་དུང་གསེར་ཕོན་ཆེ་བ་བཙལ་ནས་ཇོ་བོ་རྗེ་གདན་འདྲེན་ཐུབ་པ་ཞིག་བྱེད་དགོས། ཅིས་ཀྱང་མ་ཐུབ་ན་དེའི་འོག་ནས་པཎྜི་ཏ་ཆེ་བ་འདྲ་གདན་དྲངས་ནས་བོད་དུ་སངས་རྒྱས་ཀྱི་བསྟན་པ་རྣམ་པར་དག་པ་ཚུགས་པ་ཞིག་ཅིས་ཀྱང་བྱེད་དགོངས་ནས་གསེར་འཚོལ་དུ་བྱོན་པས་གར་ལོག་གི་རྒྱལ་བོས་ཆོས་ཀྱི་རྒྱལ་བོ་ཡེ་ཤེས་འོད་པཎྜི་ཏ་གདན་འདྲེན་ཕྱིར་གསེར་འཚོལ་བར་རིག་ནས། འདིའི་ཕ་མེས་རྣམས་ཀྱིས་སྔོན་ཡང་སངས་རྒྱས་ཀྱི་བསྟན་པ་དར་བར་བྱས་ཟེར། འདི་མ་བཟུང་ན་འདིས་པཎྜི་ཏ་གདན་དྲངས། སངས་རྒྱས་ཀྱི་བསྟན་པ་དར་བར་བྱེད་འོང་བས་བཟུང་ལ་བཙོན་ཁང་དུ་ཆུག་ཅིག་ཟེར་ནས་ཆོས་རྒྱལ་ཡེ་ཤེས་འོད་བཟུང་ནས་མནར། དེ་ཆོས་རྒྱལ་བྱང་ཆུབ་འོད་ཀྱིས་ཐོབ་ནས་རྟ་བ་བརྒྱ་བྱས་ཏེ་ཁུ་བོ་བཟློག་ཏུ་ཕྱིན་པས། གར་ལོག་གི་རྒྱལ་བོ་ཕ་ཚན་ཆེས་ནས་མ་བཟློག ཡང་དམག་བྱས་ནས་ཁོ་ལ་རྒྱབ་ན་ལྷོགས་པར་སྣང་སྟེ། དེའི་བར་དུ་འགྲོ་བ་མང་བོའི་སྲོག་ཆད་པར་སྣང་བ་དང་། ང་རང་ལ་ཡང་བར་ཆོད་བྱུང་ན་ཇོ་བོ་ཆེན་པོ་སྤྱན་མི་འདྲོངས་པར་གདའ་བས་ཁོ་དང་ཐབས་མཁས་པས་བསྟུན་ཏེ་ཁུ་བོ་བླུའོ་སྙམ་དུ་དགོངས་ནས་བླུས་པ་དང་། ཁོ་ན་རེ། འོ་ན་ཁྱེད་རང་བཎྜི་ཏ་གདན་འདྲེན་པའི་འཕྲོ་བཤོལ། ཁྱེད་རང་ཡང་ངའི་འོག་ཏུ་ཞུགས། ཡང་ན་གསེར་རྒྱལ་བོ་རང་དང་མཉམ་པ་ཅིག་ཁྱེར་ལ་ཤོག དེ་ནས་རྒྱལ་བོ་བཏང་གིས་ཟེར་བ་ལ། གསེར་ལ་འདམས་ནས་གསེར་སྲང་བརྒྱ་ཐམ་པ་ཁྱེར་ཏེ། རྒྱལ་བོ་བླུས་པས་ཀྱང་ཁོ་ན་ཉན། དེ་ནས་ལུས་དང་མཉམ་པ་ཅིག་ཁྱེར་ནས་བླུས་པས་ཀྱང་ཐམས་ཅད་ཚང་བ་ཅིག་དགོས་ཟེར་ནས་ཁོ་མ་ཉན། དེར་ཁུ་བོ་ཁྲིམས་མུན་ན་བཙུད་དེ་འོ་བརྒྱལ་བར་བཞུགས་པའི་སྒོ་དྲང་དུ་ཕྱི་ནས་ཁུ་བོ་ལ་བོས་ཏེ། བཀའ་དྲིན་ཆེན་པོ། སྔོན་གྱི་ལས་ཐོག་ཏུ་བབ་པ་ཡིན་པས། ངས་ཁོ་ལ་དམག་རྒྱབ་ནས་བཟློག་ན་ནི་སྐྱེ་བོ་ཚན་པོ་ཆེ་ཕུང་ལ་གཏད་ནས་རང་རེ་གཉིས་ཀྱང་ངན་སོང་དུ་འགྲོ་དགོས་པར་སྣང་། པཎྜི་ཏ་གདན་མ་དྲངས་པར་ཁྱེད་རང་ངེད་ཀྱི་འོག་ཏུ་ཞུགས་ཟེར་བ་ལ་ནི། ཆོས་བློས་བཏང་ནས་སྡིག་རྒྱལ་གྱི་འོག་ཏུ་ཞུགས་པ་ལས། ཁྱེད་ཆོས་ལྡན་དུ་གཤེགས་པ་དྲག་སྙམ་དུ་བསམས། དེ་ནས་གསེར་ཁྱེད་རང་ཙམ་ཞིག་དགོས་ཟེར་བ་ལ་གསེར་བཙལ་བས། ཁྱེད་ཀྱི་སྐུ་ལུས་དང་མཉམ་པའི་ཚོད་ཙམ་ཞིག་རྙེད། དེས་ཁོ་མ་ཉན་པས་ད་ངས་དབུ་ཙམ་རྙེད་པ་དང་བླུར་འོང་གིས། དེའི་བར་དུ་སྔོན་གྱི་ལས་ལ་སེམས་པ་དང་། དཀོན་མཆོག་གསུམ་ལ་གསོལ་བ་འདེབས་པ་དང་། སྙིང་བོ་ཆེ་བྲང་འོག་ཏུ་བཅུག་པའི་བསོད་ནམས་མཛད་དགོས་པ་ཡིན། ཞེས་ཞུས་པ་དང་། ཁུ་བོ་བཞད་ཅིག་མཛད་ནས། ཁྱོད་ལ་གཅེས་ཕྲུག་སྣུམ་ཟན་མའི་བག་ཅིག་ཡོད། དཀའ་སྤྱད་དང་སྙིང་རུས་མི་ནུས་སྙམ་པ་ཡིན་ཏེ། ང་ཤི་ཡང་ཁྱོད་ཀྱིས་ཕ་མེས་ཀྱི་སྲོལ་སྐྱོང་བར་སྣང་། ཁྱོད་ཀྱི་དེ་གོ་བ་ཆེ། ང་དེས་ཆོག ངའི་བསམ་པ་ལ་བོད་འདིར་ཆོས་ཁྲིམས་ཞིག་མ་འཆོས་པར་ང་ཤི་ན་མི་རུང་བར་འདུག་སྙམ་པ་ཡིན་ཏེ། ད་ང་ན་སོ་ཡང་རྒས་འདིར་ང་ད་ལན་མ་ཤི་ཡང་ཚེ་ལོ་བཅུ་ཡིན་སྔར་ཚེ་འཁོར་བ་ཐོག་མ་མེད་པ་ནས་ཆོས་ཀྱི་ཕྱིར་གཅིག་ཀྱང་ཤི་བ་མེད། ད་ལན་ཆོས་ཕྱིར་ཤི་ན་ལེགས་པ་ཡིན་པས་རྒྱལ་བོ་འདི་ལ་གསེར་སེ་བར་ཏི་ཅིག་ཀྱང་མ་སྟེར། གསེར་ང་རང་ཙམ་རྙེད་པ་ཤིན་ཏུ་རྔམ་ཆེ་ན། ད་མགོ་བོ་ཙམ་པ་ག་ན་རྙེད། གསེར་ཐམས་ཅད་རྒྱ་གར་དུ་ཁྱེར་ལ་ད་དུང་པཎྜི་ཏ་དེ་གདན་ཅི་དྲོངས་གྱིས། པཎྜི་ཏ་ཆེན་པོའི་སྙམ་དུ་ཡང་། ང་ན་རེ། ངས་ཁྱེད་དང་སངས་རྒྱས་ཀྱི་བསྟན་པའི་ཕྱིར་ལུས་སྲོག་གར་ལོག་གི་རྒྱལ་བོ་ངན་པ་ལ་བྱིན་ཡོད་པས་ཚེ་རབས་ཐམས་ཅད་དུ་བདག་ལ་ཐུགས་རྗེས་འཛིན་པ་དང་། ངའི་བསམ་པའི་གཙོ་བོ་ཁྱེད་བོད་དུ་བྱོན་ནས་སངས་རྒྱས་ཀྱི་བསྟན་པ་དར་བར་བྱེད་པ་ཡིན་པས་དེ་ཁོ་ན་བཞིན་དུ་མཛད་པ་དང་། སྐྱེ་བ་འདིའི་འོག་རོལ་ཏུ་ཁྱེད་དང་ངེས་པར་མཇལ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་ངའི་འཕྲིན་མཛོད་ཅིག དེ་ལྟར་ལགས་པས་ང་བློས་ཐོངས་ལ་སངས་རྒྱས་ཀྱི་བསྟན་པ་ལ་སོམས་ཤིག་གསུངས།
      དེ་ནས་ལྷ་བླ་མ་བྱང་ཆུབ་འོད་ཀྱིས་ནག་ཚོ་ལོ་ཙཱ་བ་སྐུ་མདུན་དུ་བོས་ཏེ་དགེ་བཤེས་པ། ཇོ་བོ་སྤྱན་འདྲེན་དུ་རྒྱ་གར་དུ་འབྱོན་དགོས་པར་འདུག་ཅེས་བྱ་དགའ་ཆེན་པོ་གནང་སྟེ་གསེར་ཕོན་ཆེ་བ་དང་། གཡོག་ཇི་ཙམ་དགོས་པ་གཏོང་། རྒྱ་གར་དུ་བྱོན་ནས་ཇོ་བོ་རྗེ་ལ་འདི་སྐད་ཞུས་ཤིག སྔོན་དུས་ཆོས་རྒྱལ་གོང་མ་རྣམས་ཀྱིས་དཀའ་བ་ཆེན་པོས་རྒྱལ་བའི་བསྟན་པ་བཙུགས་ཀྱང་གླང་དར་མས་བསྣུབས། དེ་ནས་ངེད་ཀྱི་ཡབ་མེས་ཆོས་རྒྱལ་རྣམས་ཀྱིས་དཀའ་བ་ཆེན་པོས་རྒྱལ་བའི་བསྟན་པ་བཙུགས་ཀྱང་མདོ་སྔགས་གཉིས་པོ་ཕན་ཚུན་ཚ་གྲང་ལྟར་སོང་བ་ལས་བསྟན་པ་ཡོངས་རྫོགས་ཉམས་ལེན་དུ་འཁྱེར་ཤེས་པ་ཤིན་ཏུ་དཀོན་པར་སྣང་ཞིང་། རྩིང་སྤྱོད་ཅན་མང་བོས་བསྟན་པ་ལ་གནོད་པ་ཆེན་པོ་བྱས། ངེད་ཀྱི་ཁུ་བོ་ཡེ་ཤེས་འོད་ཀྱིས་ཚུལ་དེ་མ་བཟོད་ནས་ཇོ་བོ་རྗེ་ཁྱེད་གདན་འདྲེན་ཕྱིར་གསེར་འཚོལ་དུ་བྱོན་པས་ཁུ་བོ་གར་ལོག་གི་རྒྱལ་བོས་མེད་པར་བྱས་པའི་གཏམ་དེ་རྣམས་མགོན་པོ་ཨ་ཏི་ཤའི་སྙམ་དུ་ཐོངས། ངའི་ཁུ་བོ་སྙིང་རྗེ་ཅན་དེ་འོ་ཨེ་བརྒྱལ། ངས་ཀྱང་ཁུ་བོ་དེ་བཞག་ནས་འོང་ཕོད་པ་སྒོའི་གསེང་ནས་ཕར་བལྟས་པས་སྐུ་ལུས་རྣམས་ནི་དར་གྱིས་བཅིངས། གསུང་གི་གདངས་ནི་ཤོར། སྔར་གྱི་དེ་ལས་རྣམ་པ་ཐམས་ཅད་འགྱུར། སྐུ་ལུས་བུང་བ་ཙམ་ཞིག་ཏུ་སོང་། དེའི་ཁུང་ནའང་བོད་ཀྱི་སེམས་ཅན་དང་སངས་རྒྱས་ཀྱི་བསྟན་པ་དང་ཇོ་བོ་འབའ་ཞིག་ཐུགས་ལ་སེམས། ངེད་བོད་མཐའ་འཁོབ་ཀྱི་སེམས་ཅན་མ་རིག་པ་རྣམས་ཀྱི་སྙིང་སྟོབས་དེ་འདྲ་ན་ཁྱེད་འགྲོ་བའི་སྐྱབས་གནས་ཐུགས་རྗེ་ཅན་རྣམས་ཇི་ཙུག་ལ་སོང་། ཞེས་ཞུས་ཤིག་ཅེས་མངགས་གསེར་སྲང་བདུན་བརྒྱ་བསྐུར་ཏེ་ནག་ཚོ་ལོ་ཙཱ་བ་དཔོན་གཡོག་རྣམས་རྒྱ་གར་དུ་ཇོ་བོ་སྤྱན་འདྲེན་དུ་བརྫངས་སོ། །
      དེ་ནས་ནག་ཚོ་ལོ་ཙཱ་བ་དཔོན་གཡོག་འགས་ལྷ་བླ་མའི་བཀའ་བཞིན་རྒྱ་གར་དུ་བྱོན། ལམ་བར་རྣམས་སུ་ཆོམ་རྐུན་གྱི་འཇིགས་པ་སོགས་བར་ཆད་མང་བོ་བྱུང་བ་རྣམས་ཐུགས་རྗེ་ཆེན་པོའི་སྤྲུལ་བ་སྣ་ཚོགས་པས་བསལ་ཏེ་ཉེ་ཉོ་མེད་པར་བི་ཀ་མ་ལ་ཤཱི་ལར་སླེབས། རྒྱ་བརྩོན་སེང་དང་གྲོས་བྱས་ཏེ་ཇོ་བོ་གདན་འདྲེན་པའི་བཀོད་པ་བྱས་པ་ན་རེ་ཤིག་ཇོ་བོའི་ཞལ་མཇལ་བ་ཤིན་ཏུ་དཀའ་བ་བྱུང་། དེ་ནས་ཐུགས་རྗེ་ཆེན་པོའི་སྤྲུལ་པས་ཇོ་བོ་བོད་དུ་འབྱོན་པའི་རྟེན་འབྲེལ་སྒོ་དུ་མ་ནས་བསྒྲིགས་ཏེ། ཉིན་ཅིག་རྒྱ་གར་གྱི་པཎྜི་ཏ་དང་རྒྱལ་བོ་གཞན་གྱིས་མ་ཚོར་བར་དབེན་པ་ཞིག་གི་དུས་རྒྱ་བརྩོན་སེང་གིས་ནག་ཚོ་ལོ་ཙཱ་བ་ལ་ཤོག་གསུངས་ནས་ཇོ་བོའི་གཟིམ་ཁང་དུ་ཁྲིད། མཎྜལ་ཁྲུ་གང་བ་ཅིག་ཡོད་པའི་སྟེང་དུ་གསེར་ལིང་བ་དེ་བཞག གསིལ་མ་རྣམས་ཚོམ་བུར་བཀོད་ནས་ཇོ་བོ་ལ་ཕུལ་ཏེ། ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེང་གེས་གཏམ་བཏང་བ། བོད་ཀྱི་རྒྱལ་བོ་བྱང་ཆུབ་སེམས་དཔའ་ཡིན་ལུགས། ཆོས་རྒྱལ་མེས་དབོན་གསུམ་གྱི་རིང་ལ་ཆོས་ཇི་ལྟར་དར་ལུགས། གླང་དར་མས་བསྟན་པ་བསྣུབས་ལུགས། བླ་ཆེན་པོའི་དྲིན་ལས་དགེ་འདུན་ཇི་ལྟར་འཕེལ་ལུགས། ལྷ་བླ་མ་ཁུ་དབོན་གྱིས་ཇོ་བོ་སྤྱན་འདྲེན་པའི་ཕྱིར་དཀའ་སྤྱད་བྱས་ལུགས། ད་ལྟ་བོད་ན་ཆོས་ལོག་ཇི་ལྟར་དར་ལུགས་ཞིབ་རྒྱས་དང་བཅས་པ་ཞུས་ནས། ད་ཡང་བོད་ཀྱི་རྒྱལ་བོ་བྱང་ཆུབ་སེམས་དཔའ་དེས་ཚེ་དང་ལྡན་པ་འདི་མགོན་པོ་ཁྱེད་སྤྱན་འདྲེན་དུ་བཏང་ནས་གདའ་བས། ན་ནིང་སྐད་མི་གསུང་བར་བོད་ལ་ཐུགས་རྗེས་གཟིགས་པར་ཞུ་ཞུས་པས། ཇོ་བོའི་ཞལ་ནས་བོད་ཀྱི་རྒྱལ་བོ་བྱང་ཆུབ་སེམས་དཔའ་ཡིན་པར་འདུག ཆོས་རྒྱལ་མེས་དབོན་རྣམ་གསུམ་ཡང་བྱང་ཆུབ་སེམས་དཔའི་རྣམ་འཕྲུལ་ཡིན་ཏེ། དེ་བས་བླ་ཆེན་པོ་ཡང་བྱང་ཆུབ་སེམས་དཔའི་རྣམ་འཕྲུལ་ཡིན། དེ་མིན་ན་བསྟན་པའི་མེ་རོ་བསླང་བར་མི་ནུས། ཇོ་བོ་ལྷ་བླ་མ་དེ་ཀུན་བྱང་ཆུབ་སེམས་དཔའ་ཡིན་པར་འདུག བྱང་ཆུབ་སེམས་དཔའི་བཀའ་བཅག་ཏུ་ཡང་མི་རུང་བ་ཡིན། རྒྱལ་བོ་དེ་ལ་ངོ་ཡང་གནོང་བར་ཡོད། ཁོང་གི་མི་ནོར་མང་བོ་ཆུད་ཟོས་ལ་སོང་། ཁྱེད་བོད་རྣམས་སྙིང་རྗེ་བར་ཡང་འདུག་སྟེ། ང་ཡང་ན་སོ་རྒས། ལྡེ་མིག་མང་བོའང་འཛིན། བྱ་བ་མང་བོའི་འཕྲོ་ཡང་ཡོད་པས་བོད་དུ་ཐོན་རེ་མི་འོང་ངམ། འོན་ཀྱང་ངས་བརྟག་པ་ཅིག་བྱ་ཡི། རེ་ཞིག་ཁྱེད་རང་གི་གསེར་ཚགས་ཀྱིས་གསུངས་ནས་ཕྱིར་ལ་གཏོད་པར་མཛད། དེ་ནས་ཇོ་བོ་རྗེས་བོད་ཁམས་ཀྱི་གདུལ་བྱ་རྣམས་ལ་ཐུགས་བརྩེ་བས་བོད་དུ་བྱོན་ནས་སངས་རྒྱས་ཀྱི་བསྟན་པ་ལ་ཕན་མི་ཕན་དང་། དེ་ལ་གེགས་བར་ཆད་ཀྱི་གནོད་པ་ཡོད་མེད་སོགས་བརྟག་པ་མཛད་དེ་ལྷག་པའི་ལྷ་རྣམས་ལ་གསོལ་འདེབས་ཤུགས་དྲག་ཏུ་མཛད་ཅིང་རྡོ་རྗེ་གདན་དུ་བཞུགས་པའི་དུས། ལྷ་དང་བླ་མ་རྣམས་ཀྱིས་བྱང་ཆུབ་ཀྱི་སེམས་ཇི་ལྟར་སྦྱོང་བར་བསྐུལ་བ་བཞིན་ཐུགས་རྗེ་ཆེན་པོ་ཡི་དམ་དུ་བཟུང་ནས་རྡོ་རྗེའི་གདན་གྱི་ནུབ་ཕྱོགས་ན་འོད་དཔག་ཏུ་མེད་པའི་ལྷ་ཁང་ཞིག་ཡོད་པ་དེའི་ནང་དུ་བྱམས་པའི་ཐུགས་དམ་ལ་བཞུགས་པས། ཇོ་བོ་ཐུགས་རྗེ་ཆེན་པོའི་ཞལ་མངོན་སུམ་དུ་གཟིགས། ཐུགས་རྗེ་ཆེན་པོའི་ཞལ་ནས། སྐྱེས་བུ་དམ་པ་ལེགས་སོ་ལེགས་སོ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་གསང་བའི་མཛོད་གང་ཡིན་པ་དེ་ཁྱོད་ཀྱིས་ཤེས་སོ། །འདི་ནས་བྱང་ཕྱོགས་ན་ངའི་ཞིང་ཁམས་ཡོད། ཁྱོད་ཀྱི་ཡི་དམ་ཇོ་མོ་སྒྲོལ་མ་ཡང་དེ་ན་སེམས་ཅན་གྱི་དོན་མཛད་ཅིང་བཞུགས། ཁྱོད་ཀྱི་གདུལ་བྱ་མང་བོ་ཡང་དེ་ན་ཡོད་པས་བྱང་ཕྱོགས་སུ་སོངས་ཤིག་གསུངས་ནས་བོད་ཁ་བ་ཅན་འདུལ་བར་ལུང་བསྟན་ཏོ། །
      ཡང་ཇོ་བོ་རྗེས་རྗེ་བཙུན་མ་སྒྲོལ་མའི་རྟེན་གྱི་སྤྱན་སྔར་མཆོད་པ་བཤམས། མཎྜལ་ཕུལ་ནས་གསོལ་བ་བཏབ་པ་ནི། ངས་བོད་དུ་ཕྱིན་ན་བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་སམ་མི་ཐོགས་བྱ་བ་དང་། རྒྱལ་བོ་བྱང་ཆུབ་སེམས་དཔའི་ཐུགས་དགོངས་རྫོགས་སམ་མི་རྫོགས་བྱ་བ་དང་། རང་གི་ལུས་སྲོག་གི་བར་ཆད་དུ་འགྱུར་རམ་མི་འགྱུར་བྱ་བ་གསུམ་གསོལ་བ་བཏབ་པས། དེའི་ནུབ་མོ་རྨི་ལམ་ན། གནས་འདི་འདྲ་བ་ཞིག་ན་ནང་བའི་ལྷ་ཁང་ཆུང་ངུ་ཞིག་ཡོད། ནང་བར་དེར་སོངས་ལ་རྣལ་འབྱོར་མ་ཞིག་འོང་གི་དེ་ལ་དྲིས་དང་གསུང་བ་རྨིས། ནང་བར་ཇོ་བོས་མེ་ཏོག་སྙིམ་པ་གང་བསྣམས་ནས་ལྷ་ཁང་དེར་ཞུགས་པ་ན་རྣལ་འབྱོར་མ་རལ་བ་ས་ལ་ཞལ་མེ་བ་ཞིག་བྱུང་། དེ་ལ་མེ་ཏོག་རྣམས་ཕུལ་ནས་ང་བོད་ཀྱི་རྒྱལ་བོས་སྤྱན་འདྲེན་ན་ངས་བོད་དུ་ཕྱིན་ན་བོད་ཀྱི་སེམས་ཅན་ལ་ཕན་ཐོགས་སམ་མི་ཐོགས་ཞུས་པས། བོད་དུ་བྱོན་ན་ཕན་ནི་ཐོགས་ནས་འོང་། ཁྱད་པར་ཨུ་པ་སི་ཀ་གཅིག་ལ་བརྟེན་ནས་ཕན་ཐོགས་ཏེ་འོང་བར་འདུག དེ་བྱིན་གྱིས་རློབས་ཤིག་གསུངས། ད་དུང་རྡོ་རྗེ་གདན་ལ་མཆོད་པ་ཆེན་པོ་ཞིག་བྱས་ལ་གསོལ་བ་གདབ་དགོས་སྙམ་ནས་འབྱོན་པར་ཆས་པ་ན། མཁན་པོ་ཛྙཱན་ཤྲཱི་མི་ཏྲས་འགྲོན་བུ་སྤར་གང་བསྐུར་ནས་རྡོ་རྗེ་གདན་ན་རྒན་མོ་རལ་བ་སེ་ཤ་རེ་བ་གཅིག་ཡོད་དེ་ལ་ཕུལ་གསུང་སྐད། དེ་ནས་རྡོ་རྗེ་གདན་དུ་བྱོན་ཙ་ན་རྒན་མོ་རལ་བ་སེ་ཤ་རེ་བ་གཅིག་ན་རེ། ང་ལ་བསྐུར་བའི་འགྲོན་བུ་ཚུར་ཐོངས་གསུང་། དེ་ལ་ཡང་ཡིད་ཀྱིས་ཕྱག་དང་དྲི་བ་མཛད་པས་ཀྱང་གོང་དང་མཐུན་པར་བྱུང་། བོད་དུ་བྱོན་ན་ཕན་ཐོགས་པར་ལུང་བསྟན་པ་ན། ལུས་སྲོག་གི་བར་ཆད་དུ་འགྱུར་རམ་མི་འགྱུར་ཞུས་པས། ཚེ་ནི་བོད་དུ་བྱོན་ན་ཐུང་བར་འདུག་གསུང་། ཇི་ཙམ་གྱིས་ཐུང་ཞུས་པས། བོད་དུ་མ་བྱོན་ན་དགུ་བཅུ་གོ་གཉིས་ཐུབ། ཕྱིན་ན་བདུན་ཅུ་རྩ་གསུམ་ལས་མི་ཐུབ་གསུང་། དོན་ལ་ཉི་ཤུ་ཐམ་པ་ཐུང་དུ་སོང་བ་ཡིན་སྐད། དེའི་ཚེ་ཇོ་བོའི་ཐུགས་དགོངས་ལ་བོད་ལ་ཕན་ཐོགས་ན་ཚེ་ཐུང་ན་ཡང་ཐུང་སྟེ། ཚེ་ལ་མི་ལྟ་སྙམ་པའི་ཐུགས་སྟོབས་ཆེན་པོ་སྐྱེས་སོ། །
      དེ་ནས་ཇོ་བོ་རྗེ་རྒྱ་གར་གྱི་དགེ་འདུན་གྱི་སྡེ་རྣམས་དང་སྦྱིན་བདག་རྣམས་ཀྱིས་བོད་དུ་བྱོན་ན་རྒྱ་གར་ཆོས་ཀྱི་འབྱུང་གནས་ཉམས་པར་འགྱུར་ཞེས་ཐམས་ཅད་ཀྱིས་མཐུན་པར་བཀག་ནས་བོད་དུ་འབྱོན་མི་འཇུག་པ་ལ། ཇོ་བོ་རྗེས་ཐབས་མཁས་ཀྱིས་བོད་དུ་འབྱོན་པའི་འཕྲོས་མེད་པར་རྡོ་རྗེ་གདན་སོགས་གནས་ཆེན་རྣམས་སུ་མཆོད་པ་རྒྱ་ཆེ་བ་རེ་བགྱིད་པ་ཡིན་གསུངས་ནས་གནས་རྣམས་སུ་ཕར་ཕེབས་ཚུར་ཕེབས་མཛད། ཇོ་བོ་འཇམ་དཔལ་རྡོ་རྗེ་སོགས་སྐུ་རྟེན་བྱིན་རླབས་ཅན་མང་བོ་དང་གསུང་རྟེན་གླེགས་བམ་མང་དུ་ཡོད་པ་རྣམས་འབྲོམ་ཆོས་ཀྱི་རྒྱལ་བོའི་ཐབས་མཁས་ཀྱི་སྤྲུལ་བ་ཚོང་བའི་རྣམ་པ་ཅན་ཞིག་གིས་སུས་ཀྱང་མ་ཚོར་བར་གདན་དྲངས། ཇོ་བོ་དཔོན་སློབ་རྣམས་རྒྱ་གར་ནས་ལྕགས་ཕོ་འབྲུག་གི་མཇུག་ལ་ཕྱགས་བཏེག ལྕགས་མོ་སྦྲུལ་ལ་བལ་ཡུལ་དུ་ཕེབས། བལ་ཡུལ་གྱི་རྒྱལ་བོ་གྲགས་པ་མཐའ་ཡས་སོགས་སྡེ་དཔོན་རྣམས་དང་། པཎྜི་ཏ་རྣམས་ཀྱིས་གཙོས་དད་ལྡན་ཐམས་ཅད་ཀྱིས་གུས་པ་ཆེན་པོས་མཆོད་པའི་བྱེ་བྲག་སྣ་ཚོགས་པས་བསུས་ཤིང་གསོལ་བ་བཏབ་ནས་བལ་ཡུལ་དུ་ལོ་གཅིག་བཞུགས་ཏེ་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར། ཐང་བྷི་ཧ་རའི་གཙུག་ལག་ཁང་བཞེངས་ཏེ་དགེ་འདུན་གྱི་སྡེ་བཙུགས། དེ་ནས་ཇོ་བོ་རྗེ་དཔོན་སློབ་རྣམས་ཀྱིས་བལ་བོ་རྫོང་དུ་ཕྱགས་ཕེབས་པ་ན་ལྷ་བཙུན་པའི་རྟ་བ་སུམ་བརྒྱ་ཙམ་བསུ་བ་ལ་གོས་དཀར་བོ་འབའ་ཞིག་གྱོན། རྒྱན་ཐམས་ཅད་ཀྱང་དཀར་བོ་འབའ་ཞིག་བྱས། བློན་པོ་ཆེན་པོ་ལྷའི་དབང་ཕྱུག་དང་། ལྷའི་བློ་གྲོས་དང་ལྷའི་ཤེས་རབ་དང་། ལྷའི་སྲིད་འཛིན་ཞེས་བྱ་བ་བཞི་ལ་དཔའ་བོ་དར་མདུང་དཀར་བོ་ཐོགས་པ་བཅུ་དྲུག་བཅུ་དྲུག་གིས་བསྐོར། གཞན་ཐམས་ཅད་ལ་ཡང་བ་དན་ཆུང་ངུ་རེ་དང་། ཆུ་དར་གྱི་གདུགས་ཉི་ཤུ་དང་། པི་ཝང་དང་། གླིང་བུའི་སྒྲ་སྙམ་འཁྲོལ་བ་དང་། དཔོན་གཡོག་ཐམས་ཅད་ཀྱང་ངག་མཐུན་པར་དཀོན་མཆོག་གསུམ་ལ་སྐྱབས་འགྲོ་བྱེད་པ་དང་། བོད་དུ་སངས་རྒྱས་ཀྱི་བསྟན་པ་དར་བར་འགྱུར་རོ་བྱ་བའི་ཁ་བརྡ་བཟང་བོ་བྱེད་པ་དང་། ཨ་ཏི་ཤ་ལ་བདོ་བའི་ཕས་རྒོལ་ཐམས་ཅད་བདག་གིས་གཞོམ་པར་བྱའོ་ཞེས་དཔའ་བསྐྱེད་པ་དང་། ཐམས་ཅད་རྟ་ལས་མི་འབབ་པར་གྲལ་སྒོར་མོར་བྱས་ཏེ། དབུས་སུ་ཨ་ཏི་ཤ་དཔོན་གཡོག་འཁོར་དང་བཅས་པ་རྣམས་བཅུག་ནས་མི་རྟ་ཐམས་ཅད་ཀྱི་མགོ་བོ་ནང་དུ་རུག་གིས་བསྟན། བློན་པོ་ཆེན་པོ་བཞིས་དབུས་སུ་འོངས། སྔོན་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་མཁན་པོ་བོ་དྷི་ས་ཏྭ་སྤྱན་དྲངས་པའི་དྲུང་དུ་བློན་པོ་རིག་པ་ཅན་རྣམས་ཀྱིས་ཟོར་མའི་གླུ་བླངས་པ་ལྟར་བློན་པོ་རྣམས་ཀྱིས་གླུ་བླངས་པ་ནི། ལོ་ཞེས་བྱ་བ་གྲག་སྟོང་སྙན་པའི་གླུ་དབྱངས་ལོ། ཞེས་སོགས་བཀྲ་ཤིས་པའི་གླུ་དབྱངས་མང་བོ་དང་བཅས་སྤྱན་དྲངས། ལོ་ཙཱ་བ་ཆེན་པོ་གུང་ཐང་བ་ལ་སོགས་པ་རབ་ཏུ་བྱུང་བའི་རྟ་བ་སུམ་ཅུ་རྩ་ལྔས་བསྐོར་བའི་དབུས་ན་ཆིབས་ཅང་ཤེས་མཐོང་སྨོན་ངང་བའི་སྟེང་ན་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ཁྲུ་གང་ཙམ་གྱིས་སྒ་ལ་མ་རེག་པར་མཛད་ནས་སྐུའི་དཀྱིལ་འཁོར་བབས་ཆགས་པ། མཛེས་པ། བལྟ་ན་སྡུག་པ།  འཇིག་རྟེན་ལྷ་དང་བཅས་པས་མཆོད་པར་འོས་པ། འཇིག་རྟེན་མཁྱེན་ཅིང་སྐྱེས་བུ་འདུལ་བ་ཁ་ལོ་བསྒྱུར་བ་བླ་ན་མེད་པའི་ཞལ་འཛུམ་པ་དང་བཅས་པ། སཾ་སྐྲྀ་ཏའི་གསུང་འཁྲོལ་བ། རུས་པ་ཆགས་པ། ཚིག་གི་ལྷད་མེད་ལ་གསུང་གི་གདངས་སྙན་པ། གསུང་གི་ངར་ཆེ་ལ་དྲང་བོར་སྨྲ་བ་དེ་ཁྲོལ་མཛད་ནས། ཨེ་མ་ཧོ། ཨེ་མ་ཧོ། ཕ་ལ་ཕ་ལ། ཕ་ལ་ཧོ་ཞེས་སོགས་སཾ་སྐྲྀ་ཏའི་སྐད་དུ་བཀྲ་ཤིས་མང་དུ་བརྗོད་པར་མཛད་ཅིང་རིམ་གྱིས་ཕེབས་ཏེ་གངས་རི་ཆེན་པོར་ཕེབས། གངས་རི་ཆེན་པོ་ལ་ཞབས་སྐོར་མཛད་པ་ན་གནས་བརྟན་ཆེན་པོ་ཡན་ལག་འབྱུང་འཁོར་དགྲ་བཅོམ་པ་རྣམས་དང་བཅས་གསོ་སྦྱོང་མཛད་པའི་གཎྜིའི་སྒྲ་གསན་ཞིང་གནས་བརྟན་ཆེན་པོ་དང་དངོས་སུ་མཇལ་ནས་བཀའ་བགྲོ་བ་མཛད། མཚོ་མ་ཕམ་གྱི་འགྲམ་དུ་ཕེབས་ནས་ཆབ་གཏོར་མཛད་པའི་ཚེ་ཐུགས་རྗེ་ཆེན་པོའི་ཞལ་གཟིགས་ཤིང་། ཀླུ་རྣམས་ཀྱིས་གུས་པས་མཆོད་པ་སོགས་ངོ་མཚར་ཡ་མཚན་ཆེ་བའི་རྣམ་ཐར་མང་དུ་མཆིས། ཕྱོགས་དེའི་དད་ལྡན་རྣམས་ལ་ཆོས་མང་དུ་གསུངས། དེ་ནས་རིམ་གྱིས་ཕེབས་ཏེ་གུ་གེ་མཐོ་ལྡིང་དུ་ཕེབས་སུ་ཉེ་བ་ན་ནག་ཚོ་ལོ་ཙཱ་བས་ལྷ་བླ་མ་བྱང་ཆུབ་འོད་ལ་རིང་བོར་མི་ཐོགས་པར་ཇོ་བོ་རྗེ་འཁོར་བཅས་མཐོ་ལྡིང་གསེར་གྱི་ལྷ་ཁང་དུ་འབྱོན་པར་ཡོད་པས་ཐུགས་དགྱེས་པར་ཞུ་ཞུས་པས་ལྷ་བཙུན་ཆེན་པོ་དགྱེས་པའི་མཐར་ཐུག་ནས། ངས་དད་གུས་མ་ལོག་པར་གསོལ་བ་རྒྱུན་དུ་བཏབ་ནས་ཡུན་རིང་སོང་སྟེ་ལྷ་ཅིག་དང་མཇལ་བ་ཡིན། མདང་རྨི་ལམ་ན་ནུབ་ཕྱོགས་ནས་ཉི་མའི་དཀྱིལ་འཁོར་ཆེན་པོ་གཅིག་ཤར་བྱུང་བ་དང་། ཤར་ཕྱོགས་ནས་ཟླ་བའི་དཀྱིལ་འཁོར་ཉ་གང་བ་འདྲ་བ་ཞིག་ཤར་ནས་བྱུང་བས། དེ་གཉིས་ལྷན་ཅིག་འཚོགས་མ་ཐག་སྤྲིན་དང་ཁུ་རྡུལ་ཐམས་ཅད་རང་སར་དེངས། སྐར་ཚོགས་ཐམས་ཅད་ནམ་གུང་བཞིན་དུ་གྲ་མ་ཉམས་པར་ཉི་ཟླ་གཉིས་ལ་འདུད་ཀྱིན་སྣང་བ་རྨིས། ད་ཟླ་བ་དེ་ང་ཡིན་སྙམན་ཡང་། ཤར་ཕྱོགས་མ་གི་ནས་བྱུང་བ་སུ་ཡིན་གང་ཡིན་ཆ་མེད་སུ་ཡིན་ཡང་དེས་གོ་ཆོད་པར་སྣང་། རྨི་ལྟས་ཀྱང་ཤིན་ཏུ་བཟང་གསུངས། དེ་ནས་ཇོ་བོ་རྗེ་གཞིས་བྱེས་ཀྱི་རྟ་པ་ལྔ་བརྒྱ་ཙམ་གྱིས་སྐོར་བའི་དབུས་ན་ཆིབས་མཐོང་སྨོན་རླུང་གཤོག་ལ་ཁྲུ་གང་ཙམ་མ་རེག་པར་ཉི་མའི་དཀྱིལ་འཁོར་ལྟར་ལྷམ་མེ། ཡེ་རེ། ལྷོད་དེ། ཤིག་གེ ཡར་བགྲེས་མ་དྲགས་པ། མར་གཞོན་མ་དྲགས་པ་དང་བ་འདྲེན་པའི་སྒང་དུ་གྱུར་པ། གཙང་ཆོས་ནས་འབྱུང་བ་བཞིན་དུ་པཎ་ཆེན་གྱི་དབུ་ཞྭ་ཤིན་ཏུ་མཛེས་པ་དེས་ནམ་མཁའི་མཐོངས་སྙེག་པ། དཔོན་སློབ་སུམ་ཅུ་རྩ་བཞི་བོ་ཐམས་ཅད་ལྟ་སྤྱོད་དང་ན་བཟའི་ཆ་ལུགས་ཁྱད་པར་མེད་ནའང་། ཇོ་བོའི་ན་བཟའ་དེ་རྡོ་ཚོས་མ་སྣུམ་ང་དྲི་ཞིམ་ལ་མདངས་ཆགས་པ། སྐུ་ཤ་ཆེ་བ་ལྟ་བུ་ལ་བརྗིད་ཆགས་པ། སྐུ་ལུས་དྲང་ཞིང་མཛེས་ལ་སྐབས་ཐམས་ཅད་ཕྱེད་པ། ཕྱག་དང་སོར་མོ་ཐམས་ཅད་ཟླུམ་ཞིང་རྒྱས་པ། བྱིན་གྱིས་ཕྲ་བ། དབུ་སྐྲ་གནག་ཅིང་སྣུམ་ལ་མཚམས་ཕྱེད་པ། དཔྲལ་བའི་དབྱེས་ཆེ་བ། ཐམས་ཅད་ནས་བལྟས་ཀྱང་འཛུམ་ཆགས་པ། སྨིན་མ་བཟང་ལ་མདངས་འབྲེལ་བ། སྣའི་གཟེངས་མཐོ་བ། ཞལ་གྱི་དཀྱུས་ལེགས་པ། མཆུའི་ཆག་ཐོན་པ། སྙན་ཤལ་རིང་ལ་མཛེས་པ། བག་དྲོ་བ། ཟིལ་ཆེ་བ། ཡང་དང་ཡང་དུ་ལྟ་སྙིང་འདོད་པ། དང་བ་འདྲེན་པའི་སྟོབས་ཀྱིས་བལྟས་ནས་མིག་སྡུད་མི་ཤེས་པ། གསུང་ཁྲོལ་ལ་སྙན་པ། གསུང་ཆེ་ལ་དྲང་བ། ལྡབས་ཀྱིན་མི་མཛད་པ། དམ་པའི་ཆོས་ཀྱི་གསུང་ཁོ་ནར་འབྱོན་པ། དད་པ་ཡེ་མེད་པ་དག་གིས་ཐོས་ཀྱང་དད་པ་གློ་བུར་དུ་སྐྱེ་ཞིང་རྒྱུད་དུལ་ཏེ་འགྲོ་བ། ཕྱོགས་ག་ནས་བལྟས་ཀྱང་སངས་རྒྱས་བཅོམ་ལྡན་འདས་ཀྱི་དྲུང་དུ་ལྷ་དང་བཅས་པའི་འཇིག་རྟེན་གྱིས་འདུད་པ་ལྟར་ལྷམ་མེ་ལྷན་ནེ་བསམ་གྱིས་མི་ཁྱབ་པའི་སྐྱབས་སུ་མཆིའོ། །ཞེས་ལན་གསུང་གསུམ་ཐམས་ཅད་ཀྱི་ཁ་ནས་འབྱུང་ཞིང་གཅིག་གིས་གཅིག་ལ་སྟོན་ཅིང་ཙག་སྒྲ་དེ་རི་བྱས་ནས་ངོ་མཚར་ཆེ་འདི་ནི་མི་རང་ག་བ་མིན། སངས་རྒྱས་བཅོམ་ལྡན་འདས་སམ་དེ་ཡིན་ལ་ཆེ་ཟེར་ཞིང་ཐམས་ཅད་རང་ས་ནས་ཤེས་པ་གཟུང་རྒྱུ་མེད་པ་སྐད་ཆེན་པོས་འདོད་དེ། སྐྱབས་སུ་མཆིའོ། །སངས་རྒྱས་བཅོམ་ལྡན་འདས་རྒྱ་གར་ཆོས་ཀྱི་རྒྱལ་བོ་པཎ་ཆེན་ལྔ་བཅུ་རྩ་གཉིས་ཀྱི་གཙུག་གི་ནོར་བུ་རིན་པོ་ཆེ། མགོན་པོ་ཨ་ཏི་ཤ་སངས་རྒྱས་བསྟན་པའི་བདག་པོ། བདག་ཅག་ཀྱི་ཕྱོགས་སུ་དཀའ་ལས་བྱེད་པ་ལྷ་ཁུ་དབོན་ཤིན་ཏུ་བདེན་པར་སྣང་ངོ་། །བོད་ཀྱི་མི་ནོར་ཐམས་ཅད་ཟད་ཀྱང་འགྱོད་པ་མ་མཆིས་སོ། །ཁྱེད་གདན་འདྲེན་པ་ལ་དཀའ་ལས་ཆེན་པོ་འོང་བ་རེ་བདེན། ད་ནི་འཇིག་རྟེན་གྱི་མགོན་པོ་བོད་དུ་བྱོན་ནོ། །ཞེས་ཐམས་ཅད་དད་པས་ཕྱོགས་གཅིག་ཏུ་འུར་བ་དང་། མགོན་པོ་ཨ་ཏི་ཤ་ཡང་ཤིན་ཏུ་མཉེས་ནས་བོད་ཀྱི་སེམས་ཅན་རྣམས་ཁོ་བོ་ལ་འདི་ལྟར་དད་པ་ཆེ་བ། བླ་མ་སངས་རྒྱས་བསྟན་པའི་བདག་པོ་ཐམས་ཅད་ཐེག་པ་ཆེན་པོའི་རིགས་ཅན། ཨེ་མ་ཕན་བདེའི་འབྱུང་གནས་དཀོན་མཆོག་གསུམ། ངའི་གདུལ་བྱ་རྣམས་ལ་ཐུགས་རྗེས་ཟུངས་ཤིག་གསུངས་ནས་ཁྲོམ་ཐམས་ཅད་ལ་གཟིགས་ཤིང་བྱིན་བརླབས་མཛད།
      ལྷ་བླ་མའི་ཨ་ཎི་ལྷ་ཅིག་ཆོས་འབུམ་གྱིས་ཇོ་བོའི་ཞལ་གྱི་དཀྱིལ་འཁོར་ལ་བལྟས་ཏེ་ཐལ་མོ་སྦྱར་ནས་མཁས་པ་འདིའི་ཕྱོགས་སུ་ངའི་མིང་བོ་གསེར་གྱི་རི་རབ་འདྲ་བ་ཅིག་གཤེགས་ཏེ། ང་སེམས་མི་ཁྲལ། མྱ་མི་ངན། མིང་བོ་དེའི་སྲོག་དང་བཎྜི་ཏ་འདི་བརྗེས་པ་ཡིན་ཏེ། བལ་པོ་ན་ཧ་སུ། མངའ་རིས་ན་རིན་བཟང་། ཕྱོགས་ནས་ང་ཆེ་ཟེར་བ་རྣམས་ལ་ངོམ་པ་ཡིན། ངའི་ཚ་བོ་འདི་སྲིན་བུ་འདྲ་བ་ཞིག་བསྐྱངས་པས་ད་ལྟ་སའི་བདག་པོ་སྙིང་རུས་ཆེ་ལ་སྐབས་དོན་ཡོད་པ་འདི་འདྲ་ཞིག་བྱུང་ཟེར་ནས་ལྷ་བླ་མའི་མྱ་ངན་རིས་ནོན་པ་ཙམ་ཡོང་བ་སངས་པ་བྱས། མགུལ་གཡུ་གསེར་སྲང་ལྔ་བཅུ་རི་བ་ཞིག་ཡོད་པ་དེ་མགོན་པོ་ཨ་ཏི་ཤའི་ཕྱག་ཏུ་ཕུལ་ནས། ཐལ་མོ་སྦྱར་ནས་འདི་སྐད་ཟེར། མགོན་པོ་ཨ་ཏི་ཤ་གཡུ་རྡོག་འདི་མཆོད་པར་བཞེས་ལ་ཞུ་བ་འདི་གསོན་དང་། ངའི་མིང་བོ་ལྷ་བླ་མ་ཡེ་ཤེས་འོད་བྱ་བ་དེ་མེས་པོ་ཆོས་ཀྱི་རྒྱལ་བོ་དེ་རྣམས་ཀྱི་ཆོས་ཀྱི་རྣམ་སྲོལ་སྙེག་པ་དང་། སྙིགས་མའི་དུས་འདིར་སངས་རྒྱས་ཀྱི་བསྟན་པ་ལ་ལུས་ལོངས་སྤྱོད་དགེ་བའི་རྩ་བ་རྣམས་ལ་སྤྲུགས་པས། ཁྱེད་ལྟ་བུའི་བླ་མ་དཀོན་མཆོག་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ཀྱི་ཐུགས་རྗེའི་གོ་བར་ནས་སྙིང་སྟོབས་ཅན་དེ་མི་འདོད་པའི་ལག་ཏུ་ཤོར། ད་ནི་མིང་བོ་དེའི་ཚབ་མ་ཁྱེད་ལ་ཞུ་བ་ལགས་པས་སྐྱེ་བོ་ངན་པ་རྣམས་ཀྱི་ལོག་རྟོག་ངན་པ་གཅིག་པུ་སྦྱང་བའི་ཆེད་དུ་ཡང་བོད་དུ་ཡུན་བསྲིངས་ནས་རྒྱུན་དུ་བཞུགས་པ་ཞུ་འཚལ་ཞེས་གསོལ་བ་བཏབ།
      དེ་ནས་ཇོ་བོ་རྗེས་མཐོ་ལྡིང་གསེར་གྱི་ལྷ་ཁང་དུ་ཕེབས། ལྷ་བླ་མས་ཕེབས་སྟོན་རྒྱ་ཆེན་པོ་མཛད། ལོ་ཆེན་རིན་ཆེན་བཟང་བོས་ཀྱང་རང་གི་གནས་གཙུག་ལག་ཁང་དུ་སྤྱན་དྲངས། མཆོད་པའི་དངོས་པོ་ཚད་མེད་པས་མཆོད། དབུ་མ་སྣང་བ་སོགས་ཆོས་མཐའ་ཡས་པ་གསན་ཤིང་། ལྷག་པར་བདེ་མཆོག་གི་དབང་དང་རྗེ་བཙུན་མའི་བྱིན་རླབས་གཉིས་ཞུས། བྱིན་རླབས་ཐོབ་པ་དང་རྟོགས་པ་དང་ཉམས་བཟང་བོ་སྐྱེས། དཔེ་དང་མཆོད་གནས་མ་གཏོགས་པ་ནོར་དངོས་པོ་ཅི་ཡོད་ཇོ་བོ་ལ་ཕུལ་ནས། ཇོ་བོའི་བདེ་མཆོག་དང་རྗེ་བཙུན་མ་ལ་ཐུགས་དམ་གྱི་མཐིལ་མཛད། ཇོ་བོའི་ཞལ་ནས། ངའི་ལོ་ཙཱ་ལ་འགྲོ་དགོས་གསུངས་པ། ལོ་ཙཱ་བས་དབུ་བསྟན་ཏེ། མགོ་བོ་དཀར་བོ་འདི་བཞིན་དུ་སོང་བས་ཁོ་བོ་སྒྲུབ་པ་ཅིག་བྱེད་པར་ཞུ་བ་ཕུལ་བས། ཀྭ་ཡེ་རིན་ཆེན་བཟང་བོ་ཁྱོད་སྒྲུབ་པ་གཤའ་མ་ཅིག་བྱེད་ན་སྐྱེ་བ་སྔ་མ་ཕན་ཆད་ཀྱི་དགེ་བའི་ཆོས་དཔག་ཏུ་མེད་པའི་མཐུ་ནི་ཡོད། དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་ཐོབ་པར་དཀའ་བ་ནི་ཐོབ། སངས་རྒྱས་ཀྱི་བསྟན་པ་དང་ནི་ཕྲད། དེ་སྟོན་པའི་དགེ་བའི་བཤེས་གཉེན་དང་ནི་མཇལ། སྲིད་པའི་ནད་རབ་ཏུ་ཞི་བར་བྱེད་པ་དམ་པའི་ཆོས་ཀྱི་བདུད་རྩིའི་སྨན་ནི་རྙེད། གཏི་མུག་གི་མུན་པ་སེལ་བར་བྱེད་པ་དམ་པའི་ཆོས་ཀྱི་སྒྲོན་མེ་དང་ནི་ཕྲད། སྲིད་པའི་ཆུ་བོ་ལས་སྒྲོལ་བའི་ཐབས་ཤེས་ཀྱི་གྲུ་གཟིངས་རྙེད་པའི་སྐབས་འདིར། སེམས་བྱ་བ་ངན་པ་རྣམས་ཀྱིས་མ་གཡེངས་པར་མཛོད་ཅིག་གསུངས། ལོ་ཆེན་རིན་ཆེན་བཟང་བོས་ཇོ་བོའི་ཞལ་གདམས་དེ་ཐུགས་ལ་བཞག་ནས་སྒྲུབ་ཁང་གི་སྒོ་ལ་ལྕགས་གཟེར་བཏབ་ནས་ཆོས་སྟོན་བུག་པ་གཅིག་ནས་ཚུར་བླངས། སྒོའི་ཡ་ཐེམ་ལ་གནས་ཁང་འདིའི་ནང་དུ་ཐ་མལ་བའི་རྟོག་པ་སྐྱེས་ན་ཆོས་སྐྱོང་བའི་སྲུང་མ་རྣམས་ཀྱིས་མགོ་བོ་ཁོས་བྱ་བ་བྲིས་ནས་ཇོ་བོ་ཐེགས་རྗེས་ལོ་བཅུའི་བར་དུ་སྒྲུབ་པ་རྩེ་གཅིག་ཏུ་མཛད་པས། བདེ་མཆོག་གི་དཀྱིལ་འཁོར་མངོན་སུམ་དུ་གཟིགས་སོ། །
      དེ་ནས་ལྷ་བླ་མ་བྱང་ཆུབ་འོད་ཀྱིས་ཇོ་བོ་རྗེ་ལ་གསོལ་བ་འདི་ལྟར་བཏབ་སྟེ་བྱང་ཕྱོགས་ཁ་བ་ཅན་གྱི་ལྗོངས་འདིར་སྔོན་དུས་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱིས་དཀའ་བ་བརྒྱ་ཕྲག་དུ་མའི་སྒོ་ནས་སངས་རྒྱས་ཀྱི་བསྟན་པ་བཙུགས་ལུགས། དེ་ནས་གླང་དར་གྱིས་བསྟན་པ་བསྣུབས་ལུགས། དེ་ནས་རང་གི་ཡབ་མེས་མངའ་རིས་ཆོས་རྒྱལ་རྣམས་ཀྱིས་ལུས་སྲོག་ཁྱད་དུ་བསད་ནས་བོད་འདིར་སངས་རྒྱས་ཀྱི་བསྟན་པ་བཙུགས་ཀྱང་ལོག་པར་སྨྲ་བ་མང་བོས་བསྟན་པ་ཆལ་ཆོལ་དུ་སོང་ཚུལ་སོགས་སྤྱན་མཆི་མ་འཁྲུག་བཞིན་དུ་ཞིབ་ཏུ་ཞུས་ནས་ད་ཇོ་བོ་ཐུགས་རྗེ་ཅན་ཁྱོད་ཀྱིས་བོད་ཀྱི་གདུལ་བྱ་དམུ་རྒོད་ཅན་འདི་རྣམས་ལ་ཆོས་ཟབ་ཟབ་མོ་དང་། མཚར་མཚར་པོ་མི་འཚལ་གྱི་ལས་རྒྱུ་འབྲས་ཀྱི་ཆོས་ཀྱིས་བསྐྱང་བར་ཞུ། ལྷག་པར་རྒྱལ་བའི་གསུང་རབ་དགོངས་འགྲེལ་དང་བཅས་པ་ཐམས་ཅད་ཧྲིལ་གྱིས་དྲིལ་བ་ཉམས་སུ་བླང་བདེ་བ་བོད་སྤྱི་ལ་ཕན་པའི་ཆོས་ཞིག་ཐུགས་རྗེས་འཛིན་པ་ཞུ། ཞེས་ཞུས་པས་ཞུ་བ་དེ་ལ་ཇོ་བོ་རྗེ་ཤིན་ཏུ་དགྱེས་ནས། དུས་གསུམ་རྒྱལ་བ་ཐམས་ཅད་དག་དང་དེ་ཡི་ཆོས། །དགེ་འདུན་རྣམས་ལ་གུས་པ་ཆེན་པོས་ཕྱག་བྱས་ཏེ། །སློབ་མ་བཟང་བོ་བྱང་ཆུབ་འོད་ཀྱིས་བསྐུལ་གྱུར་པས། །བྱང་ཆུབ་ལམ་གྱི་སྒྲོན་མ་རབ་ཏུ་གསལ་བར་བྱ། །ཞེས་སོགས་བྱང་ཆུབ་ལམ་གྱི་སྒྲོན་མ་མཛད། ཇོ་བོས་མངའ་རིས་གུ་གེར་བྱང་ཆུབ་ལམ་གྱི་སྒྲོན་མ་མཛད་པ་ན་ཇོ་བོའི་ཐུགས་བསྐྱེད་ལྷག་པར་བཟང་བའི་མཐུས། ཇི་ལྟར་ཉི་མ་ཤར་བ་ན། འུག་པ་དང་སྲིན་བྱ་སོགས་འབྱུང་བོའི་བྱ་རྣམས་སྒྲ་མི་གྲག་པར་རང་རང་གི་ཁུང་བུར་ཡིབ་པ་ཇི་ལྟ་བར་རྩིང་སྤྱོད་ཅན་མཐའ་དག་རེ་ཤིག་ནུབ་པ་ཞིག་བྱུང་ཞེས་སྔོན་གྱི་མཁས་པ་རྣམས་གཏམ་དུ་གླེང་ངོ་། །
      དེ་ནས་ཇོ་བོ་རྗེ་ཉིད་བོད་དབུས་གཙང་གི་མཐིལ་དུ་ཕེབས་ནས་རྒྱལ་བའི་བསྟན་པ་རྒྱ་ཆེར་སྤེལ་བར་བཞེད་ཅིང་དོན་དེ་ལྟར་དུ་ངེས་མོད་ཀྱང་། ཇོ་བོ་རྒྱ་གར་ནས་འབྱོན་དུས་བི་ཀ་མ་ལ་ཤཱི་ལའི་གནས་བརྟན་གྱིས་ནག་ཚོ་ལོ་ཙཱ་བ་ལ་འཕགས་ཡུལ་གྱི་བསྟན་པའི་བདག་པོ་ཇོ་བོ་རྗེ་འདི་བོད་དུ་རྒྱུན་རིང་བཞུགས་མི་ཆོག་པས་ལོ་གསུམ་གྱི་ཁོངས་སུ་ཚུར་བསྐྱེལ་ཐུང་བ་བགྱི་དགོས། དེ་ལྟར་མ་བྱས་ན་ལོ་ཙཱ་ཁྱོད་ཀྱི་ཆོས་དམ་ཚིག་གི་འབྲེལ་བ་ཉམས་སོ་ཞེས་དམ་ཚིག་ལ་བཀར་ཏེ་ལོ་ཙཱ་བས་ཁས་ལེན་བྱེད་དགོས་བྱུང་བས། ལོ་ཙཱ་བས་རྒྱ་གར་དུ་ད་འབྱོན་དགོས་ཞེས་བསྐུལ། ཇོ་བོས་ཀྱང་འབྱོན་པ་ལྟར་བྱས་ཏེ་པུ་ཧྲེང་དུ་ཕེབས། ཇོ་བོ་ལ་སྔར་ནས་རྗེ་བཙུན་སྒྲོལ་མས་བོད་དུ་དགེ་བསྙེན་ཆེན་པོ་ཞིག་ལ་བརྟེན་ནས་བསྟན་པ་ལ་ཕན་པ་རྒྱ་ཆེན་པོ་འོང་ཞེས་ཡང་དང་ཡང་དུ་གསུངས་ཤིང་། དེ་སྐབས་ཀྱང་དགེ་བསྙེན་མྱུར་དུ་འོང་ཞེས་ཡང་ཡང་གསུང་བས་ཇོ་བོ་རྗེས་ཉིན་ལྟར་བྱ་ར་མཛད་ཅིང་། ངའི་ཨུ་པ་སི་ཀ་མ་བྱུང་ཏཱ་རེ་བརྫུན་ནི་ཅང་གསུང་ངམ་ཞེས་གསུང་བར་མཛད། ཉིན་གཅིག་སྦྱིན་བདག་ཅིག་གིས་ཇོ་བོ་གདན་དྲངས་པའི་ཤུལ་དུ་འབྲོམ་རིན་པོ་ཆེ་ཕེབས་ཇོ་བོའི་གཟིམ་ཁང་དུ་ཕེབས་པ་ན། ཇོ་བོ་ད་ལྟ་སྦྱིན་བདག་ཞིག་གིས་གདན་དྲངས་སོང་བས་ད་ལྟ་ཕེབས་ཡོང་ཞེས་བརྗོད་པ་ན། འབྲོམ་རིན་པོ་ཆེས་ང་ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་དང་མཇལ་བ་སྐད་ཅིག་མ་སྔ་ཕྱི་ལའང་སྔ་མ་འདེམས་པས་སྒུག་མི་ཐུབ་གར་བཞུགས་ཀྱི་སར་འགྲོ་ཞེས་ཕེབས་པས་སྲང་བར་ཞིག་ཏུ་མཇལ། འབྲོམ་རིན་པོ་ཆེས་རྐྱང་ཕྱག་མཛད་དེ་ཇོ་བོའི་སྐུ་མདུན་དུ་ཕེབས་པ་ན་ཇོ་བོ་རྗེས་འབྲོམ་གྱི་དབུ་ཐོག་ཏུ་ཕྱག་བཞག་ནས་སཾ་སྐྲྀ་ཏའི་སྐད་དུ་ཤིས་བརྗོད་མང་དུ་མཛད། དེ་ཉིན་སྦྱིན་བདག་དེ་ལ་ངའི་ཨུ་པ་སི་ཀའི་སྐལ་བ་དགོས་ཞེས་བསྣམས་ནས་ཡོད་པ་དེ་གནང་། ཇོ་བོ་རྗེ་ནི་སྐུ་ཚེ་ཧྲིལ་བོ་ཤ་མི་བཞེས་པར་དཀར་སྔོར་མཛད་པ་ཡིན་པས་དེ་ཉིན་གྱི་སྟོན་སྐལ་དེ་ལ་ཟན་དང་མར་སྦྲགས་ནས་ཡོད་པ་འབྲོམ་གྱིས་ཟན་དེ་བཞེས་མར་དེ་མ་བཞེས་པར་མར་མེ་ཀོང་བུ་མཚན་ཐུབ་ཅིག་བཟོས་ནས་ཇོ་བོའི་དབུ་སྔས་སུ་ཕུལ། དེ་ནས་བཟུང་སྟེ་སྐུ་ཚེ་ཧྲིལ་བོ་ཇོ་བོའི་དབུ་སྔས་སུ་མར་མེ་མཚན་ཐུབ་རྒྱུན་མི་ཆད་པ་ཕུལ་བ་ཡིན་གསུང་། ཇོ་བོས་འབྲོམ་ཕེབས་པ་མཁྱེན་ནས་བུམ་པ་བསྒྲུབས་ཟིན་པས་མཇལ་བའི་ནུབ་མོ་དེ་རང་འབྲོམ་རིན་པོ་ཆེ་ལ་དབང་བསྐུར་སྲས་ཀྱི་ཐུ་བོར་བཟུང་ངོ་། །
      དེ་ནས་པུ་རེངས་ནས་རིམ་གྱིས་ཕེབས་ཏེ་མང་ཡུལ་སྐྱིད་གྲོང་དུ་ཕེབས། དེའི་ཚེ་ཇོ་བོ་རྗེ་ཉིད་ཀྱི་ཐུགས་བསྐྱེད་དང་བོད་ཀྱི་གདུལ་བྱ་རྣམས་ཀྱི་བསོད་ནམས་ཀྱིས་ཇོ་བོ་རྗེ་སྐྱིད་གྲོང་ནས་བལ་བོ་རྫོང་བརྒྱུད་དེ་རྒྱ་གར་ལ་གདན་འདྲེན་རྩིས་བྱས་ཀྱང་བལ་བོ་རྫོང་དུ་དུས་འཁྲུག་ལངས་པས་དམག་ཟིངས་ཆེན་པོས་ལམ་འགགས་ནས་སྐྱིད་གྲོང་དུ་ལོ་གཅིག་བཞུགས། འབྲོམ་རིན་པོ་ཆེས་ཐབས་མཁས་ཀྱིས་ཇོ་བོའི་སྙན་དུ་བོད་ན་སྐུ་གསུང་ཐུགས་རྟེན་མཐའ་ཡས་པ་ཡོད་ཚུལ་དང་དགེ་འདུན་གྱི་སྡེ་མང་བོ་ཆགས་ཏེ་དགེ་འདུན་སྟོང་ཕྲག་མང་བོ་ཡོད་ཚུལ་སོགས་ཞུས་པ་ན་ཇོ་བོ་དགྱེས་ནས་བོད་ལ་ཞལ་གཟིགས་ཏེ་ཕྱག་ཐལ་མོ་སྦྱར་དགེ་འདུན་དེ་སྙེད་བཞུགས་ན་དགྲ་བཅོམ་པ་ཡང་ཡོད་ངེས། བྱང་ཆུབ་སེམས་དཔའ་ཡང་མང་བོ་ཡོད་དུ་ངེས་གསུངས་ནས་མཉེས་མཉེས་མཛད། བོད་དུ་འབྱོན་པར་བཞེད་པ་ན་འབྲོམ་རིན་པོ་ཆེས་དབུས་ཕྱོགས་ཀྱི་དགེ་འདུན་གྱི་སྡེ་རྣམས་སུ་འཕྲིན་ཡིག་བརྫངས་ཏེ། དེའི་ཚེ་དབུས་ན་བསྟན་པའི་ཁུར་བཞེས་པའི་བཤེས་གཉེན་ཆེ་བ་སྔོག་ལེགས་པའི་ཤེས་རབ་དང་། ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་སོགས་མང་དུ་བཞུགས་ཡོད་ཀྱང་ཞུ་ཡིག་གི་གཉེར་ཁ་ཀ་བ་ཤཱཀྱ་དབང་ཕྱུག་ལ་གཏད་དེ་བོད་ཀྱི་བླ་ཆེན་མི་ཆེན་རྣམས་ཀྱིས་ཇོ་བོ་ཨ་ཏི་ཤ་གདན་འདྲེན་པར་སྟོན་དུས་ཚུལ་ལ་འབྱོར་པ་ཅིས་ཀྱང་མཛོད་ཅེས་ཞུ་འཕྲིན་ཕུལ་བ་དགེ་བཤེས་ཀ་བས་བོད་ཀྱི་བླ་ཆེན་རྣམས་ལ་བརྡ་བྱས་ཏེ་ཐམས་ཅད་བློ་མཐུན་པར་མང་ཡུལ་སྐྱིད་གྲོང་ཕྱོགས་སུ་ཇོ་བོ་གདན་འདྲེན་དུ་འབྱོན་པའི་གྲབས་བྱས་པ་ན། ཁུ་སྟོན་གྱིས་སོགས་ཁོངས་སུ་འཇོག་པའི་མི་དེ་ང་མིན་པས་སྔོན་ལ་ཕྱིན་ནས་ཇོ་བོ་གདན་འདྲེན་ཐུབ་པ་ཞིག་བྱེད་གསུངས་ནས་སྔོན་ལ་ཕེབས་པ་ན་གཞན་ཐམས་ཅད་ལ་ལྕག་བཏབ་པ་ལྟར་ཐམས་ཅད་འུར་ལངས་ཀྱིས་འཕྲལ་དུ་ཐོན་ཏེ་ཕེབས་བསུ་ལ་འཛོམས། ཇོ་བོ་རྗེས་སྐྱིད་གྲོང་དུ་ལོ་གཅིག་བཞུགས་རིང་དེ་ལ་གཙོ་བོར་རང་བྱུང་འཕགས་པའི་ལྷ་ཁང་དུ་སྐལ་བ་དང་ལྡན་པ་མང་བོ་ལ་ཆོས་ཀྱི་འཁོར་ལོ་བསྐོར། རང་བྱུང་འཕགས་པའི་བྱང་རི་ནགས་ཁྲོད་ཕུན་སུམ་ཚོགས་པ་ཞིག་ཡོད་པའི་ངོས་ལ་ཕེབས་ཏེ་གནས་དེར་སངས་རྒྱས་ཀྱི་བསྟན་པ་དར་བའི་རྟེན་འབྲེལ་བསྒྲིགས། ཇོ་བོས་གནས་དེར་བྱོན་ནས་བྱིན་གྱིས་བརླབས་སོ་ཞེས་ཕྱི་མའི་སྐྱེ་བོ་རྣམས་ལ་སྣང་བར་བྱ་བའི་ཕྱིར་རྡོ་ལ་ཕྱག་མཛུབ་ཀྱིས་མ་ཎི་བྲིས་ཏེ་བཞག་པས་གནས་དེ་ལ་མ་ཎི་ལ་ཁ་ཞེས་མིང་ཆགས། གནས་དེ་ནི་དེང་སང་བཀྲ་ཤིས་བསམ་གཏན་གླིང་གི་སྒྲུབ་སྡེ་ཆགས་པའི་གནས་འདི་ཡིན་ཏེ། མ་ཎི་ཇོ་བོའི་ཕྱག་བྲིས་མ་དེ་ནི་དེང་སང་ཡང་བལྟར་ཡོད་དོ། །དེ་ལ་ཇོ་བོས་དབྱར་གནས་མཛད་པའི་ས་དེ་ལ་གནས་ཞེས་མིང་དུ་ཆགས། དེར་ཇོ་བོས་སྐལ་བ་དང་ལྡན་པ་མང་བོ་ལ་ཆོས་སྟོན་པར་མཛད། ཡང་ཇོ་བོས་སྐལ་ལྡན་མང་བོ་ལ་ཆོས་འཁོར་རྒྱ་ཆེར་བསྐོར་བའི་གནས་ལ་ཆོས་འཁོར་ཞེས་མིང་ཆགས་ཏེ། དེང་སང་ཡང་གྲ་ཆོས་འཁོར་དང་ལ་ལྡབས་ཆོས་འཁོར་ཞེས་མིང་དུ་ཆགས་ཤིང་ཡུལ་དེ་དང་དེ་དག་ན་གནས་པའི་སྐྱེ་བོ་རྣམས་ཇོ་བོ་རྗེ་ལ་གསོལ་བ་འདེབས་པ་ལྷུར་བྱེད་དོ། །
      དེའི་ཚེ་ནག་ཚོ་ལོ་ཙཱ་བ་ཇོ་བོ་རྒྱ་གར་ལ་འཕྲལ་དུ་སྤྱན་འདྲེན་ནི་མ་ཐུབ། བི་ཀ་མ་ལ་ཤཱི་ལའི་གནས་བརྟན་གྱིས་དམ་ཚིག་ལ་བཀར་བ་དྲན་ནས་ཡིད་སློང་སློང་བོར་གྱུར་པ་ན་ཇོ་བོ་རྗེས་མཁྱེན་ནས། ལོ་ཙཱ་བ་དེ་ཙམ་གྱི་སེམས་ངལ་བྱ་མི་དགོས་སྒྲུབ་པར་མ་ནུས་པ་ལ་ཉེས་པ་མེད་གསུངས་པ་ན། ལོ་ཙཱ་བ་གཏིང་ཐག་པ་ནས་དགའ་ཞིང་མགུ་སྟེ་དེ་ལྟར་ན་ཇོ་བོ་བོད་ལ་འབྱོན་པར་ཞུ་ཞེས་གསོལ་བ་བཏབ། དེ་ནས་དབུས་གཙང་གི་བླ་ཆེན་མི་ཆེན་རྣམས་ཀྱི་བསུ་བ་སླེབས། དེའི་ཚེ་བོད་ཀྱི་བླ་མ་ཆེན་པོ་རྣམས་ཀྱིས་བོད་ཀྱི་གཟབ་འཕྱོར་གྱི་ཆས་བསེ་ཐེབ་དང་རྟ་ཕྱིང་གྱོན་རྟ་བཟང་བོ་ལ་ཆིབས་ནས་འོངས་པ་ན་ཇོ་བོས་རྒྱང་རིང་བོ་ནས་གཟིགས་མ་ཐག ཨུ་པ་སི་ཀ་འདྲེ་མང་བོ་སླེབས་བྱུང་ཅི་ཡིན་ཞེས་དབུ་ན་བཟས་གཏུམས་ནས་བཞུགས། དེ་ནས་འབྲོམ་རིན་པོ་ཆེས་བོད་ཀྱི་བླ་ཆེན་རྣམས་ལ་རབ་བྱུང་གི་ཆས་རྣམ་དག་མཛད་ནས་བྱོན་ཞེས་ཞུས་ནས་ཐམས་ཅད་ཀྱིས་ཆོས་གོས་རྣམ་པ་གསུམ་ལེགས་པར་བགོས་ཏེ་ཕེབས་པ་ན་ཇོ་བོ་མཉེས་ནས་བཞེངས་ཏེ་ཕྱག་ལན་མཛད། དེ་ནས་རིམ་གྱིས་གཙང་ཕྱོགས་ལ་ཕེབས་ཏེ་དཔལ་ཁུད་ཐང་དུ་མར་བ་ལོ་ཙཱ་རྒྱ་གར་དུ་བརྟིང་མ་ཕེབས་པ་དང་མཇལ། མར་བས་ཇོ་བོའི་ཞབས་སྤྱི་བོར་བླངས་ཏེ་ཆོས་ཞུས། ཇོ་བོས་ངའི་ལོ་ཙཱ་ལ་འགྲོ་གསུངས་པས། ད་རེས་ཅིས་ཀྱང་རྒྱ་གར་དུ་ཕྱིན་ཆོག་པ་དགོས་སླར་མཇལ་ཆོག་པ་ཞུ་ཞེས་ཞུས། དེ་ནས་རིམ་གྱིས་ཕེབས་ཏེ་ས་སྐྱའི་ཐད་དུ་ཕེབས་པ་ན། ས་སྐྱ་ལ་ཕྱག་མཛུབ་གཏད་དེ་གནས་འདིར་འཇམ་དབྱངས་ཀྱི་སྤྲུལ་བ་བདུན་འབྱུང་ཞེས་ལུང་བསྟན། དེ་ནས་རྒྱང་དུ་ཕེབས་གནས་དེའི་དགེ་འདུན་རྣམས་ལ་ཆོས་མང་དུ་གནང་། དེར་འབྲོག་མི་ལོ་ཙཱ་བས་ཇོ་བོའི་ཞབས་ལ་གཏུགས། བསྙེན་བཀུར་ཕུན་སུམ་ཚོགས་པ་མཛད། དེ་ནས་རིམ་གྱིས་ཕེབས་ཏེ་སྣར་ཐང་གི་ཐད་དུ་ཕེབས་པ་ན་གནས་འདིར་འཕགས་པའི་གནས་བརྟན་གྱི་སྤྲུལ་བ་འབྱུང་ཞེས་ལུང་བསྟན། དེ་ནས་ཚོང་འདུས་སུ་ཕེབས་ཏེ་ཞྭ་ལུ་མཐིལ་གྱི་ལྷ་ཁང་དང་། ཁྱད་པར་རི་སྦུག་ཏུ་བཞུགས་ནས་ཆོས་མང་དུ་གསུངས་ཤིང་བྱིན་གྱིས་བརླབས། དེ་ནས་མྱང་སྟོད་ཉན་ཚོར་བྱོན་ནས་དབྱར་གནས་མཛད། དབྱར་ཟླ་བ་གསུམ་གྱི་རིང་ལ་ཕྱོགས་ཕྱོགས་ནས་འདུས་པའི་དད་ལྡན་མང་བོ་ལ་ཆོས་རྒྱ་ཆེར་བསྩལ། ཡོལ་ཆོས་དབང་། ཡོལ་དྲང་སྲོང་། ཡོལ་ཐོག་འབེབས་གསུམ་དང་། རྗེ་འགོས་ལོས་ཀྱང་གནས་དེར་ཕེབས་ནས་ཇོ་བོའི་ཞབས་ལ་གཏུགས། དགེ་བའི་བཤེས་གཉེན་དགོན་པ་བས་ཀྱང་གནས་དེར་ཕེབས་ནས་ཇོ་བོའི་ཞབས་ལ་གཏུགས་ཏེ་ཇོ་བོའི་མཆོད་གནས་མཛད། དབྱར་གནས་གྲོལ་ནས་རོང་བརྒྱུད་དབུས་སུ་ཕེབས། གན་པ་བྱང་ཐང་དུ་ཕེབས་པ་ན་ལྷ་སའི་ཐད་ཀྱི་རི་ལ་ཕྱག་མཛུབ་གཏད་ནས་ཕ་གི་ན་ཅི་ཡོད་པ་ཡིན་གསུང་། ལྷ་སའི་གཙུག་ལག་ཁང་བདོག་པ་ལགས་ཞུས་པས། དེ་ཐད་འཇའི་གུར་གསུམ་བརྩེགས་འདུག ལྷའི་བུ་དང་བུ་མོ་མང་བོས་མཆོད་པ་བྱེད་ཀྱི་འདུག་གསུང་། དེ་ནས་ཆོས་འཁོར་བསམ་ཡས་སུ་ཕྱགས་ཕེབས། ལྷ་བཙུན་བོ་དྷི་རཱ་ཛས་ཞབས་ཏོག་ལེགས་པར་མཛད། བོད་ཀྱི་མི་ཆེན་མང་བོའང་འདུས་པ་ལ་ཆོས་རྒྱ་ཆེར་བསྩལ། བསམ་ཡས་སུ་ཇོ་བོས་ལྷ་ཁང་ལ་ཐོགས་མེད་དུ་བྱོན་པ་དང་། ཞབས་ས་ལ་མ་རེག་པར་བསྐོར་བ་མཛད་པ་སོགས་རྫུ་འཕྲུལ་མང་བོ་བསྟན་ཏེ་ཕྱོགས་དེའི་གདུལ་བྱ་རྣམས་མི་ཕྱེད་པའི་དད་པ་ལ་བཀོད་དོ། །
      དེ་ནས་ཁུ་སྟོན་གྱིས་ཡར་ཀླུངས་སུ་སྤྱན་དྲངས། ཐང་བོ་ཆེར་ར་ཁྲི་བཟང་བྱ་བས་བརྩིགས་པའི་ར་བརྩིགས་ཁང་བར་བཞུགས། ཆོས་མང་དུ་གསུངས། དེར་འབྲོམ་གྱིས་ཀྱང་སྤྱན་སྔར་བྱོན། ཁུས་ཞབས་ཏོག་བཟང་བ་ཁོ་ན་མ་བྱུང་བས། དཔོན་སློབ་རྣམས་བྲོས་ཏེ་མྱང་བོའི་གྲུ་ལ་ཞུགས་པ་ན། ཁུ་སྟོན་གྱིས་ཀྱང་རྗེས་བསྙེགས་སུ་བསླེབས་ནས་ཨ་ཏི་ཤ་དེར་བཞུགས་ཞེས་སྐད་ཆེན་པོ་བཏང་། ཞུ་བ་བྱས་ཀྱང་མ་གསན་པར། དབུ་ཞྭ་ཕྱིར་བྱིན་རླབས་ཀྱི་རྟེན་དུ་འཕངས། དེ་ནས་འོན་གྱི་ལྷ་ཁང་ཀེ་རུང་ཟླ་བ་གཅིག་བཞུགས། དེའི་རྩིག་ངོས་ལ་ཉིད་ཀྱི་སྐུ་འདྲ་གཅིག་བྲི་བར་མཛད་དེ། དེང་སང་ཡང་མཆོད་པའི་གནས་སུ་གྱུར། དེ་ནས་བསམ་ཡས་སུ་ཕེབས་ནས་པེ་ཧར་གླིང་དུ་བཞུགས། རྒྱ་དཔེ་མང་བོ་འདུག་པ་གཟིགས་པས། ཤིན་ཏུ་དགྱེས་ཏེ་སྔོན་བོད་དུ་བསྟན་པ་བྱུང་བ་འདྲ་བ་རྒྱ་གར་དུ་ཡང་བྱུང་བ་དཀའ་གསུངས། བྱང་ཆུབ་ཆེན་པོ་གཟིགས་པས་མ་ཧཱ་བོ་དྷི་དང་ཁྱད་མི་སྣང་གསུངས། གནས་དང་གཙུག་ལག་ཁང་ལ་ཐུགས་ཤིན་ཏུ་དགྱེས། དེ་ནས་བང་སྟོན་གྱི་བསུ་བ་རྟ་བ་ཉིས་བརྒྱ་ཙམ་སླེབས་ཏེ་དཔོན་གཡོག་རྣམས་རྒོད་དཀར་ལ་ཐེགས། སྲིའི་རྒྱ་ཕིབས་སུ་ཟླ་བ་ཕྱེད་བཞུགས།
      དེ་ནས་རྔོག་ལེགས་པའི་ཤེས་རབ་ཀྱིས་ལྷ་ས་འཕྲུལ་སྣང་དུ་སྤྱན་དྲངས། བསུ་བ་མཛད་པའི་དུས་སུ་ཇོ་བོ་ཐུགས་རྗེ་ཆེན་པོས་ཀྱང་བསུ་བ་མཛད་དེ། མི་རེང་སྐྱ་བོ་ཞིག་བྱུང་ནས། མ་ཧཱ་པཎྜི་ཏ་བྱོན་པ་ལེགས་སོ། །རྒྱལ་བར་གྱུར་ཅིག་གསུངས་ནས་བཞུད་པས། ཇོ་བོས་ཆིབས་ལས་བབས་ཏེ་བརྒྱུགས་པས་མ་ཟིན། དེ་ལྟར་མཛད་པ་ཅི་ལགས་ཞུས་པས། ཁྱེད་ཀྱིས་མི་རེང་སྐྱ་བོ་དེ་མཐོང་ངམ་གསུངས། མཐོང་ལགས་ཞུས་པས། དེ་ངའི་ཡི་དམ་ཐུགས་རྗེ་ཆེན་པོ་ཡིན། ཕྱག་བྱ་བར་འདོད་ནས་བརྒྱུགས་པས་མ་ཟིན་གསུངས། འཕྲུལ་སྣང་གི་ཐུགས་རྗེ་ཆེན་པོ་འདི་ལས་ངོ་མཚར་ཆེ་བ་མེད། ཐུགས་རྗེ་ཆེན་པོ་དངོས་ཡིན་གསུངས། ཇོ་བོ་ཤཱཀྱ་མུ་ནེ་གཟིགས་པས་སྤྲུལ་བའི་སྐུ་དངོས་ཡིན་གསུངས་ནས་རྒྱ་གར་གྱི་ལྷ་བཟོ་བ་མཁས་པ་གཅིག་ལ་འདི་ཁོ་ན་འདྲ་བ་ཞིག་བཞེངས་ཤིག་གསུངས་ནས་བཞེངས་སུ་བཅུག ཆོས་རྒྱལ་བྱང་ཆུབ་སེམས་དཔའ་དེས་སྤྲུལ་བའི་གཙུག་ལག་ཁང་ཆེན་པོ་འདི་ལྟ་བུ་བཞེངས་པའི་ལོ་རྒྱུས་ཤིག་འོང་ངམ་སྙམ་དུ་དགོངས་པའི་ཚེ། སྤྲང་མོ་སྨྱོན་མ་བྱ་བ་གཅིག་ན་རེ་གཙུག་ལག་ཁང་འདི་ཇི་ལྟར་བཞེངས་པའི་ལོ་རྒྱུས་འཚལ་ལམ་ཟེར། དེ་རང་བཞིན་གྱི་རྣལ་འབྱོར་མར་མཁྱེན་ནས་ཡིད་ཀྱིས་ཕྱག་དང་མཆོད་པ་བྱས་ནས་ཅིས་ཀྱང་འཚལ་ལགས་ཞུས་པས། འོ་ན་ཀ་བ་བུམ་པ་ཅན་ནས་འདོམ་ཕྱེད་དང་གསུམ་གཞལ་བའི་ས་ན་ཡོད། གཞན་ལ་མ་སྨྲ་ཞིག་གསུངས། དེ་ཇོ་བོས་རྙེད་པས་གཏེར་སྲུང་གཉན་པོ་ཞིག་འདུག་པ་ན་རེ། དེ་རིང་ཇི་ཙམ་ཟིན་པ་ཞིག་འདྲིར་གནང་གི་ཟེར་བས། རྣལ་འབྱོར་པས་དབུ་མཛད་སྟོན་པ་བཞི་གས་བྲིས་པས་ལྷག་བག་ཙམ་ཞིག་ལུས་གསུངས་སོ། །
      དོན་འདི་ལ་དགོངས་ནས་ཇོ་བོའི་བསྟོད་པ་སུམ་ཅུ་བ་ལས། གང་དུ་རྒྱལ་བོས་བཀའ་ཆེམས་གཏེར་དུ་སྦས། །མཁའ་འགྲོས་གཏེར་ཁ་ཕྱེ་ནས་ཁྱོད་ལ་བསྟན། །ཤཱཀྱ་མུ་ནེའི་འཇའ་ས་ཁྱོད་ཀྱི་དྲིན། །ཇོ་བོ་བཀའ་དྲིན་ཅན་ལ་གསོལ་བ་འདེབས། །ཞེས་གསུངས། ལྷ་སར་དགུན་གཅིག་བཞུགས། ཆོས་ཀྱང་དེར་གསུངས་པ་རྣམས་ཟབ། གཞན་ཡང་རྟགས་ཁྱད་པར་དུ་འཕགས་པ་མང་བོ་བྱུང་གསུངས། དེའི་དབྱར་རྔོག་བྱང་ཆུབ་འབྱུང་གནས་ཀྱིས་སྤྱན་དྲངས་ནས་ཡེར་བར་བཞུགས། འགྲོ་བའི་དོན་རྒྱ་ཆེར་མཛད། ཀ་བ་ཤཱཀྱ་དབང་ཕྱུག་གིས་འཕན་ཡུལ་དུ་སྤྱན་དྲངས། ལན་པ་སྤྱིལ་བུར་བཞུགས་ཆོས་མང་དུ་གསུངས། དེ་ནས་ཡེར་བར་བྱོན། དེའི་དུས་སུ་བང་སྟོན་གྱིས་སྤྱན་འདྲེན་བྱུང་སྟེ་ཕྱིར་ལམ་ལྷ་ས་བརྒྱུད་སྙེ་ཐང་དུ་ཕེབས། དེའི་ཚེ་འབྲོམ་རིན་པོ་ཆེས་དུས་གསུམ་གྱི་རྒྱལ་བ་ཀུན་གྱི་བགྲོད་པ་གཅིག་པའི་ལམ་པོ་ཆེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་སྡེ་རིན་པོ་ཆེའི་དགོངས་དོན་གཅིག་པའི་ལམ་པོ་ཆེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་སྡེ་རིན་པོ་ཆེའི་དགོངས་དོན་བྱང་ཆུབ་ལམ་གྱི་རིམ་པའི་དཀའ་གནས་རྣམས་ལ་ཉིན་མཚན་ཀུན་ཏུ་དྲི་གཏུགས་ནར་མར་མཛད་ཅིང་། སངས་རྒྱས་འཇིག་རྟེན་དུ་བྱོན་པ་ཇི་ལྟ་བར་ལྷ་མི་བགྲང་བ་ལས་འདས་པ་ལ་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་བ་ན་དཀར་ཕྱོགས་ཀྱི་ལྷ་རྣམས་དགའ་ཞིང་མགུ་ནས་མཆོད་ཅིང་བསྙེན་བཀུར་བ་དང་། ཆེད་དུ་བརྗོད་པའི་དབྱངས་རྒྱ་ཆེར་བསྒྲགས་ཤིང་ལྷའི་དབང་བོ་བརྒྱ་བྱིན་གྱིས་རིན་པོ་ཆེ་སྣ་ལྔའི་མེ་ཏོག་གི་ཆར་བ་ཕབ་པ་སོགས་ངོ་མཚར་བའི་ལྟས་བསམ་གྱི་མི་ཁྱབ་པ་བྱུང་ངོ་། །
      དེ་ནས་ཡེར་བ་ལྷ་རི་སྙིང་བོའི་མགུལ་དུ་ཕེབས་ནས་ཇོ་བོ་ཡབ་སྲས་ཀྱིས་ལོ་གསུམ་གྱི་རིང་ལ་བྱང་ཆུབ་ལམ་གྱི་རིམ་པའི་དབུ་བཤེས་གཉེན་བསྟེན་ཚུལ་ནས་མཐར་འབྲས་བུ་ཟུང་འཇུག་གྲུབ་པའི་བར་གྱིས་ལམ་འབྲས་བུ་དང་བཅས་པའི་དཀའ་བའི་གནས་རྣམས་ལ་བརྒལ་ཞིང་བརྟག་པ་དང་ལུང་དང་རིགས་པས་མཐའ་གཅོད་པར་མཛད་ཅིང་། བྱང་ཆུབ་ལམ་གྱི་རིམ་པའི་སྙིང་བོའི་ཡང་སྙིང་བོ་བཀའ་གདམས་ལྷ་ཆོས་བདུན་ལྡན་གྱི་མན་ངག་གསང་བ་ལས་ཀྱང་ཆེས་ཆེར་གསང་བ། ཐིག་ལེ་བཅུ་དྲུག་གི་དབང་དང་གདམས་ངག་རྣམས་གནང་སྟེ། དེའི་ཚེ་རྗེ་བཙུན་སྒྲོལ་མའང་རྒྱུན་དུ་དངོས་སུ་བྱོན། བརྒྱུད་པ་གསུམ་གྱི་བླ་མ་རྣམས་ཀྱང་དངོས་སུ་བྱོན་ཏེ་བླ་མ་ཡི་དམ་རྒྱལ་བ་སྲས་བཅས་ཞལ་འཛོམས་པའི་དབུས་སུ་རྗེ་བཙུན་མ་སྒྲོལ་མས་ཐིག་ལེ་བཅུ་དྲུག་གི་རྩ་ཚིག་གསུངས། འབྲོམ་རིན་པོ་ཆེའི་སྐུ་འོད་དུ་ཡལ་ཏེ་རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་དུ་དངོས་སུ་བཞེངས། འོད་ཟེར་གྱི་སྤྲོ་བསྡུས་བསྐྱེད་རྫོགས་ཀྱི་ལམ་མཐར་ཐུག་པ་རྣམས་ཚུལ་འདི་ལྟར་རོ་ཞེས་མིག་ལ་སྟོན་པ་ལྟ་བུ་མཛད། དེའི་ཚེ་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་བྱིན་གྱིས་བརླབས་པ་གསང་ཕུ་བ་ལེགས་པའི་ཤེས་རབ་ཀྱིས་ཇོ་བོ་ཡབ་སྲས་གཉིས་ལ་མཎྜལ་ཕུལ་ཏེ་ཡབ་སྲས་གཉིས་ཀའི་གསང་བ་ཐུན་མོང་མིན་པའི་བཀོད་པ་རྣམས་སྟོན་པར་ཡང་དང་ཡང་དུ་གསོལ་བ་བཏབ་པ་ན། འབྲོམ་རིན་པོ་ཆེའི་སྐྱེས་རབ་ཟབ་མོ་རྣམས་ཇོ་བོས་གསུངས། འབྲོམ་རིན་པོ་ཆེ་ཉིད་ཀྱིས་བཀའ་རྒྱ་ཤིན་ཏུ་དམ་པར་མཛད་པ་སྤྲུལ་བའི་གླེགས་བམ་ཞེས་པ་དེང་སང་བཀའ་གདམས་གླེགས་བམ་དུ་གྲགས་པ་འདི་གསུངས། མི་རབས་མང་བོའི་བར་དུ་ཆིག་བརྒྱུད་ཁོ་ན་ལས་རྒྱ་ཆེར་སྤེལ་བའི་གནང་བ་མ་ཐོབ། ཕྱིས་སུ་འབྲོམ་རིན་པོ་ཆེའི་སྤྲུལ་བ་འབྲོམ་ཀུ་མ་རཱས་བཀའ་རྒྱ་བཀྲོལ་ཏེ་རེ་གཉིས་ལ་སྤེལ། དེ་ནས་དཔལ་སྣར་ཐང་གི་ཆོས་སྡེར་རིམ་གྱིས་འཕེལ་ནས་དེང་སང་ཕྱོགས་ཐམས་ཅད་དུ་ཁྱབ་པ་འདི་བྱུང་བ་ཡིན་ནོ། །
      དེ་ལྟར་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ནི་རྒྱ་བོད་ཐམས་ཅད་དུ་ཉི་ཟླ་ལྟར་གྲགས་ཤིང་བསྟན་འགྲོའི་དོན་མཛད་པའི་རྣམ་ཐར་མཐའ་དག་བརྗོད་པར་ག་ལ་ནུས། སྔར་བཤད་པ་དེ་དག་ནི་ཕྱོགས་ཙམ་ཞིག་བརྗོད་པ་ཡིན་ལ། རྣམ་ཐར་དེ་དག་གི་སྙིང་བོ་བསྡུ་ན། རིགས་ཕུན་སུམ་ཚོགས་པར་སྐྱེ་བ་བཞེས་པའི་ཚུལ། རྟེན་དེ་ལ་ཡོན་ཏན་བརྙེས་པའི་ཚུལ། བརྙེས་ནས་བསྟན་པ་ལ་བྱ་བ་མཛད་པའི་ཚུལ་གསུམ་དུ་འདུ་བ་ཡིན་ལ། དང་བོ་ནི་ཇོ་བོའི་བསྟོད་པ་བརྒྱད་ཅུ་བ་ལས། ཤར་ཕྱོགས་ཟ་ཧོར་ཡུལ་མཆོག་ན། །དེ་ན་གྲོང་ཁྱེར་ཆེན་པོ་ཡོད། །བི་ཀྲ་མ་ནི་པུ་ར་ཡིན། །དེ་ཡི་དབུས་ན་རྒྱལ་བོའི་ཁབ། །ཕོ་བྲང་ཤིན་ཏུ་ཡངས་པ་ཡོད། །གསེར་གྱི་རྒྱལ་མཚན་ཅན་ཞེས་བྱ། །ལོངས་སྤྱོད་མངའ་ཐང་འབྱོར་པ་ནི། །རྒྱ་ནག་སྟོང་ཁུན་རྒྱལ་བོ་འདྲ། །ཡུལ་དེའི་རྒྱལ་བོ་དགེ་བའི་དཔལ། །བཙུན་མོ་དཔལ་མོ་འོད་ཟེར་ཅན། །ཡབ་ཡུམ་གཉིས་ལ་སྲས་གསུམ་མངའ། །པདྨའི་སྙིང་དང་ཟླ་བའི་སྙིང་། །དཔལ་གྱི་སྙིང་བོ་ཞེས་བྱའོ། །རྒྱལ་བུ་པདྨའི་སྙིང་བོ་ལ། །བཙུན་མོ་ལྔ་ཡོད་སྲས་ནི་དགུ། །སྲས་ཀྱི་ཐུ་བོ་བསོད་ནམས་དཔལ། །ད་ལྟའི་དུས་ན་མཁས་པ་ཆེ། །དྷ་ན་ཤྲཱི་ཞེས་བྱ་བར་གྲགས། །ཆུང་བ་དཔལ་གྱི་སྙིང་བོ་ནི། །དགེ་སློང་བཱིརྱ་ཙནྡྲ་ཡིན། །འབྲིང་བོ་ཟླ་བའི་སྙིང་བོ་ནི། །ད་ལྟ་བླ་མ་རྗེ་བཙུན་ཡིན། །ཞེས་འབྱུང་བ་ལྟར་རོ། །
      ཡོན་ཏན་བརྙེས་ཚུལ་ལ་ལུང་རྟོགས་གཉིས་ལས། ལུང་གི་ཡོན་ཏན་བརྙེས་པའི་ཚུལ་ནི། ཕྱི་ནང་ཐུན་མོང་བའི་རིག་གནས་ཆེ་ཆུང་མཐའ་དག་དང་། རྒྱལ་བའི་བཀའ་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་དགོངས་འགྲེལ་དང་བཅས་པ་ལ་སྦྱོང་བ་མཐར་ཕྱིན་པར་མཛད་པས། རང་དང་གཞན་གྱི་སྡེ་བའི་གྲུབ་པའི་མཐའ་རྒྱ་མཚོ་ལྟ་བུའི་ཕ་རོལ་ཏུ་སོན་པས་ན་ལུང་གི་བསྟན་པའི་གནད་ཐམས་ཅད་ཕྱིན་ཅི་མ་ལོག་པར་ཐུགས་སུ་ཆུད་པ་ཡིན་ནོ། །རྟོགས་པའི་ཡོན་ཏན་བརྙེས་ཚུལ་ནི། རྟོག་པའི་ཡོན་ཏན་ཐམས་ཅད་བསྡུ་ན་བསླབ་པ་གསུམ་དུ་འདུ་ལ། ཚུལ་ཁྲིམས་ཀྱི་བསླབ་པ་ལ་ཡང་། སོ་ཐར་གྱི་ཚུལ་ཁྲིམས་དང་། བྱང་སེམས་ཀྱི་ཚུལ་ཁྲིམས་དང་། གསང་སྔགས་ཀྱི་ཚུལ་ཁྲིམས་གསུམ་ལས། སོ་ཐར་གྱི་ཚུལ་ཁྲིམས་རྣམ་པར་དག་པར་མཛད་ཚུལ་ཏེ། དགེ་སློང་གི་སྡོམ་པ་མནོས་ནས་རྔ་རྩིད་ལ་ཆགས་པའི་གཡག་གིས་རྔ་མ་ཉག་མ་རེ་རེ་ཤིང་ལ་ཐོགས་པ་ན་རྔོན་པས་སྲོག་དང་འཕྲལ་བར་མཐོང་ན་ཡང་སྲོག་དང་བསྡོས་ཏེ་རྔ་མ་མི་གཅོད་པར་སྲུང་བ་ལྟར། ཁས་བླངས་པའི་བསླབ་པའི་གཞི་ཆེན་པོ་ལྟ་ཅི་སྨོས། བསླབ་པའི་གཞི་ཕྲ་མོ་རེ་རེ་ཡང་སྲོག་དང་བསྡོས་ནས་བསྲུངས་པས་གནས་བརྟན་འདུལ་བ་འཛིན་པ་ཆེན་པོར་གྱུར་ཏོ། །
      བྱང་སེམས་ཀྱི་ཚུལ་ཁྲིམས་དང་ལྡན་ཚུལ་ནི། བྱམས་པ་དང་སྙིང་རྗེའི་རྩ་བ་ཅན་གྱི་བྱང་ཆུབ་ཀྱི་སེམས་སྦྱོང་བའི་གདམས་པ་མང་བོ་དང་། ཁྱད་པར་གསེར་གླིང་བ་བསྟེན་ནས་རྗེ་བཙུན་བྱམས་པ་དང་། འཇམ་པའི་དབྱངས་ནས་ཐོགས་མེད་དང་། ཞི་བ་ལྷ་ལ་བརྒྱུད་པའི་གདམས་པ་མཆོག་ལ་རིང་དུ་སྦྱངས་པས། བསྟོད་པ་ལས། རང་དོན་ཡལ་བར་དོར་ནས་གཞན་གྱི་དོན། །ལྷུར་མཛད་དེ་ནི་བདག་གི་བླ་མ་ལགས། །ཞེས་འབྱུང་བ་ལྟར་བདག་བས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་ཐུགས་རྒྱུད་ལ་འཁྲུངས་ཤིང་། སྨོན་པའི་སེམས་དེས་ཀུན་ཏུ་དྲངས་པའི་འཇུག་པའི་སེམས་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་ལ་སློབ་པར་ཁས་བླངས་པའི་རྗེས་སུ་འགྲོ་བའི་བསླབ་པ་ལ་སློབ་པའི་སྤྱོད་པ་བཟང་བོས་རྒྱལ་སྲས་རྣམས་ཀྱི་བཅས་པའི་མཚམས་ལས་མི་འདའ་བར་མཛད་དོ། །
      གསང་སྔགས་ཀྱི་ཚུལ་ཁྲིམས་དང་ལྡན་ཚུལ་ནི། རང་གི་ལུས་ལྷར་གཟིགས་པའི་བསྐྱེད་པའི་རིམ་པ་དང་། རྡོ་རྗེའི་ཐུགས་རྫོགས་པའི་རིམ་པའི་ཏིང་ངེ་འཛིན་དང་ལྡན་པས་རྣལ་འབྱོར་པའི་གཙོ་བོ་ཞེས་སྤྱིར་བསྟོད་ཅིང་། ཁྱད་པར་དུ་བཅས་པའི་མཚམས་ལས་མི་འདའ་བར་དམ་ཚིག་ཚུལ་བཞིན་དུ་སྲུང་བ་ཡང་། བསྟོད་པ་ལས། དྲན་དང་ཤེས་བཞིན་ལྡན་པ་ཡིས། །ཚུལ་ཁྲིམས་མ་ཡིན་ཡིད་མི་མཛད། །བག་ཡོད་དྲན་དང་གཡོ་སྒྱུ་མེད། །ལྟུང་བའི་ཉེས་པས་ཁྱོད་མ་གོས། །ཞེས་གསུངས་པ་ལྟར་རོ། །
      དོན་འདི་ལ་རྗེ་བདག་ཉིད་ཆེན་པོས་སྡོམ་པ་གསུམ་གྱི་ཡོན་ཏན་དང་ལྡན་ཚུལ་དེ་དག་གསུངས་ནས། དེ་ལྟར་སྡོམ་པ་གསུམ་གྱི་ཚུལ་ཁྲིམས་ཀྱི་བསླབ་པ་རྣམས་ཁས་ལེན་པ་ལ་དབང་བ་ཙམ་མིན་པར་ཇི་ལ་ཏྲ་ཁས་བླངས་པའི་རྗེས་སུ་འབྲངས་ཏེ་བཅས་པའི་མཚམས་ལས་མི་འདའ་བར་སྲུང་ཞིང་། བརྒྱ་ལ་ཅུང་ཟད་འདས་ན་ཡང་མྱུར་བ་མྱུར་བར་རང་རང་གི་ཕྱིར་བཅོས་ཀྱི་ཆོ་གས་དག་པར་བྱེད་པའི་རྣམ་པར་ཐར་པ་འདི་ནི་གསུང་རབ་ཀྱི་གནད་ཤེས་པའི་མཁས་པ་རྣམས་དགའ་བ་སྐྱེད་པའི་རྣམ་པར་ཐར་པར་ཤེས་པར་བྱོས་ལ་དམ་པ་རྣམས་ཀྱི་རྗེས་སུ་བསླབ་པར་བྱའོ། །ཞེས་གསུངས་སོ། །
      ཏིང་ངེ་འཛིན་གྱི་བསླབ་པ་དང་ལྡན་ཚུལ་ནི། ཐུན་མོང་བ་ཞི་ལྷག་ཟུང་འབྲེལ་དང་ཐུན་མོང་མ་ཡིན་པ་བསྐྱེད་རིམ་མཐར་ཕྱིན་པར་མཛད་པའི་ཚུལ་ནི་རྣམ་ཐར་ཆེན་མོར་གསལ་བ་ལྟར་རོ། །ཤེས་རབ་ཀྱི་བསླབ་པ་དང་ལྡན་ཚུལ་ནི། ཐུན་མོང་བ་ཞི་ལྷག་ཟུང་འབྲེལ་དང་ཐུན་མོང་མིན་པ་རྫོགས་རིམ་གྱི་རྟོགས་པ་ཁྱད་པར་ཅན་བརྙེས་པ་རྣམ་ཐར་ཆེན་མོ་དང་རྡོ་རྗེའི་གླུར་གསལ་བ་ལྟར་རོ། །བསྟན་པ་ལ་བྱ་བ་མཛད་ཚུལ་ནི་རྒྱ་བོད་གཉིས་ཀར་རྒྱལ་བའི་བསྟན་པ་ལ་བྱ་བ་མཛད་ཚུལ་བསམ་གྱིས་མི་ཁྱབ་པ་སྔར་བརྗོད་ཟིན་པ་ལྟར་རོ། །
      དེ་ལྟར་ཇོ་བོ་རྗེས་རྒྱ་བོད་གཉིས་ཀར་བསྟན་པ་ལ་བྱ་བ་རྒྱ་ཆེན་པོ་མཛད་ཅིང་། སླར་ཡང་རྒྱལ་བའི་བསྟན་པ་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་དང་། ཕྱི་མའི་སྐྱེ་བོ་རྣམས་ཇོ་བོ་རྗེས་འདི་ལྟར་གསུངས་ཞེས་གོ་བར་བྱ་བའི་ཕྱིར་དུ། རྒྱལ་བའི་བཀའ་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་དགོངས་འགྲེལ་དང་བཅས་པ་མཐའ་དག་ལས་ཡི་གེ་ན་གཅིག་ཀྱང་དོར་དུ་མེད་པར་གང་ཟག་གཅིག་གི་ཉམས་ལེན་གྱི་རིམ་པར་ཧྲིལ་གྱིས་དྲིལ་ནས་སྟོན་པའི་མན་ངག་བྱང་ཆུབ་ལམ་གྱི་སྒྲོན་མ་མཛད། བཀའ་གདམས་གོང་མའི་གསུང་སྒྲོས་ལས། འཛམ་བུ་གླིང་ན་གླེགས་བམ་གཅིག་ལ་ལམ་སྒྲོན་ལས་ཆེ་བ་མེད་གསུངས། དེ་ནི་ཤོག་བུ་གྲངས་མང་བས་དེ་ལྟར་བརྗོད་པ་མིན་གྱི་བརྗོད་བྱ་རྒྱ་ཆེ་བས་དེ་ལྟར་བརྗོད་དེ། གདུལ་བྱ་ལས་དང་བོ་བ་ཆོས་ལ་ཐོག་མཐར་འཇུག་པ་ཞིག་འཆི་བ་དྲན་ནས་འཇིག་རྟེན་ཕྱི་མའི་དོན་སྒྲུབ་པའི་བསམ་པ་བསྐྱེད་པ་ནས་བཟུང་མཐར་ཐུག་སངས་རྒྱས་ཀྱི་སའི་བར་གྱི་ས་ལམ་འབྲས་བུ་དང་བཅས་པ་མཐའ་དག་ལམ་སྒྲོན་གྱི་བརྗོད་པར་འདུ་བས་སོ། །
      བྱང་ཆུབ་ལམ་གྱི་སྒྲོན་མ་ནས་གསུངས་པའི་ལམ་གྱི་རིམ་པའི་གནད་རྣམས་ལ་ངེས་པ་བསྐྱེད་པར་བྱ་བ་དང་། དེ་སྒོམ་པ་ལ་རྒྱུད་བསྐུལ་བར་བྱ་བ་དང་། ལམ་དེ་དག་གི་གེགས་སེལ་བོགས་འདོན་ཤེས་པའི་ཕྱིར་བསྟན་བཅོས་མཐའ་ཡས་པ་མཛད་དེ། སྙིང་བོ་བསྡུ་བ། སྙིང་བོ་ངེས་པར་བསྡུ་བ་གསང་འདུས་ཀྱི་དཀྱིལ་འཁོར་སྤྱན་རས་གཟིགས་གཙོ་བོར་སྟོན་པ་གསང་འདུས་པ་འཇིག་རྟེན་དབང་ཕྱུག་གི་སྒྲུབ་ཐབས། འཕགས་པ་འཇིག་རྟེན་དབང་ཕྱུག་གི་སྒྲུབ་ཐབས་གསང་བ་འདུས་པ་ལ་བསྟོད་པ་གཉིས། འཁོར་བ་ལས་ཡིད་ངེས་པར་འབྱུང་བའི་གླུ། སྤྱོད་པའི་གླུ། ཆོས་ཀྱི་དབྱིངས་སུ་ལྟ་བའི་གླུ། ཏིང་ངེ་འཛིན་གྱི་ཚོགས་ཀྱི་ལེའུ་དང་། འཇིག་རྟེན་ལས་འདས་པའི་ཡན་ལག་བདུན་པའི་ཆོ་ག སྐུ་གསུང་ཐུགས་རབ་ཏུ་གནས་པའི་ཆོ་ག ལས་ཀྱི་སྒྲིབ་པ་ཐམས་ཅད་རྒྱུན་གཅོད་པར་བྱེད་པའི་གཟུངས་རྣལ་འབྱོར་རྒྱུད་དུ་དགོངས་པ་བཀྲལ་བ་མི་འཁྲུགས་པའི་སྒྲུབ་ཐབས་རྒྱས་བསྡུས་གཉིས། དེའི་དཀྱིལ་ཆོག་ལས་ཀྱི་སྒྲིབ་པ་ཐམས་ཅད་རྣམ་པར་སྦྱོང་བ། མི་འཁྲུགས་པའི་སྦྱིན་སྲེག་གི་ཆོ་ག ཕྱག་ན་རྡོ་རྗེ་ལ་མངོན་རྟོགས་ཀྱི་སྒོ་ནས་བསྟོད་པ། རྟ་མགྲིན་ཞལ་གསུམ་ཕྱག་དྲུག་གི་སྒྲུབ་ཐབས་དང་། ཞལ་གསུམ་ཕྱག་བཞི་པའི་སྒྲུབ་ཐབས་གཉིས། འཕགས་པ་མི་གཡོ་བ་ལ་བསྟོད་པ་གཉིས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་སྲུང་བ་ཞེས་བྱ་བའི་གཙུག་ཏོར་དྲི་མེད་འོད་ཀྱི་སྒྲུབ་ཐབས། མཆོད་རྟེན་ལྔ་གདབ་པའི་ཆོ་ག་གཟུངས་ཆོག་ཆ་གཉིས། སྒྲོལ་མའི་སྒྲུབ་ཐབས། ལྷ་མོ་སྒྲོལ་མ་སྒོམ་པའི་ཆོ་ག་རྒྱས་པ། སྒྲོལ་མ་འཇིགས་པ་བརྒྱད་སྐྱོབ་ཀྱི་སྒྲུབ་ཐབས་དང་བསྟོད་པ། འཕགས་མ་སྒྲོལ་མའི་སྒྲུབ་ཐབས། དམ་ཚིག་ཐམས་ཅད་བསྡུས་པ་ཞེས་བྱ་བ། ཚོགས་བདག་ཆགས་པ་རྡོ་རྗེའི་བསྟོད་པ། བདུད་རྩི་འབྱུང་བ་ཞེས་བྱ་བའི་གཏོར་ཆོག ཆབ་གཏོར་དྲི་མེད། ཀླུ་གཏོར་གྱི་ཆོ་ག ཡི་གེ་དྲུག་པའི་སྒྲུབ་ཐབས། སྤྱན་རས་གཟིགས་ཁ་སརྦ་ཎིའི་སྒྲུབ་ཐབས། ཁྲོ་རྒྱལ་མི་གཡོ་བའི་སྒྲུབ་ཐབས། གཏུམ་པོ་ཁྲོ་བོ་ཆེན་པོའི་སྒྲུབ་ཐབས་དོན་དམ་པ། མགོན་པོ་གྲི་གུག་གི་སྒྲུབ་ཐབས། ཚོགས་བདག་ཞི་བའི་སྒྲུབ་ཐབས། ཚོགས་བདག་གསང་སྒྲུབ། ནོར་བདག་གཙོ་འཁོར་ལྔའི་བསྟོད་པ། རྟེན་འབྲེལ་སྙིང་བོའི་སྔགས་ཐེམས། བདེན་པ་གཉིས་ལ་འཇུག་པ་ཞེས་བྱ་བ་དབུ་མའི་མན་ངག དབུ་མའི་མན་ངག་རིན་པོ་ཆེའི་ཟ་མ་ཏོག་བཀོད་པ། དྲན་པ་གཅིག་པའི་མན་ངག མདོ་ཀུན་ལས་བཏུས་པའི་དོན་བསྡུས་པ། བྱང་ཆུབ་སེམས་དཔའི་སྤྱོད་པ་མདོ་ཙམ་གདམས་ངག་དུ་བྱས་པ། བྱང་ཆུབ་སེམས་དཔའི་ནོར་བུའི་ཕྲེང་བ། བྱང་ཆུབ་སེམས་དཔའི་ལས་དང་བོ་བའི་ལམ་ལ་འཇུག་པ་བསྟན་པ། སྐྱབས་སུ་འགྲོ་བ་བསྟན་པ་ཞེས་བྱ་བ། ཐེག་པ་ཆེན་པོའི་ལམ་གྱི་སྒྲུབ་ཐབས་ཡི་གེ་བསྡུས་པ། ཐེག་པ་ཆེན་པོའི་ཡུམ་གྱི་སྒྲུབ་ཐབས་ཤིན་ཏུ་བསྡུས་པ། རང་གི་བྱ་བའི་རིམ་པ་ལ་བསྐུལ་བ་དང་བཅས་པ་ཡི་གེར་བྲིས་པ། མི་དགེ་བ་བཅུའི་ལས་ཀྱི་ལམ་བསྟན་པ། ལས་རྣམ་པར་འབྱེད་པ་ཞེས་བྱ་བ། སྤྱོད་པ་བསྡུས་པའི་སྒྲོན་མ། མདོ་ཀུན་ལས་བཏུས་པའི་མན་ངག མདོ་ཀུན་ལས་བཏུས་པ་ཆེན་པོ། བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཆོ་ག བྱང་ཆུབ་སེམས་དཔའི་སྡོམ་པའི་ཆོ་ག ཁ་ཏོན་དང་གླེགས་བམ་བཀླག་པའི་སྔོན་དུ་བྱ་བའི་ཆོ་ག ཕ་རོལ་ཏུ་ཕྱིན་པའི་སཱཙྪ་གདབ་པའི་ཆོ་ག བླ་མའི་བྱ་བའི་རིམ་པ་གཅིག རྒྱལ་བོ་ནེཪྻ་པཱ་ལཱ་ལ་བརྫངས་པ་དྲི་མ་མེད་པའི་རིན་པོ་ཆེའི་འཕྲིན་ཡིག བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་བཤད་པ། ཤེར་ཕྱིན་དོན་བསྡུས་སྒྲོན་མེ། སྨན་བླའི་སྒྲུབ་ཐབས། ལས་སྒྲིབ་རྣམ་པར་སྦྱོང་བའི་ཆོ་ག་སོགས་མཛད་དོ། །
      དེ་ལྟར་ཇོ་བོ་རྗེ་བོད་དུ་ཕྱིན་ནས་མངའ་རིས་སུ་ལོ་གསུམ། སྙེ་ཐང་དུ་ལོ་དགུ། དབུས་གཙང་གཞན་དུ་ལོ་ལྔའི་བར་དུ་སྐལ་བ་དང་ལྡན་པ་རྣམས་ལ་མདོ་སྔགས་ཀྱི་གཞུང་གདམས་ངག་མ་ལུས་པ་བསྟན་ནས་བསྟན་པའི་སྲོལ་ནུབ་པ་རྣམས་གསར་དུ་བཙུགས་སྲོལ་ཅུང་ཟད་ཡོད་པ་རྣམས་འཕེལ་བར་མཛད། ལོག་པར་རྟོག་པའི་དྲི་མས་སྦགས་པ་རྣམས་ལེགས་པར་བསལ་ཏེ་བསྟན་པ་རིན་པོ་ཆེ་དྲི་མ་དང་བྲལ་བར་མཛད་དོ། །དེ་ནས་སྐུ་ཚེ་དེའི་དངོས་ཀྱི་གདུལ་བྱ་རྣམས་རྫོགས་པ་ན་ཞིང་གཞན་དུ་འབྱོན་པར་བཞེད་དེ། ཤིང་ཕོ་རྟའི་ལོ་དབྱུག་པ་ཟླ་བའི་ཚེས་གསུམ་ནས་བཅོ་བརྒྱད་ཀྱི་བར་ཞག་བཅུ་དྲུག་གི་རིང་ལ་ཐིག་ལེ་བཅུ་དྲུག་གི་རིམ་པ་དང་མཐུན་པར་ཐུགས་དམ་སྡུད་རིམ་མཛད་ནས། ཆུ་བོ་གྱེན་དུ་ལྡོག་གམ་ལྟོས་ཤིག་གསུངས། བལྟར་ཕྱིན་པས་གྱེན་དུ་ལྡོག་གིན་གདའ་ཞུས་པས། འོ་ན་དེ་ཡན་ཆད་ཀྱིས་དོན་འདི་སྟོན། ཉམས་སུ་བླངས་རྒྱུ་འདི་ཡིན་གསུངས་ནས་བརྒྱད་སྟོང་བ་གསུང་འཕྲོ་བཅད། ཕྱག་ཏུ་རྡོ་རྗེ་དྲིལ་བུ་བཟུང་ནས་ཐུགས་དམ་རྩེ་གཅིག་ཏུ་མཛད་དོན་ལ་འདས་གྲོངས་མི་མངའ་ཡང་གདུལ་བྱ་ཐུན་མོང་བའི་སྣང་ངོར་དགུང་ལོ་བདུན་ཅུ་རྩ་གསུམ་པ་ཤིང་ཕོ་རྟའི་ལོ་སྟོན་ཟླ་འབྲིང་བོའི་ཚེས་བཅོ་བརྒྱད་ལ་སྙེ་ཐང་དུ་མྱ་ངན་ལས་འདའ་བའི་ཚུལ་བསྟན་ཏེ་འོད་གསལ་ཆོས་སྐུ་མངོན་དུ་མཛད་ནས་གཟུགས་སྐུར་བཞེངས་ནས་དགའ་ལྡན་ཆོས་ཀྱི་ཕོ་བྲང་དུ་ཕེབས་སོ། །
      དེ་ཡང་བསྟོད་པ་སུམ་ཅུ་བ་ལས། ཁོ་བོ་འདི་ནས་དགའ་ལྡན་གནས་སུ་འགྲོ། །ང་ལ་དད་ཅིང་གུས་པར་བྱེད་པ་རྣམས། །དགའ་ལྡན་གནས་སུ་མཇལ་བར་འགྱུར་ཞེས་གསུངས། །མ་འོངས་མངོན་སུམ་གཟིགས་ལ་གསོལ་བ་འདེབས། །ཞེས་གསུངས་པ་ལྟར་དགའ་ལྡན་ཆོས་ཀྱི་ཕོ་བྲང་དུ་ནམ་མཁའ་དྲི་མ་མེད་པ་ཞེས་མཚན་གྲགས་ཤིང་རྗེ་བཙུན་མ་ཕམ་པའི་སྲས་ཀྱི་ཐུ་བོའི་ཚུལ་དུ་བཞུགས་ཏེ་དགའ་ལྡན་གྱི་ལྷ་རྣམས་དང་། ཕྱོགས་བཅུའི་ཞིང་རབ་འབྱམས་ནས་འདུས་པའི་བྱང་ཆུབ་སེམས་དཔའ་བགྲང་བ་ལས་འདས་པ་དག་ལ་ཐེག་པ་ཆེན་པོའི་ཆོས་རྒྱ་ཆེར་སྟོན་པར་མཛད་ཅིང་། མིག་འཕྲུལ་བཞིན་དུ་ཕྱོགས་བཅུའི་ཞིང་རབ་འབྱམས་ཐམས་ཅད་དུ་སྤྲུལ་བ་བཀྱེས་ནས་གདུལ་བྱའི་དོན་རྒྱུན་མི་འཆད་དུ་མཛད་ཅིང་བཞུགས་སོ། །