ཐང་སྟོང་རྒྱལ་བོ།
དྲ་ཚིགས་དོ་དམ་པས།
འབྱུང་ཁུངས། སྤེལ་མཁན། སྤེལ་དུས།2016-10-24

ངོ་སྤྲོད་གནད་བསྡུས།

        མཚན། གྲུབ་ཆེན་ཐང་སྟོང་རྒྱལ་བོ་བརྩོན་འགྲུས་བཟང་བོ། འཁྲུངས་ཡུལ། གཙང་སྟོད་ཀྱི་ཆབ་འོག་ངམ་རིང་རྫོང་གི་འོལ་ཀ་ལྷ་རྩེ། འཁྲུངས་འདས། ༡༣༨༥-༡༥༠༩ ༼༡༣༦༡-༡༤༨༥༼༡༣༨༥-༡༤༤༦ ༼ལོ་རྒྱུས་རྣམས་སུ་ཅུང་ཙམ་ཞལ་མི་མཐུན་པ་ཡོད།༽ ཐོབ་ཐང་།  སྔགས་ཀྱི་རྣལ་འབྱོར་པ། སློབ་སྦྱོང་། ཆུང་དུས་ནས་རིག་པ་གསལ་ལ་སྤྱང་གྲུང་འཛོམས་ཤིང་ཕན་སེམས་ཆེ་བའི་བྱིས་པ་ཞིག་ཡིན། བྱང་སྡིངས་དགོན་པར་ཆོས་སྐྱོང་དཔལ་བའི་དྲུང་དུ་ཀློག་བསླབས་ནས་བོད་ཡིག་དང་། ལཉྫ། ཝརྟུ་སོགས་བརྡ་སྤྲོད་རིག་པའི་གནས་ལ་མཁས་པར་གྱུར། དེ་ནས་རབ་ཏུ་བྱུང་སྟེ་ངམ་རིང་ཆོས་སྡེ་སོགས་སུ་མཁས་པ་བློ་གྲོས་རྡོ་རྗེ། དཀོན་མཆོག་དར་མ། ཀུན་སྤོང་རིན་ཆེན་རྒྱལ་མཚན། རེད་མདའ་བ་གཞོན་ནུ་བློ་གྲོས། བྱ་ཕུར་བ། གྲུབ་ཐོབ་སྐལ་ལྡན་རྡོ་རྗེ་སོགས་དམ་པ་དུ་མའི་མདུན་ནས་རིག་ལམ་དང་ཚད་མ་ཕར་ཕྱིན། སྔགས་གསར་རྙིང་གི་གདམས་པ་དང་མན་ངག་མང་དུ་གསན་ནས་མཁས་པ་ནས་གྲུབ་པའི་ས་མཐོར་གཤེགས། གསུང་རྩོམ། ཟློས་གར་ཆེན་མོ་བརྒྱད་སོགས་མང་དུ་བཞུགས། མཛད་སྤྱོད། རིག་པའི་གནས་ལ་གསན་བསམ་བྱས་ནས་ས་སྐྱ་སོགས་སུ་གྲྭ་སྐོར་མཛད། ཐོས་དོན་རྒྱུད་ལ་འབྱོར་ཆེད་ངེས་མེད་དབེན་པའི་གནས་སུ་ལོ་མང་ལ་སྒོམ་སྒྲུབ་ལ་གཞོལ། ལོ་མང་ལ་རྒྱ་གར་དང་བལ་ཡུལ་དུ་བྱོན་ནས་འཕགས་པ་ཤིང་ཀུན་ལ་གསེར་དངུལ་གྱིས་སྐུ་དཀར་གསོལ། མཆོད་རྟེན་བྱ་རུང་ཁ་ཤོར་ཞིག་གསོ་མཛད། སླར་བོད་དུ་ཕེབས་ནས་དད་ལྡན་ཆོས་ཀྱིས་སྨིན་པར་བྱས་ཤིང་སྐུ་གསུང་ཐུགས་རྟེན་མང་དུ་བཞེངས། ལྷ་མོའི་འཁྲབ་གཞུང་གསར་གཏོད་གནང་། ལྷ་ཁང་དང་གཙུག་ལག་ཁང་བརྒྱ་དང་ཉི་ཤུ་བཞེངས། ལྷག་ཏུ་མཛད་པ་གཙོ་བོ་མི་རྣམས་ཀྱི་འགྲིམ་འགྲུལ་སྟབས་བདེ་བའི་ཕྱིར་དུ་ཆུ་བོ་ཆེ་ཆུང་དུ་མ་ལ་ཟམ་པ་བཙུགས། ཁྱོན་སྡོམ་ལྕགས་ཟམ་ལྔ་བཅུ་ང་བརྒྱད། ཤན་ཆེན་དང་གྲུ་འདྲེས་པ་བརྒྱ་དང་བཅོ་བརྒྱད། ཤིང་ཟམ་དྲུག་ཅུ་ཐམ་པ་བཅས་ཡོད།



ཁྲོ་བོ་དཔལ་ལྡན།

      རྗེ་འདི་ཉིད་གཙང་ལ་སྟོད་གཡས་རུ་བྱང་མའི་ཆབ་འོག་འོལ་བ་ལྷ་རྩེ་རིན་ཆེན་སྡིངས་གྲོང་དུ་ཞིང་པའི་ཁྱིམ་ཚང་ཞིག་ཏུ་ཡབ་རྡོ་རྗེ་རྒྱལ་མཚན་དང་། ཡུམ་རྒྱ་གར་ལྷ་མོ་གཉིས་ཀྱི་སྲས་སུ་རབ་བྱུང་དྲུག་པའི་ལྕགས་གླང ༼ སྤྱི་ལོ ༡༣༦༡༽ལོར་སྐུ་འཁྲུངས། ༼སུམ་པ་མཁན་པོས་ཤིང་གླང་སྤྱི་ལོ  ༡༣༨༥ ལོར་འཁྲུངས་པར་བཞེད༽  ཐོག་མའི་མཚན་ལ་ཁྲོ་བོ་དཔལ་ལྡན་ཞེས་གསོལ། དགུང་ལོ་ལྔ་ལ་ར་ལུག་འཚོ་བར་ཕེབས། བྱིས་པའི་དུས་ནས་སྤྱངས་གྲུང་འཛོམས་ལ་རིག་པ་རྣོ་བས་ཡབ་ཡུམ་གཉིས་ཀྱིས་དགོན་པ་བྱང་སྡིངས་སུ་ཆོས་སྐྱོང་དཔལ་བའི་དྲུང་དུ་ཀློག་ཡིག་བསླབ་པར་བསྐྱལ། བོད་ཡིག་དང་། ལཉྪ། ཝརྟུ་སོགས་བརྡ་སྤྲོད་རིག་པའི་གནས་ལའང་མཁས་པར་གྱུར། སློབ་དཔོན་ཉི་མ་སེར་གེའི་དྲུང་དུ་རབ་ཏུ་བྱུང་ཞིང་། མཚན་བརྩོན་འགྲུས་བཟང་བོར་གསོལ། མཁན་ཆེན་དེའི་དྲུང་ནས་དོན་ཡོད་ཞགས་པའི་སྒྲུབ་ཐབས་དང་། རྒྱུད་ཀྱི་ལུང་སོགས་དང་། ངམ་རིང་ཆོས་སྡེའི་མཁས་པ་བློ་གྲོས་རྡོ་རྗེ་དང་། དཀོན་མཆོག་དར་ལས་རྣམ་འགྲེལ་དང་མངོན་རྟོགས་རྒྱན་སོགས་གསན་ཏེ་དཔལ་ལྡན་ས་སྐྱར་བཀའ་བཞིའི་གྲྭ་སྐོར་ལ་བྱོན། སྙན་གྲཊ་གཉེར་མ་མཛད་པར་ངལ་བ་འཁུར་དུ་བཞེས་ནས་སྦྱང་བརྩོན་གནང་བས་བརྩོན་འགྲུས་སྨྱོན་པ་ཟེར་བའི་མཚན་དེ་དུས་བཏགས་པར་གྲགས། དེ་རྗེས་མདོ་སྟོད་སྐྱ་རའི་དགོན་པ་ན་བཞུཊ་པ་བཀའ་ལྔ་བ་དཔལ་འབྱོར་ཤེས་རབ་ཀྱིས་མཁན་པོ་མཛད་དེ་ལས་སློབ་དད་པའི་དགེ་འདུན་གྲངས་ཚང་གི་དབུས་སུ་བསྙེན་རྫོགས་བཞེས་པའི་མཚན་བརྩོན་འགྲུས་བཟང་བོར་གསོལ། མཁས་དབང་དར་མ་དཔལ་བ་དང་ལྷ་གདོང་པ་བསོད་ནམས་མཆོག ཀུན་སྤངས་རིན་ཆེན་རྒྱལ་མཚན། རེད་མདའ་བ་གཞོན་ནུ་བློ་གྲོས་སོགས་ལས་གསང་སྔགས་གསར་རྙིང་དང་། ཆུའི་དཀའ་ཐུབ་ཀྱི་གདམས་པ་དང་། མེ་དང་རླུང་གི་སྒོམ་ཐབས་སོགས་མན་ངག་དུ་མ་གསན་ནས་ལོ་མང་རིང་གཅིག་ཏུ་མ་ངེས་པའི་དབེན་གནས་སུ་སྒོམ་སྒྲུབ་ལ་གཞོལ། དེ་ནས་བལ་ཡུལ་དུ་ཕེབས་ནས་བྷ་རོ་མ་ནུ་ངྷ་རས་གསེར་དངུལ་སོགས་ཆ་རྐྱེན་དུ་མཛད་ནས་འཕགས་པ་ཤིང་ཀུན་ལ་སྐུ་དཀར་གསོལ་ཞིང་། བྱ་རུང་ཁ་ཤོར་ལ་ཉམས་གསོ་ལེགས་པོ་མཛད། ལོ་བཅོ་བརྒྱད་ཙམ་རིང་བལ་ཡུལ་དང་རྒྱ་གར་ཕྱོགས་འབྱོར་བཞུད་ཀྱིས་རྡོ་རྗེ་གདན་དང་། ཟངས་གླིང་སོགས་ལ་ཕེབས། གྲུབ་ཐོབ་མང་བོ་ལ་ཆོས་གསན། རྡོ་རྗེ་གདན་དང་ཉེ་བའི་གསང་བ་རྡོ་རྗེ་ཕུག་ཏུ་སྔགས་རྙིང་མའི་གྲུབ་ཐོབ་སྐལ་ལྡན་རྡོ་རྗེ་གྲགས་པ་ཞེས་པ་ལས་རྙིང་མའི་ཆོས་སྐོར་མ་ལུས་པ་གསན། ཉམས་རྟོགས་ཁྱད་པར་ཅན་རྒྱུད་ལ་འཁྲུངས། སླར་བོད་ལ་ཕེབས་ནས་ཟབ་ཆོས་དེ་དག་གཏེར་དུ་སྦས། དེ་ནས་ཡུམ་རྒྱ་གར་ལྷ་མོ་འདས་པའི་གདུང་རུས་ལ་སངས་རྒྱས་བྱང་སེམས་མང་བོའི་ས་པར་བཏབ་ནས་མཆོད་རྟེན་བརྩེགས་པ་དང་། གསུང་རྟེན་གསེར་བྲིས་ཀྱི་མདོ་སྡུད་པ། སྐུ་རྟེན་ལ་བྲིས་ཐང་བཞེངས་པ་བཅས་ནི་རྟེན་བཞེངས་ཀྱི་ཐོག་མ་ཡིན་གསུངས། རྗེ་འདི་ཉིད་ཀྱིས་རྗེ་བཙུན་རེད་མདའ་བ་དང་། སླེ་ཁ་བ་ཤེས་རབ་བཟང་བོའི་དྲུང་ནས་གཤིན་རྗེ་གཤེད་དམར་ནག་འཇིགས་གསུམ་གྱི་དབང་དང་དུས་འཁོར་གྱི་དབང་སོགས་དང་། གཞན་ཡང་སྐྱེས་བུ་དམ་པ་མང་བོའི་དྲུང་ནས་ཟབ་ཆོས་མཐའ་ཡས་པ་གསན་ཅིང་། དབེན་གནས་རྣམས་སུ་དཀའ་ཐུབ། དུར་ཁྲོད་ལ་སོགས་པའི་གཉན་པའི་རི་ཁྲོད་དུ་མར་གསང་བའི་སྤྱོད་པས་འགྲོ་དོན་མཐའ་ཡས་པ་མཛད། ཐང་སྟོང་རྒྱལ་བོ་ཞེས་མཚན་ཐོག་ཚུལ་ནི། ཁྱབ་གདལ་ཆེན་པོའི་ཐང་ཆེན་ན། །སྟོང་ཉིད་རྟོགས་པའི་རྣལ་འབྱོར་བ། །འཇིག་རྟེན་རྒྱལ་བོ་ལྟ་བུ་བཞུགས། །དེ་ཕྱིར་ཐང་སྟོང་རྒྱལ་བོ་ཐོབ། །ཅེས་གཙང་རྒྱལ་སྡེའི་ཐང་ཁར་བཞུགས་པའི་དུས་དེ་ནས་ཡོངས་གྲགས་སུ་གྱུར།

      རྗེས་སུ་ཐང་སྟོང་རྒྱལ་བོ་མཆོག་གནས་ཡུལ་ངེས་མེད་དུ་རྒྱུ་བའི་རྣལ་འབྱོར་པ་ཞིག་ཏུ་གྱུར། དབུས་སུ་ཇོ་བོ་རིན་པོ་ཆེ་མཇལ་བར་བྱོན་དུས་ལྷ་སའི་སྐྱིད་ཆུའི་གྲུ་ལ་ཞུགས་སྐབས་གཉན་པ་གཞན་ལ་ཚིག་པ་ཟོས་ཏེ་ཁྱོད་ང་ལ་མ་དྲིས་པར་གྲུ་ལ་བཞུགས་པ་མི་འོས་ཞེས་གྲུ་དཔོན་གྱིས་ཚིག་རྩུབ་སྨྲས་ཤིང་། དབུ་ལ་ཤན་སྐྱ་གཞུས་པ་དང་ཆུ་ལ་བསྐྱུར་བས་ཐུགས་ཤིན་ཏུ་ཕམ་པ་ཞིག་བྱུང་། དེས་སྐུལ་རྐྱེན་གྱིས་ཉམ་ཐག་གི་སྐྱེ་བོ་ཇི་སྙེད་ཀྱང་དཀའ་སྡུག་དེ་འདྲ་མྱོང་དགོས་འདུག་དགོངས་ཤིང་ཨུ་རྒྱན་གྱི་སློབ་དཔོན་ཆེན་པོ་སོགས་བླ་མ་ཡི་དམ་མཁའ་འགྲོ་མང་བོས་ཡང་ཡང་བསྐུལ་བ་ལྟར་ཆུ་བོ་རྣམས་ལ་ལྕགས་ཟམ་གཟུགས་རྒྱུའི་དམ་བཅས། ཐོག་མར་རྣལ་འབྱོར་པ་སྔ་རིས་པ་སོགས་དད་འདུས་ཀྱི་སློབ་མ་ལྔ་བཅུ་ཙམ་ཁྲིད་དེ་སྔ་རྗེས་སུ་ཀོང་ཡུལ་སྟེང་རྩ་དང་། བྷ་ཁ། སྨན་མོ་སྒང་སོགས་སུ་ཕེབས་ནས་ལྕགས་ཀྱི་སློང་མོ་མཛད་པ་དང་དུས་མཚུངས་རང་ཉིད་འཁོར་བཅས་ཀྱང་ལྕགས་ཁ་སྔོགས་འདོན་གྱི་ལས་ཀར་ཞུགས་ནས་ལྕགས་གཏེར་འབོར་ཆེན་བཏོན། གྲུབ་ཐོབ་རང་ཉིད་ཀྱང་ལྕགས་བཟོའི་ལག་གཡོག་མཛད། དབུས་གཙང་ཁམས་གསུམ་དང་མོན་ཡུལ་ལྷོ་འབྲུག་སོགས་ལ་ཕེབས་ནས་ལྕགས་མང་བོ་བསྒྲུབས། དགུང་གྲངས་བདུན་ཅུ་བ་རབ་བྱུང་བདུན་པའི་ལྕགས་ཁྱི༼སྤྱི་ལོ  ༡༤༣༠༽ལོར་ལྷ་སའི་གཙང་བོར་ལྕགས་ཟམ་ཐོག་མ་དེ་བཙུགས། དུས་དེ་ནས་བཟུང་གྲུབ་ཐོབ་ལྕགས་ཟམ་པ་ཞེས་གྲགས། ཐང་སྟོང་རྒྱལ་བོ་མཆོག་གིས་བག་གྲོང་འབྲི་ཆུ་དང་། རྫ་ཆུ། ཉག་ཆུ། ལྷོ་འབྲུག གངས་ལ་ཀློང་ཁ། དཔལ་ཆུ་བོ་རི། བཞང་བཀྲ་ཤིས་རྩེ། གཙང་སྟོད་ཡོངས་རུ། སྟོད་ལུང་། ཉ་འགོ་གྲུ་ཁ། འབྲི་གུང་ཆོས་འཁོར་སྒང་། གཞུ་སྣ། མོན་ཡུལ་འཛོམས་སོགས་ཆུ་ཀླུང་ཆེན་པོ་རྣམས་ལ་ལྕགས་ཟམ་ལྔ་བཅུ་ང་བརྒྱད་བསྐྱོན། ཤན་ཆེན་དང་གྲུ་འདྲེས་པ་བརྒྱ་དང་བཅོ་བརྒྱད། ཤིང་ཟམ་དྲུག་ཅུ་ཐམ་པ་བཅས་བཙུགས། གསེར་གྱི་སློང་མོ་མཛད་དེ་ལྷ་ལྡན་ཇོ་བོ་རིན་པོ་ཆེར་གསེར་གྱི་ལྷུང་བཟེད་འབྲུ་སྣས་བཀང་བ་ཕུལ། ལྷ་ལྡན་གྱི་ལྕགས་པོ་རིར་ལྷ་ཁང་བཞེངས་ཤིང་སྨན་རྒྱལ་རི་ཞེས་མཚན་གསོལ། དེར་གཡུའི་སངས་རྒྱས་སྨན་བླ། དོན་ཡོད་གྲུབ་པ། རྗེ་བཙུན་སྒྲོལ་མ། དུང་ལས་གྲུབ་པའི་སྤྱན་རས་གཟིགས་ཀྱི་སྐུ་ཆེ་ཆུང་བདུན། བྱུ་རུ་ལས་གྲུབ་པའི་འོད་དཔག་མེད་དང་། ཚེ་དཔག་མེད་ཀྱི་སྐུ་སོགས་བཞེངས། གྲུབ་ཆེན་འདི་ཉིད་ཀྱི་སྐུ་ཚེའི་རིང་སྐུ་རྟེན་རྒྱབ་མཐོ་སུམ་ཅུ་སོ་བདུན་ཆེ་ཚད་དང་། ཆུང་ཚད་མཁྱིད་གང་ལས་བྱས་པའི་རིན་པོ་ཆེ་གསེར་དངུལ་གཡུ་བྱུར་མུ་མེན་སྤོས་ཤེལ་དུང་སོཊ་ལས་གྲུབ་པ་བརྒྱ་ཕྲག་དུ་མ། འཇིམ་པ་ལས་གྲུབ་པ་རྒྱབ་མཐོ་ལྔ་བཅུ་རྩ་ལྔ་ནས་མཐོ་གསུམ་གྱི་བར་སྟོང་ཕྲག་ལྔ། གྱང་རིས་རས་བྲིས་བསམ་གྱིས་མི་ཁྱབ་པ། འདུ་ཁང་དང་གཙུག་ལག་ཁང་བརྒྱ་དང་ཉི་ཤུ། གསུང་གི་རྟེན་གསེར་ལས་གྲུབ་པའི་བཀའ་འགྱུར་ཞིག་གིས་མགོ་བྱས་བཀའ་འགྱུར་བཅོ་བརྒྱད། བསྟན་འགྱུར་བཅོ་ལྔ། ཐུགས་ཀྱི་རྟེན་དཔལ་རི་བོ་ཆེའི་མཆོད་རྟེན་ཆེན་པོའི་ཕྱོགས་རེ་ལ་ཕོ་འདོམ་བཞི་བཅུ་ཡོད་པ་ཆེ་ཚད། ཕྱོགས་རེ་ལ་འདོམ་བརྒྱད་ཡོད་པ་ཆུང་ཚད་བྱས་པའི་མཆོད་རྟེན་བརྒྱ་དང་བཅུ་གཅིག དབེན་གནས་ཐར་པ་གླིང་ལ་སོགས་པ་སྒྲུབ་སྡེ་མང་བོ་དང་། སེམས་ཅན་གྱི་སྲོག་སྐྱོབ་པ། སྦས་ཡུལ་དང་མཐའ་འཁོབ་རྣམས་སུ་གནས་སྒོ་འབྱེད་པ། བོད་ཀྱི་ཆོས་རྒྱལ་སོགས་ཀྱི་རྣམ་ཐར་ཟློས་གར་གྱི་ལམ་ནས་སྟོན་པ་དེང་སང་ཨ་ཅེ་ལྷ་མོ་ཞེས་གྲགས་པའི་གཞུང་བརྩམས་ཏེ་ལྷ་མོའི་སྲོལ་བཏོད། གསོ་བ་རིག་པའི་སྐོར་ལ་ཁོང་ནད་ཀུན་འཇོམས་རིལ་བུ་དཀར་བོ་དང་། གཉན་རིམ་འཇོམས་བྱེད་རིལ་བུ་དམར་བོ་སོགས་མན་ངག་མང་བོ་མཛད། གོང་མ་གྲགས་པ་རྒྱལ་མཚན་གྱིས་གྲུབ་ཐོབ་འདི་ཉིད་ལ་རྒྱལ་ཁྲིམ་ཆོས་བཞིན་དྲང་པོར་བསྲུང་རྒྱུའི་དམ་བཅའ་ཕུལ་བར་གྲགས། སྐུ་ཚེ་ཧྲིལ་པོར་བྱ་བྲལ་རྣལ་འབྱོར་པའི་སྤྱོད་པ་བསྐྱངས་ཤིང་གནས་ངེས་མེད་ལྟ་བུར་གང་སར་ཕེབས་ཏེ་རྣམ་དཀར་གྱི་མཛད་པ་བཟང་བོ་ཁོ་ནར་གཞོལ་བས། བོད་འབངས་སྐྱེ་འགྲོ་ཀུན་ལ་བཀའ་དྲིན་ཤིན་ཏུ་ཆེ། ཐུགས་སྲས་ཤེས་རབ་དཔལ་ལྡན། ཆོས་རྗེ་མང་ཡུལ་བ་འཕགས་པ་བློ་གྲོས་སོགས་སློབ་མ་ཡང་སྐུ་ཚེ་ལ་དབང་འབྱོར་བ་མང་དུ་བྱོན། མཐར་གྲུབ་ཆེན་དགུང་གྲངས་བརྒྱ་དང་ཉེར་ལྔ་ལ་ཕེབས་པ་རབ་བྱུང་བརྒྱད་པའི་ཤིང་སྦྲུལ  ༼སྤྱི་ལོ༡༤༨༥༽ལོར་གཙང་སྟོད་གཅུང་རི་བོ་ཆེར་དགོངས་པ་གཞན་དོན་དུ་གཤེགས།

 

བརྩོན་འགྲུས་བཟང་བོ།

      ཟམ་སྐྲུན་མཁན་གྱི་དམ་བཅའ། ཉིན་ཞིག་ལ། མི་ཞིག་གིས་ཁལ་བཀལ་བའི་བོང་བུ་དེད་ནས་ཆུ་བོ་རྒལ་གྱིན་ཡོད། ཆུ་བོའི་གཞུང་དུ་བསླེབས་ལ་ཉེ་དུས་སུ། ཆུ་ཤུགས་ཆེ་བས་བོང་བུ་ཆུ་ནང་དུ་འགྱེལ་བ་དང་། མི་དེས་མྱུར་དུ་བོང་བུ་ཡར་སློང་སྐབས་ཁོ་ཡང་ཆུ་ནང་དུ་འགྱེལ་ཞིང་། དེའི་མུར་ཆལ་ཆིལ་གྱི་རྦ་རླབས་ཞིག་གིས་མི་ཟོག་གཉིས་ཀ་བཏུམས་ནས་མི་སྣང་བར་གྱུར། ལོ་རེའི་དབྱར་ཁར་ཆར་ཞོད་ཆེན་པོས་ཆུ་བོ་རྒྱས་པའི་དུས་སུ་མི་ཟོག་མང་བོའི་སྲོག་འདི་ལྟར་ཤོར་གྱིན་ཡོད། ཆུ་བོའི་ཚུར་ཁ་ན་བྱིས་པ་ཞིག་གི་དེར་བལྟས་ནས་སྡད་འདུག བྱིས་པ་དེའི་མིང་ལ་ཁྲོ་བོ་དཔལ་ལྡན་ཟེར། མི་ཟོག་གཉིས་དེ་ལྟར་ཤི་བ་ལ་སྙིང་རྗེ་ཚད་མེད་སྐྱེས་པ་དང་ཡིད་སྐྱོ་ཞིང་སེམས་སྡུག་པའི་ངང་ནས་ཆུ་འགྲམ་དུ་ལངས་ཏེ་ཆུ་བོ་ཆལ་ཆིལ་དུ་རྒྱུག་པ་ལ་བལྟས་ནས་ལོ་མང་བོའི་རིང་ལ་ཆུ་བོ་འདིས་ཅི་འདྲའི་མི་མང་བོའི་སྲོག་འཕྲོག་ཡོད་དམ་སྙམ་ཞིང་མི་རྣམས་བདེ་བླག་ཏུ་ཆུ་ལ་བརྒལ་ཐུབ་པའི་ཆེད་དུ་རང་ཉིད་ནར་སོན་ན་ཆུ་ལ་ཟམ་པ་སྐྲུན་མཁན་ཞིག་བྱ་རྒྱུའི་དམ་བཅའ་བརྟན་པོ་སྙིང་ལ་བཅངས། རིག་གནས་སྦྱང་བའི་ཆེད་དུ་ཁོང་བྱང་སྡིངས་དགོན་པར་ཞུགས་ནས་གྲྭ་བ་བྱས་ཤིང་མིང་བརྩོན་འགྲུས་བཟང་བོ་ཞེས་བཏགས། ཁོང་གི་དཀའ་སྦྱད་འབད་བརྩོན་གྱིས་རིག་གནས་ཤེས་བྱར་སྦྱོང་བ་བྱས་པས་མཁས་པར་གྱུར་པ་དང་མིང་ལ་ཐང་སྟོང་རྒྱལ་བོ་ཞེས་ཐོགས་ནས་ཀུན་ལ་གྲགས་པར་གྱུར། རྗེས་སུ་ཁོང་རིག་གནས་གཞན་སློབ་གཉེར་གྱི་ཆེད་དུ་ལྷ་སར་ཕེབས། ཉིན་ཞིག་ལྷ་གདོང་ཤན་ཁ་ནས་གཙང་བོ་བརྒལ་དུས་མི་མང་བོ་གྲུ་གླ་སྤྲོད་རྒྱུ་མེད་པར་ལུས་ཡོད་པ་མཐོང་། ཁོང་སེམས་ཀྱི་མ་བཟོད་པར་གྲུ་དཔོན་ལ་གྲུ་གླ་མི་དགོས་པར་མི་རྣམས་གྲུ་ལ་སྡོད་དུ་འཇུག་རོགས་ཞེས་ཞུ་བ་བྱས་པ་ལ་གྲུ་དཔོན་གྱི་ཁྱོད་རང་གྲུ་གླ་སྤྲོད་རྒྱུ་མེད་པ་ཞིག་གིས་ད་དུང་མི་གཞན་གྱི་ལག་ནས་གྲུ་གླ་མ་ལེན་ཟེར་བ་ཅི་ཡིན་ཟེར་ནས་ཁོང་གི་མགོ་ལ་སྐྱ་བ་བཞུས་ཏེ་ས་ལ་འགྱེལ་བ་རེད། དེ་ནས་ཁོང་གིས་ཉམ་ཐག་གི་མི་བགྲང་ལས་འདས་པ་ཞིག་གིས་འདི་འདྲའི་བརྙས་བཅོས་མྱོང་གིན་འདུག་སྙམ་ནས་སེམས་ཤིན་ཏུ་སྐྱོ་བ་དང་མི་རྣམས་ཀྱིས་གླ་སྤྲོད་མི་དགོས་པར་ཆུ་བོར་བརྒལ་ཐུབ་པའི་ཟམ་པ་འཛུགས་རྒྱུའི་དམ་བཅའ་སྔར་བས་བརྟན་དུ་སོང་། ཁོང་བལ་བོ་དང་རྒྱ་གར་སོགས་ས་ཆ་མང་བོར་སོང་ནས་སྡུག་རུས་ཀྱི་ཟམ་པའི་བཟོ་བཀོད་དང་སྐྲུན་ཐབས་ལྕགས་བཞུ་བ་དང་ལྕགས་ཐག་རྡུང་བ་སོགས་ཀྱི་ལག་རྩལ་སློབ་སྦྱོང་བྱས། སྤྱི་ལོ ༡༤༣༠ ལོར་ཐང་སྟོང་རྒྱལ་བོ་བརྩོན་འགྲུས་བཟང་བོས་བཟོ་བཀོད་བྱས་པའི་ལྕགས་ཐག་གི་ཟམ་པ་དང་བོ་དེ་སྐྱིད་ཆུའི་ལྷ་གདོང་ཤན་ཁར་བཙུགས་པ་རེད། དེའི་རྗེས་སུ་ཁོང་གི་བོད་ཡུལ་གྱི་ཆུ་ཆེན་ཡར་ཀླུང་གཙང་བོ་དང་འབྲི་ཆུ་རྫ་ཆུ་ཉང་ཆུ་ལ་སོགས་དྲག་ཏུ་འབབ་པའི་ཆུ་བུའི་ཐོག་ཏུ་ལྕག་ཐག་གི་ཟམ་པ ༥༨ ཤིང་ཟམ ༦༠ ལ་སོགས་པ་བསྐྲུན་ཏེ་རང་ཉིད་ཀྱི་ཆུང་དུས་དམ་བཅའ་མངོན་གྱུར་བྱས་པ་རེད། ༼བོད་ཀྱི་སློབ་འབྲིང་དྲ་བ་ལས་བཤུས།༽

 

ཐང་སྟོང་གི་རྣམ་ཐར།

      ཐང་སྟོང་རྒྱལ་བོ་སྟེ་མཚན་དངོས་དཔལ་གྲུབ་པའི་དབང་ཕྱུག་བརྩོན་འགྲུས་བཟང་བོ་ནི། རབ་བྱུང་དྲུག་པའི་ལྕགས་མོ་གླང ༡༣༦༡ གི་ལོར་གཙང་སྟོད་ཀྱི་ཆབ་འོག་ངམ་རིང་རྫོང་གི་འོལ་ཀ་ལྷ་རྩེར། ཡབ་རྡོ་རྗེ་རྒྱལ་མཚན་དང་། ཡུམ་རྒྱ་ཐར་ལྷ་མོ་གཉིས་ཀྱི་སྲས་སུ་འཁྲུངས། གྲུབ་ཐོབ་ཀྱི་སྙན་པ་ཕྱོགས་ཀུན་ཏུ་ཁྱབ། ཤངས་པའི་ཆོས་བརྒྱུད་འཛིན། སྐུ་ཚེ་ཧྲིལ་བོར་ཆོས་ཀྱི་མཛད་པ་སྣ་ཚོགས་སྤེལ་བར་མཛད། ཁྱད་པར་དུ་ཁོང་ནི་བོད་མི་རིགས་ཀྱི་བཟོ་སྐྲུན་འཆར་འགོད་པ་ཕུལ་དུ་བྱུང་བ་ཞིག་ཡིན། སྐུ་ཆུང་ངུའི་དུས་ཁྱིམ་གཞི་དབུལ་ཞིང་ཕོངས་པའི་སྟབས་ཀྱིས་ཡབ་ཡུམ་གཉིས་ཀྱིས་ཁོང་དགོན་པ་བྱང་སྡིངས་སུ་ཆོས་སྐྱོང་དཔལ་བའི་དྲུང་དུ་ཀློག་ཡིག་བསླབ་པར་གྱུར། དེ་ནས་བྱང་སྡིངས་དགོན་དུ་ཉི་མ་སེང་གེའི་དྲུང་དུ་རབ་ཏུ་བྱུང་ཞིང་། མདོ་སྟོད་སྐྱ་རའི་དགོན་པར་བཀའ་ལྔ་བ་དཔལ་འབྱོར་ཤེས་རབ་ཀྱི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། མཚན་བརྩོན་འགྲུས་བཟང་བོ་གསོལ། ངམ་རིང་ཆོས་སྡེར་མཁས་པ་བློ་གྲོས་རྡོ་རྗེ་དང་། དཀོན་མཆོག་དར་རྒྱས་ལས་སྡེ་སྣོད་ཀྱི་རིགས་ལམ་མང་བོ་གསན། དེ་ནས་ས་སྐྱ་བཀའ་བཞིའི་གྲྭ་སྐོར་ལ་བྱོན། གྲྭ་སྐོར་བ་གཞན་རྣམས་ཀྱིས་མཁས་རློམ་གྱི་ང་རྒྱལ་ཆེན་པོ་བྱས་ཀྱང་། ཁོང་གིས་སྙན་གྲགས་དོན་གཉེར་མ་མཛད་པས། ཐང་སྟོང་རྒྱལ་བོར་བརྩོན་འགྲུས་སྨྱོན་པ་ཞེས་པའི་མཚན་ཡང་དེ་དུས་བཏགས་པར་གྲགས། དེ་ནས་གངས་བུ་ལེར་དར་མ་དཔལ་བ་ལས་ཆུའི་དཀའ་ཐུབ་ཀྱི་གདམས་པ་དང་། ལྷ་གདོང་བ་བསོད་ནམས་མཆོག་དང་། ཀུན་སྤངས་རིན་ཆེན་རྒྱལ་མཚན། རེད་མདའ་བ་གཞོན་ནུ་བློ་གྲོས། བྱ་འཕུར་བ་སོགས་ལས་གསང་སྔགས་གསར་རྙིང་དང་། མེ་རླུང་གི་སྒོམ་ཐབས་སོགས་མན་ངག་དུ་མ་གསན་ནས་གཅིག་ཏུ་མ་ངེས་པའི་དབེན་གནས་སུ་ལོ་མང་བོར་སྒོམ་སྒྲུབ་ལ་གཞོལ། ཐང་སྟོང་རྒྱལ་བོ་ཞེས་པའི་མཚན་གཙང་རྒྱས་སྡེའི་ཐང་ཁར་གསང་སྤྱོད་ལ་བཞུགས་སྐབས། ཁྱབ་གདལ་ཆེན་པོའི་ཐང་ཆེན་ན། སྟོང་ཉིད་རྟོགས་པའི་རྣལ་འབྱོར་བ། འཇིགས་མེད་རྒྱལ་བོ་ལྟ་བུར་བཞུགས། དེའི་ཕྱིར་ཐང་སྟོང་རྒྱལ་བོར་ཐོགས། ཞེས་རིགས་ལྔ་མཁའ་འགྲོས་གསོལ་བར་གྲགས། དེ་ནས་བཟུང་གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་བོ་ཞེས་མཚན་སྙན་ཕྱོགས་བརྒྱར་གྲགས་སོ། །རྒྱ་དཀར་ནག་དང་བོད་དབུས་གཙང་ཁམས་སོགས་ཡུལ་གྲུ་མང་བོར་ཕེབས་ནས་འགྲོ་དོན་མཛད། བོད་ཡུལ་སྟོད་སྨད་དུ་ལྷ་ཁང་བཞེངས་པ་དང་ལྕགས་ཟམ་གྲུ་ཤན་བཅས་མང་དུ་བཙུགས། ལྷ་ལྡན་གྱི་ལྕགས་པོ་རིར་ལྷ་ཁང་བཞེངས་ཤིང་སྨན་རྒྱལ་རི་ཞེས་མཚན་གསོལ། དེ་ནས་སློང་མོ་འཚོལ་བའི་ཐབས་ལ་བརྟེན་ནས་ད་ལྟའི་ལྷོ་ཁ་ས་ཁུལ་ཁོངས་འཕྱོངས་རྒྱ་རྫོང་ཁུལ་སྦས་སྣ་ཟེར་བའི་ཁྱིམ་ཆང་ཞིག་ལ་བུ་མོ་སྤུན་བདུན་ཡོད་པ་དེ་དག་ལ་བསྐུལ་ཏེ་གཉིས་ཀྱིས་རྔོན་པ། གཉིས་ཀྱིས་རྒྱ་ལུ། གཉིས་ཀྱིས་ལྷ་མོ། གཅིག་གིས་སིལ་དཀྲོལ། ཁོང་གིས་རྔ་རྡུང་གནང་སྟེ། ཟློས་གར་སྤུན་བདུན་ཞོལ་པ་མིང་རྒྱས་པ་ལ་འཕྱོངས་རྒྱབ་བཀྲ་ཤིས་ཞོལ་པ་སྦས་སྣ་སྤུན་བདུན་ཞེས་པའི་སློང་མོ་མཛད་ཅིང་། དེ་ནས་བཟུང་བོད་ཀྱི་ཟློས་གར་ལ་ལྷ་མོའི་ཟློས་གར་འཁྲབ་སྲོལ་དར་བ་ངག་རྒྱུན་དུ་གྲགས། བོད་ཀྱི་ཆོས་རྒྱལ་སོགས་ཀྱི་རྣམ་ཐར་ཟློས་གར་གྱི་ལམ་ནས་སྟོན་པ་དེང་སང་ཨ་ཅེ་ལྷ་མོ་ཞེས་གྲགས་པའི་འཁྲབ་གཞུང་བརྩམས། གསོ་བ་རིག་པའི་སྐོར་ལ་ཁོག་ནད་ཀུན་འཇོམས་རིལ་བུ་དཀར་བོ་དང་། གཉན་རིམས་འཇོམས་བྱེད་རིལ་བུ་དམར་བོ་སོགས་མན་ངག་མང་བོ་མཛད། ཁོང་གིས་བོད་མི་རིགས་ལ་ཕན་པ་ཡོད་པའི་བྱ་བ་གྲགས་ལས་འདས་པ་བསྒྲུབས། ལྷག་པར་དུ་ཆུ་ཆེན་རྣམས་ལ་ལྕགས་ཟམ་བཙུགས་སྟབས། བོད་རིགས་མི་དམངས་རྣམས་ཀྱིས་ཐང་སྟོང་རྒྱལ་བོ་ལ་སྙིང་དབུས་ནས་དགའ་གུས་དང་། དད་ཞེན་ཆེན་པོ་བྱེད་བཞིན་ཡོད། ཁོང་གི་འཁྲུངས་ལོ་དང་འདས་ལོ་ལ་བཤད་སྲོལ་སྣ་ཚོགས་ཡོད་དེ། ༼ཐང་སྟོང་རྒྱལ་བོའི་རྣམ་ཐར༽ནང་འཁྲུངས་ལོ་རབ་བྱུང་དྲུག་པའི་ལྕགས་གླང་ལོ ༡༣༦༡ དང་འདས་ལོ་རབ་བྱུང་བརྒྱད་པའི་ཤིང་སྦྲུལ་ལོ ༡༤༨༥ ཡིན་ཞེས་དང་། ༼བོད་རྒྱ་ཚིག་མཛོད་ཆེན་མོའི༽ནང་འཁྲུངས་ལོ་རབ་བྱུང་དྲུག་པའི་ཤིང་གླང ༡༣༨༥ ལོ་དང་འདས་ལོ་རབ་བྱུང་དགུ་བའི་ས་སྦྲུལ་ལོ ༡༥༠༩ ཡིན་ཞེས་བཀོད་ཡོད་ལ། ༼སངས་རྒྱས་བསྟན་པའི་ལོ་རྒྱུས་མདོར་བསྡུས༽ནང་ཡང་འཁྲུངས་ལོ་རབ་བྱུང་དྲུག་པའི་ཤིང་གླང་ལོར ༡༣༨༥ དང་འདས་ལོ ༡༤༤༦ ལོ་ཡིན་པར་བཀོད་ཡོད།༼ཨེ་ཝྃ་རིག་པའི་ཟིན་བྲིས་ལས་བཏུས།༽

 

ཐང་སྟོང་དང་ལྕགས་ཟམ།

      ༼དཔལ་གྲུབ་པའི་དབང་ཕྱུག་བརྩོན་འགྲུས་བཟང་བོའི་རྣམ་ཐར་ཀུན་གསལ་ནོར་བུའི་མེ་ལོང་།༽ཞེས་པའི་བོད་ཀྱི་ལོ་རྒྱུས་ཡིག་ཚགས་ནང་བཀོད་པར་གཞིགས་ན། སྙན་པའི་གྲགས་པ་ནོར་འཛིན་གཞི་མོའི་ཁྱོན་ཀུན་ཏུ་བོད་ཀྱི་ཕུལ་དུ་བྱུང་བའི་བཟོ་སྐྲུན་འཆར་འགོད་པ་དྲིན་ཅན་ཐང་སྟོང་རྒྱལ་བོ་རྒྱ་ནག་རི་བོ་རྩེ་ལྔར་བྱོན་ནས་མི་ཉག་དར་རྩེ་མདོར་འབྱོན་འཕྲོ། གྲྭ་བ་ཕོ་མོ་རྟ་དྲེའུ་དང་བཅས་པ་དར་རྩེ་མདོར་བཞག  གྲུབ་ཐོབ་ཐང་སྟོང་རྒྱལ་བོ་གཅིག་ཡུ་རྒྱ་ནག་རི་བོ་རྩེ་ལྔར་ཕེབས། རྒྱ་ནག་ལ་དུས་ཚོད་རིང་ཐུང་ཅི་འདྲ་བཞུགས་པ་སོགས་ཕྲན་ཆུང་བདག་གིས་མཇལ་བའི་ལོ་རྒྱུས་ཡིག་རིགས་མ་མཐོང་། དེའི་ཐད་རྒྱ་ཆེ་བའི་ཀུན་མཁྱེན་རྣམ་པས་ཞིབ་འཇུག་དང་ཁུངས་ལུང་འཚོལ་བར་འཚལ། དེ་ནས་རྒྱ་ནག་རི་བོ་རྩེ་ལྔ་ནས་གྲུབ་ཐོབ་ཆེན་པོ་སླར་ཡང་དར་མདོར་ཕེབས། དར་རྩེ་མདོ་ནས་གྲྭ་བ་ཕོ་མོ་རྙིང་བ་རྣམས་དང་ཁམས་པ་ཕྱགས་ཕྱིར་འབྲངས་པ་མང་བོས་རྟ་དྲེའུ་མཛོ་གཡག་སོགས་ལ་ཁལ་གང་ཐེག་བཀལ། མ་ཐེག་པ་རྣམས་རིམ་གྱི་དང་བླངས་སྟོབས་ཅན་ལ་བསྐུལ་ནས་མི་ཉག་གི་ཡུལ་མཁར་གླིང་དུ་ཕེབས། མི་ཉག་ཡུལ་གྲུ་ཀུན་གྱི་མི་ཚོས་གྲུབ་ཐོབ་ཆེན་པོ་ལྕགས་ཟམ་པ་ཕེབས་བྱུང་ཟེར་ནས་མདའ་རྩེ་དང་རྩེད་མོ་སྣ་ཚོགས་བྱེད་ཅིང་། ཇ་ཆང་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པ། ཚོགས་འཁོར་རྒྱ་ཆེན་པོ་དང་ཆོས་འབྲེལ་ཞུས། མི་ཞིག་གིས་རལ་གྲི་ཞིག་ཕུལ། མི་ཉག་ཡུལ་མཁར་གླིང་དུ་བཞུགས་པའི་སྐབས་སུ་མི་ཉག་ཡུལ་སྡེ་ཆེ་བས་རྒྱུན་དུ་འཐབ་རྩོད་བྱུང་ཞིང་དམེ་འཁྲུགས་མང་བོ་ཡོད་པ་ཞི་འཇགས་སུ་བཏང་། ཕོ་མོ་མང་དུ་ཚོགས་བྱུང་བར་ཆོས་འབྲེལ་མཛད། རྟ་དྲེའུ་གསེར་དངུལ་གོས་དར་སོགས་འབུལ་བ་མཐའ་ཡས་པ་བྱུང་། ཐང་སྟོང་རྒྱལ་བོས་མི་ཉག་གླིང་ཆུ་ཁྲ་མོ་ཡིས་འཇིག་རྟེན་གྱི་མི་རྣམས་ལ་བརྒལ་དཀའ་བའི་འཇིགས་སྣང་རྒྱུན་དུ་སྟེར་བ་མཁྱེན་ནས་མི་སེར་དག་གིས་འབུལ་བའི་རྒྱུ་ནོར་མཐའ་དག་གིས་ངར་ལྕགས་ཤ་སྟག་ཉོས་ནས་ལྕགས་ཐག་བཞི་ཅན་དཔྱང་བའི་ལྕགས་ཟམ་ཞིག་བཙུགས་པ་རེད། ལྕགས་ཟམ་དེ་ད་ལྟར་དར་མདོ་རྫོང་འགག་པ་ཤང་གི་མངའ་ཁོངས་སུ་ཡོད། ༼ཡོང་ཁུངས། བོད་ཀྱི་སློབ་འབྲིང་དྲ་བ།༽


གྲུབ་ཆེན་ལྕག་ཟམ་པ།

      ཐང་སྟོང་རྒྱལ་བོ་ནི་རབ་བྱུང་བཅུ་དྲུག་པའི་ཤིང་གླང་སྤྱི་ལོ ༡༣༨༥ ལོར་གཙང་སྟོད་ཀྱི་ཆབ་འོག་ངམ་རིང་རྫོང་གི་འོལ་ཀ་ལྷ་རྩེར་སྐུ་འཁྲུངས་ཤིང་། རབ་བྱུང་དགུ་བའི་ས་སྦྲུལ་སྤྱི་ལོ ༡༥༠༩ ལོར་སྐུ་མྱ་ངན་འདས། དགུང་ལོ་བརྒྱ་དང་ཉེར་ལྔར་བཞུགས་པར་གྲགས། ཁོང་ནི་ཤངས་པ་བཀའ་རྒྱུད་ཀྱི་བླ་མ་ཞིག་ཡིན་ཞིང་། གྲུབ་ཐོབ་ཀྱི་སྙན་གྲགས་ས་སྟེང་ཀུན་དུ་ཁྱབ་ཡོད། སྐུ་ཚེ་གང་བོར་འགྲོ་དོན་རྒྱ་ཆེར་མཛད་པ་སྟེ། ཟློས་གར་གྱི་ཐད་ནས་ལྷ་མོའི་ཟློས་གར་གྱི་འཁྲབ་གཞུང་བརྩམས་ཏེ། ཟློས་གར་ཆེན་མོ་བརྒྱད་སོགས་བྱུང་བ་དང་། གསོ་རིག་ཁོང་ནད་ཀུན་འཇོམས་རིལ་བུ་དཀར་བོ་དང་། གཉན་རིམ་འཇོམས་བྱེད་རིལ་བུ་དམར་བོ་སོགས་མན་ངག་མང་བོ་ཡོད། གཞན་ཡང་བོད་ཁ་བ་ཅན་གྱི་ལྗོངས་འདིར་ལྕགས་ཟམ་གསར་འཛུགས་བྱས་ཏེ། འགྲིམ་འགྲུལ་བྱ་བཞག་ཁྲོད་བླ་ན་མེད་པའི་བྱས་རྗེས་བཞག་མྱོང་།༼ཤེས་བྱ་དྲི་བརྒྱ་བ་ལས་བཏུས།༽


ཐང་སྟོང་རྒྱལ་བོ།

      རབ་བྱུང་དྲུག་པའི་ལྕགས་མོ་གླང༼༡༣༦༡༽ལོར་གཙང་ལ་སྟོད་གཡས་རུ་བྱང་མའི་ཆབ་འོག་འོ་བ་ལྷ་རྩེ་རིན་ཆེན་སྡིངས༼ངམ་རིང་རྫོང་ཁོངས་མདོ་སྤེ་ཆུས༽ལ་ཞིང་པའི་ཁྱིམ་ཚང་ཞིག་ཏུ་སྐུ་བལྟམས། རབ་བྱུང་བརྒྱད་པའི་ཤིང་མོ་སྦྲུལ༼༡༤༨༥༽ལོར་གཙང་སྟོད་རི་བོ་ཆེར་སྐུ་གཤེགས། དགུང་གྲངས་བརྒྱ་དང་ཉི་ཤུ་རྩ་ལྔ་འཚོ་ཞིང་བཞེས་པར་ངེས། ཐང་སྟོང་རྒྱལ་བོའི་ཡབ་རྡོ་རྗེ་རྒྱལ་མཚན་དང་། ཡུམ་རྒྱ་གར་ལྷ་མོ་གཉིས་ལ་རིགས་ཀྱི་མྱུ་གུ་ལྕམ་སྲིང་དྲུག་བྱུང་བ་སྟེ་སེ་རོ་དཔལ་དང་། སློབ་དཔོན་དཔལ་ཚུལ། འཕན་པོ། སྔ་དར། ཁྲོ་བོ་དཔལ་ལྡན། ལྕམ་མོ་དཔལ་འཛིན་རྡོ་རྗེ་མ་བཅས་ཡིན་པ་ལས་ལྔ་བ་ཁྲོ་བོ་དཔལ་ལྡན་ཞེས་པ་ནི་ཕྱིས་ཐང་སྟོང་རྒྱལ་བོར་འབོད་པ་དེ་ཡིན། ཐང་སྟོང་རྒྱལ་བོ་བྱིས་པའི་དུས་ནས་སྤྱང་གྲུང་འཛོམས་ལ་ཕན་སེམས་ཆེ་བ། རིག་པ་རྣོ་བས་ཕ་མ་གཉིས་ཀྱིས་ཁོང་དགོན་པ་བྱང་སྡིངས་སུ་ཆོས་སྐྱོང་དཔལ་བའི་དྲུང་དུ་ཀློག་ཡིག་བསླབ་པར་བསྐྱལ། གང་དེས་སྙིང་རུས་ཆེན་པོས་སློབ་གཉེར་མཛད་པས་རིང་བོར་མ་ཐོགས་པར་བོད་ཡིག་དང་། ལཉྩ། ཝརྟུ་སོགས་བརྡ་སྤྲོད་རིག་པའི་གནས་ལ་ཤིན་ཏུ་མཁས་པར་གྱུར། དེ་ནས་མ་ཡི་རེ་བ་ལྟར་དགོན་པ་བྱང་སྡིངས་སུ་ཉི་མ་སེངྒེའི་དྲུང་དུ་རབ་ཏུ་བྱུང་། མདོ་སྟོད་སྐྱ་རའི་དགོན་པར་དཀའ་ལྔ་བ་དཔལ་འབྱོར་ཤེས་རབ་ཀྱི་དྲུང་དུ་བསྙེན་པར་རྫོགས། མཚན་བརྩོན་འགྲུས་བཟང་བོར་བཏགས། ངམ་རིང་ཆོས་སྡེར་མཁས་པ་བློ་གྲོས་རྡོ་རྗེ་དང་། དཀོན་མཆོག་དར་མ་ལས་སྡེ་སྣོད་ཀྱི་རིག་ལམ་མང་བོ་གསན། དེ་རྗེས་ས་སྐྱར་བཀའ་བཞིའི་གྲྭ་སྐོར་ལ་བྱོན། དེ་ནས་གངས་བུ་ལེར་དར་མ་དཔལ་བ་ལས་ཆུའི་དཀའ་ཐུབ་ཀྱི་གདམས་པ་དང་། ལྷ་གདོང་པ་བསོད་ནམས་མཆོག་དང་། ཀུན་སྤངས་རིན་ཆེན་རྒྱལ་མཚན། རེད་མདའ་བ་གཞོན་ནུ་བློ་གྲོས། བྱ་ཕུར་བ་སོགས་ལས་གསང་སྔགས་གསར་རྙིང་དང་། མེ་རླུང་གི་སྒོམ་ཐབས་སོགས་མན་ངག་དུ་མ་གསན་ནས་གཅིག་ཏུ་མ་ངེས་པའི་དབེན་པའི་གནས་སུ་ལོ་མང་རིང་སྒོམ་སྒྲུབ་ལ་གཞོལ། དེ་ནས་བལ་ཡུལ་དུ་ཕེབས་ནས་བྷ་རོ་མ་ནུ་དྷ་རས་གསེར་དངུལ་སོགས་ཆ་རྐྱེན་དུ་མཛད་ནས་འཕགས་པ་ཤིང་ཀུན་ལ་སྐུ་དཀར་གསོལ་ཞིང་། བྱ་རུང་ཁ་ཤོར་ལ་ཉམས་གསོ་ལེགས་པོ་མཛད། ལོ་བཅོ་བརྒྱད་ཙམ་རིང་བལ་ཡུལ་དང་རྒྱ་གར་ཕྱོགས་འབྱོན་བཞུད་ཀྱིས་རྡོ་རྗེ་གདན་དང་། ཟངས་གླིང་སོགས་ལ་ཕབ། གྲུབ་ཐོབ་མང་བོ་ལ་ཆོས་གསན། རྡོ་རྗེ་གདན་དང་ཉེ་བའི་གསང་བ་རྡོ་རྗེ་ཕུག་ཏུ་སྔགས་རྙིང་མའི་གྲུབ་ཐོབ་སྐལ་ལྡན་རྡོ་རྗེ་གྲགས་པ་ཞེས་པ་ལས་རྙིང་མའི་ཆོས་སྐོར་མ་ལུས་པ་གསན། ཉམས་རྟོགས་ཁྱད་པར་ཅན་རྒྱུད་ལ་འཁྲུངས། སླར་བོད་ལ་ཕེབས་ནས་ཟབ་ཆོས་དེ་དག་གཏེར་དུ་སྦས། དེ་ནས་ཡུམ་རྒྱ་གར་ལྷ་མོ་འདས་པའི་གདུང་རུས་ལ་སངས་རྒྱས་བྱང་སེམས་མང་བོའི་ས་པར་བཏབ་ནས་མཆོད་རྟེན་བརྩིགས་པ་དང་། གསུང་རྟེན་གསེར་བྲིས་ཀྱི་མདོ་སྡུད་པ། སྐུ་རྟེན་ལ་བྲིས་ཐང་བཞེངས་པ་བཅས་ནི་རྟེན་བཞེངས་ཀྱི་ཐོག་མ་ཡིན་གསུངས། ཐང་སྟོང་རྒྱལ་བོ་ཞེས་མཚན་ཐོགས་ཚུལ་ནི། ཁྱབ་གདལ་ཆེན་པོའི་ཐང་ཆེན་ན། །སྟོང་ཉིད་རྟོགས་པའི་རྣལ་འབྱོར་པ། །འཇིག་རྟེན་རྒྱལ་བོ་ལྟ་བུར་བཞུགས། །དེ་ཕྱིར་ཐང་སྟོང་རྒྱལ་བོ་ཐོབ། །ཅེས་གཙང་རྒྱལ་སྡེའི་ཐང་ཁར་བཞུགས་པའི་དུས་དེ་ནས་ཡོངས་གྲགས་སུ་གྱུར། ཐང་སྟོང་རྒྱལ་བོ་ནི་གནས་མཆོག་ཀུན་ཏུ་རྒྱུ་བའི་རྣལ་འབྱོར་པ་ཞིག་ཀྱང་ཡིན་པས་ཐེངས་གཅིག་ཚལ་གུང་ཐང་ནས་ལྷ་སར་འབྱོན་པའི་ལམ་བར་ལྷ་གདོང་ཤན་པར་གྲུ་དཔོན་ལ་གླ་རྔན་གནང་རྒྱུ་མ་བྱུང་བས་ལ་ཁར་ཇག་པ་དང་ཆུ་ཁར་མཉན་དཔོན་གྱི་དཔེ་ལྟར་གྲུ་དཔོན་གྱིས་ཁོང་གི་དབུ་ལ་ཤན་སྐྱ་ལན་གསུམ་གཞུས་ཏེ་ཆུ་ནང་དུ་བསྐྱུར་བས་ཐུགས་ཡིད་ཤིན་ཏུ་ཕམ་པ་ཞིག་བྱུང་བ་མ་ཟད། ཉམ་ཐག་གི་སྐྱེ་བོ་བགྲང་ལས་འདས་པ་ཞིག་ཀྱང་འདི་དང་འདི་འདྲའི་བརྙས་བཅོས་དང་དཀའ་སྡུག་མྱོང་དགོས་པ་ཤུགས་ཀྱིས་མཁྱེན་ནས་སླར་ཐུགས་ཀྱིས་མ་བཟོད་པར་ཆུ་ཀླུང་བརྒལ་མི་བཏུབ་པ་རྣམས་ལ་ལྕགས་ཀྱི་ཟམ་པ་འཛུགས་རྒྱུའི་མི་ཕྱེད་པའི་དམ་བཅའ་ཐུགས་ལ་བཀོད། དེ་ནས་འབངས་དུ་མས་བཙལ་བའི་གསེར་ཞོ་བརྒྱ་ཐམ་པ་ཕྱག་རྫས་སུ་བསྣམས་ཏེ་ཀོང་བོར་ལྕགས་འཚོལ་བར་ཕེབས། དེ་ལྟར་རིམ་བཞིན་དད་འདུས་ཀྱི་སློབ་མ་ལྔ་བཅུ་ཕམ་བྱུང་བ་རྣམས་ཁྲིད་དེ་སྔ་རྗེས་སུ་ཀོང་ཡུལ་སྟེང་རྩ་དང་། བྷ་ཁ། སྨན་མོ་སྒང་སོགས་ལ་ཕེབས་ཤིང་། ས་ཆ་དེ་ཚོའི་མང་ཚོགས་ལ་ལྕགས་ཟམ་འཛུགས་པའི་དགོས་པ་དགེ་མཚན་དྲིལ་བསྒྲགས་ཏེ་ལྕགས་ཀྱི་སློང་མོ་མཛད་པ་དང་དུས་མཚུངས་རང་ཉིད་འཁོར་བཅས་ལྕགས་ཁ་སྔོག་འདོན་གྱི་ལས་ལ་བཞུགས། ལྷག་པར་ཀོང་བོ་སྨན་མོ་སྒང་དུ་ཚོགས་ཁང་ཀ་བ་བཅུ་གཉིས་ཟླ་བ་གཅིག་ལ་གྲུབ་ནས་ལྕགས་ཀྱི་གཏེར་ཁ་སྟོབས་ཆེ་བ་བཏོན། ཀོང་བོ་བ་རྣམས་ཀྱིས་ཕུལ་བ་ལ་དམིགས་རྟེན་མཛད། མགར་བ་མང་བོ་བསགས་ནས་ལྕགས་བརྡུང་དགོས་དགོངས་པའི་ཚེ་ཀོང་བོ་བ་དོན་གྲུབ་རྒྱལ་བོས་ལྕགས་ཁུར་བོ་བཅུ་གསུམ་ཕུལ་བ་སོགས་ལྕགས་ཧ་ཅང་མང་བོ་བྱུང་བར་ཀུན་དགའ་སོགས་ལྕགས་ཧ་ཅང་མང་བོ་བྱུང་བར་ཀུན་དགའ་སོགས་མགར་བ་མང་བོ་དང་ལྷན་ཅིག་ཏུ་བཟོ་མཛད། ཞག་བཅོ་བརྒྱད་ཀྱི་རིང་ལ་ལྕགས་ཐག་འདོམ་བཅོ་བརྒྱད་ཡོད་པ་བཞི་གྲུབ་པས་མཚོན་ལྕགས་གུག་རྐང་བུ་སྟོང་ཕྲག་མང་བོ་བཟོ་རྡུང་མཛད། དེ་དག་སྐྱེལ་འདྲེན་གྱི་མཛོ་གཡག་ཀྱང་ཀོང་བོ་བ་རྣམས་ལ་སྐུལ་མ་གནང་སྟེ་ཐོག་མ་ཁོ་ནར་མཛོ་ཉིས་བརྒྱ་བཞི་བཅུ་ལ་ལྕགས་བཀལ་ནས་དབུས་གཙང་ཕྱོགས་སུ་བརྫངས། ཐང་སྟོང་རྒྱལ་བོ་རང་ཡང་གཙང་སྟོད་དུ་ཕྱིར་ཕེབས་ནས་འབུལ་བ་བྱུང་ཚད་ལྕགས་ལ་བསྒྲིལ་ཏེ་ལྕགས་གུག་རྐང་བུ་བརྡུངས་ནས་རྐང་བུ་བཅོ་ལྔ་ལ་དོས་ཚང་བྱས་པའི་ལྕགས་ཕུར་སྟོང་ཕྲག་གཅིག་དང་སུམ་བརྒྱ་བྱུང་བ་པ་གྲོ་བ་རྣམས་ཀྱིས་མ་བསྐུལ་དང་བླངས་ཀྱི་སྒོ་ནས་ཕག་རི་བར་བསྐྱལ། ལྕགས་ཕུར་སྟོང་ཕྲག་གཅིག་དང་བརྒྱ་ལ་སྟོད་བྱང་ལ་དྲངས། གཞན་ཡང་དབུས་གཙང་ཁམས་གསུམ་དང་མོན་ཡུལ་སོགས་ལ་ཕེབས་ནས་ལྕགས་མང་བོ་བསྒྲུབས། དེ་རྗེས་སླར་ཡང་ཀོང་ཡུལ་ལ་ཕེབས་པར་ཆབ་དཀར་ནག་སོགས་ཀོང་བོའི་ཡུལ་གྲུ་ཁག་ལ་ལྕགས་ཀྱི་གཏེར་ཁ་མི་གཅིག་པ་མང་བོ་བརྡོལ་བ་སྟབས་འགྲིགས་པས་ལྕགས་ཀྱི་འབུལ་བ་མཐའ་ཡས་པ་བྱུང་བ་དང་དུས་མཚུངས་སྔ་ས་ནས་ཀོང་བོ་རྩ་གོང་དུ་ཆེད་དུ་མངགས་ནས་བཞག་པའི་སློབ་མ་རྣམས་ཀྱིས་ཀྱང་ཐང་སྟོང་རྒྱལ་བོ་ཀོང་ཡུལ་ཙ་ཀོང་དཔལ་གྱི་གནས་གསར་དུ་ཕེབས་པའི་སྐུ་གདོང་དུ་ལྕགས་གུག་རྐང་བུ་དོས་མགོ་སུམ་བརྒྱ་དུས་གཅིག་ཏུ་སྤུངས། དེ་ནས་ཐང་སྟོང་རྒྱལ་བོ་ལ་སྟོད་ཕྱོགས་སུ་ཕྱིར་ལོག་ཕེབས་རྗེས་དཔོན་སློབ་མ་ཆོས་སྒྲོན་ཀོང་ཙ་གོང་ལ་མངགས་པ་ལྟར་དེ་གར་ལྕགས་གུག་རྐང་བུའི་ཕུང་པོ་རི་ཆུང་ཙམ་ཡོད་པ་རྣམས་ཀོང་བོ་བ་ཚོར་རྔན་པ་ཆེན་པོ་གནང་ནས་བརྫངས་པས་ཉ་མགོ་གྲུ་ཁར་ཕེབས། དེ་ལྟར་ཐང་སྟོང་རྒྱལ་བོས་ཡུལ་གྲུ་མང་བོར་སློང་མོ་མཛད་པའི་ལྕགས་དང་རང་ཉིད་འཁོར་བཅས་ཀྱིས་ལྕགས་ཁ་སྔོག་འདོན་གནང་ནས་བྱུང་བའི་ལྕགས་རྣམས་ལས་ལྕགས་གུག་རྐང་བུ་ཁྲི་ཕྲག་དུ་མ་བཟོ་སྐྲུན་མཛད་དེ་ལྕགས་ཟམ་འཛུགས་ཡུལ་གྱི་ས་ཆ་ཁག་ལ་དྲངས་སོ། །ལྕགས་ཟམ་འཛུགས་ས་ལྷ་གདོང་ཤན་ཁར་ཕེབས་སྐབས་སྐུ་ངལ་ཆེན་པོ་ཕྲད་པས་ཐོག་མར་སྐྱིད་ཆུའི་གྲུ་ཁ་འདི་ཉིད་དུ་ལྕགས་ཟམ་འཛུགས་རྒྱུའི་དམ་བཅའ་བཀོད་ཡོད་པ་ལྟར་དགུང་གྲངས་བདུན་ཅུ་ཞེས་པ་རབ་བྱུང་བདུན་པའི་ལྕགས་ཕོ་ཁྱི༼༡༤༣༠༽ལོར་ལྷ་སར་ཕེབས་ནས་སྡེ་བ་སྐྱིད་ཤོད་པ་དང་ཁུལ་དེའི་སེར་སྐྱ་ཀུན་ལ་གཙང་བོའི་ལྷོ་བྱང་གཉིས་སུ་རྡོ་གསོག་པའི་སྐུལ་མ་གནང་བར་ལྕགས་ཟམ་འཛུགས་མི་ཐུབ་ཟེར་བ་སོགས་མ་འདོད་པའི་གཏམ་སྣ་ཚོགས་བྱུང་ཡང་། མི་སེར་རྣམས་ཀྱིས་རྡོ་བ་མང་དུ་བསགས་ནས་ཆུའི་བྱང་དུ་ཟམ་རྟེན་བརྩིགས་ཤིང་། ལྷོ་ཕྱོགས་སུ་བྲག་ལ་ལྕགས་ཕུར་བཏབ་ནས་ལྕགས་ཐག་གི་སྣེ་གཉིས་བཀལ། ལྕགས་ཟམ་ལ་འདོགས་བྱེད་ཐག་པ་འབུལ་མཁན་མ་བྱུང་བར་སྡེ་བ་སྐྱིད་ཤོད་པ་ལ་ཐང་སྟོང་རྒྱལ་བོས་ཁོ་བོས་ཤར་ཀོང་བོའི་ཡུལ་ནས་ལྕགས་འདི་ཙམ་འཁྱེར་ཡོད་ཀྱང་ཁྱེད་ཀྱིས་ཐག་པ་ཙམ་ཞིག་ཀྱང་མི་སྟེར་བ་བསམ་པ་ཆུད་ཅེས་གསུངས་པ་དང་། མཐར་སྐྱིད་ཤོད་ཕུ་མདའི་མི་སེར་རྣམས་ཀྱིས་ཐག་པ་མི་ཁུར་བརྒྱ་ཕུལ་བ་ལྕགས་ལ་བཏགས་པ་བཅས་ལོ་དེ་རང་ལ་ལྕགས་ཟམ་ལེགས་པར་གྲུབ། དུས་དེ་ནས་བཟུང་གྲུབ་ཐོབ་ལྕགས་ཟམ་པ་ཞེས་སྙན་པའི་གྲགས་པ་ཕྱོགས་ཀུན་ཏུ་ཁྱབ་པར་གྱུར་ཏོ། །གཞན་ཡང་ཡར་ལུང་ཉ་མགོ་གྲུ་ཁའི་ལྕགས་ཟམ་འཛུགས་པའི་ཚུལ་ནི་མདུང་ཤིན་ཏུ་རིང་བ་ལ་འཕྱར་དར་གྱིས་མཛེས་པ་གཙང་བོའི་དབུས་སུ་བཙུགས། ལྷོ་བྱང་གཉིས་ཀ་ལ་རྡོ་ཤིན་ཏུ་དཀོན་ཡང་བྱེ་མའི་གསེབ་ནས་རྡོ་བཏོན་ཏེ་ཤན་དང་ཀོ་བ་རྣམས་སུ་བཅུག དར་ཆེན་གྱི་དྲུང་དུ་སླེབས་པ་དང་རྡོ་རྣམས་ཆུ་ཀླུང་ཆེན་པོ་ལ་བསྐྱུར། ཟམ་འབུམ་ལེགས་པར་གྲུབ། ལྕགས་རྣམས་སྦྲེལ་ནས་དབུས་གཙང་ཐམས་ཅད་ཀྱི་ཆུ་དྲིལ་བའི་རྒྱ་མཚོ་མེར་བ་ལྟ་བུའི་བྱང་གི་ཕྱོགས་ལ་ཟམ་མིག་སུམ་ཅུ་རྩ་གཉིས་དང་བཅས་པ་རབ་བྱུང་བརྒྱད་པའི་ཤིང་མོ་སྦྲུལ༼༡༤༨༥༽ལོའི་ཧོར་ཟླ་བདུན་པའི་ཚེས་བཅོ་ལྔའི་ཡན་ལ་ལེགས་པར་གྲུབ་པ་བཅས་འདི་ནི་ཐང་སྟོང་རྒྱལ་བོས་འཛུགས་པར་མཛད་པའི་མཐའ་མཇུག་གི་ལྕགས་ཟམ་དེ་ཡིན། ཐང་སྟོང་རྒྱལ་བོས་འཛུགས་སྐྲུན་གནང་བའི་ལྕགས་ཟམ་རྣམས་ཁག་གསུམ་ལ་དབྱེ་ཆོག་པ་སྟེ་ཐད་ཀར་ཇུས་འདོན་སྣེ་ཁྲིད་ཀྱིས་བསྐྲུན་པ་ལྷ་ས་སྐྱིད་ཆུའི་ལྕགས་ཟམ་ལྟ་བུ་དང་། ཇུས་འགོད་དང་། གཞི་འདིང་བ། ལྕགས་ཐག་འཐེན་པ་སོགས་འགག་རྩའི་གནས་སྐབས་སུ་རང་ཉིད་ངོ་མ་ཞུགས་ཤིང་། བར་གྱི་བྱ་བ་བུ་སློབ་རྣམས་སྒྲུབ་ཏུ་བཅུག་པ་ཆུ་བོ་རིའི་ལྕགས་ཟམ་ལྟ་བུ། བུ་སློབ་རྣམས་མངགས་རྫོང་གནང་ནས་བསྐྲུན་པ་ཡར་ལུང་ཉ་མགོ་གྲུ་ཁུའི་ལྕགས་ཟམ་ལྟ་བུའོ། །གང་དེས་དབུས་གཙང་ཁམས་གསུམ་ལ་བསྡོམས་ལྕགས་ཟམ་ལྔ་བཅུ་ང་བརྒྱད། ཤན་ཆེན་དང་གྲུ་འདྲེས་པ་བརྒྱ་དང་བཅོ་བརྒྱད། ཤིང་ཟམ་དྲུག་ཅུ་ཐམ་པ། སྐུའི་རྟེན་རྒྱབ་མཐོ་སུམ་ཅུ་སོ་བདུན་ཆེ་ཚད་དང་། ཆུང་ཚད་མཁྱིད་གང་ལས་བྱས་པའི་རིན་པོ་ཆེ་གསེར་དངུལ་བྱུ་རུ་མུ་མེན་སྤོས་ཤེལ་དུང་རྣམས་ལས་གྲུབ་པ་བརྒྱ་ཕྲག་དུ་མ། འཇིམ་པ་ལས་གྲུབ་པ་རྒྱབ་མཐོ་ལྔ་བཅུ་ང་ལྔ་ནས་མཐོ་གསུམ་མའི་བར་སྟོང་ཕྲག་ལྔ། གྱང་རིས་རས་བྲིས་བསམ་གྱིས་མི་ཁྱབ་པའི་འདུ་ཁང་དང་གཙུག་ལག་ཁང་བརྒྱ་དང་ཉི་ཤུ། གསུང་གི་རྟེན་གསེར་ལས་གྲུབ་པའི་བཀའ་འགྱུར་ཞིག་གི་མགོ་བྱས་བཀའ་འགྱུར་བཅོ་བརྒྱད། བསྟན་འགྱུར་བཅོ་ལྔ། ཐུགས་ཀྱི་རྟེན་དཔལ་རི་བོ་ཆེའི་མཆོད་རྟེན་ཆེན་པོའི་ཕྱོགས་རེ་ལ་ཕོ་འདོམ་བཞི་བཅུ་ཡོད་པ་ཆེ་ཚད་དང་ཕྱོགས་རེ་ལ་འདོམ་བརྒྱད་ཡོད་པས་ཆུང་ཚད་བྱས་པའི་མཆོད་རྟེན་བརྒྱ་དང་བཅུ་གཅིག དབེན་གནས་ཐར་པ་གླིང་ལ་སོགས་པ་སྒྲུབ་སྡེ་མང་བོ་དང་སེམས་ཅན་གྱི་སྲོག་སྐྱོབ་པ། སྦས་ཡུལ་དང་མཐའ་འཁོབ་རྣམས་སུ་གནས་སྒོ་འབྱེད་པ་སོགས་དང་། ཐོག་མར་ལྕགས་ཟམ་གྱི་མཐུན་རྐྱེན་སྒྲུབ་བྱེད་དུ་བོད་ཀྱི་ལྷ་མོའི་ཟློས་གར་གསར་གཏོད་གནང་བ་དང་། ཐང་སྟོང་རྒྱལ་བོས་འཛུགས་སྐྲུན་གནང་བའི་ལྕགས་ཟམ་དེ་རྣམས་བཟོ་དབྱིབས་ཀྱི་ཐད་ནས་བཤད་ན་དཔྱང་ཟམ་ཡིན་པ་དང་། དེ་ཡང་རིང་ཚད་དང་ཞེང་ཚད་སྣ་ཚོགས་པ་ཞིག་ཡོད་པ་ལས་རིང་བའི་ཚད་ལ་སྤྱི་ཁྲེ་བརྒྱ་ལྷག་ཙམ་དང་ཐུང་བའི་གྲས་ལ་སྤྱི་ཁྲེ་ལྔ་བཅུ་ཙམ་དུ་ཡོད། ཞེང་ཚད་ལ་ལར་སྤྱི་ཁྲེ་གཉིས་ཙམ་དང་། མང་ཆེ་བར་སྤྱི་ཁྲེ་གང་དང་སྤྱི་སྐར་ལྔ་བཅུའི་ཚད་དུ་ཡོད་པར་སྣང་། ཟམ་པ་རྒྱག་ཡུལ་གྱི་ས་བབ་དང་། གཙང་བོའི་ཞེང་ཚད། གཏིང་ཚད་སོགས་ལ་གཞིགས་ཏེ་མི་འདྲ་བའི་ཁྱད་པར་ཡོད་པ་ནི། གཙང་བོ་ཁ་ཞེང་ཆེ་ཡང་གཏིང་ཚད་ཧ་ཅང་ཟབ་མོ་མེད་ལ་འབབ་རྒྱུན་གཟར་ཚད་ཀྱང་ཆེན་པོ་མེད་པའི་རིགས་ལ་ཆུ་ཀླུང་གི་དབུས་སུ་ཟམ་འབུམ་བརྩིགས་ཡོད་པ་དང་། གཏིང་ཚད་ཟབ་ལ་ཆུ་འགྲིལ་ཆེ་ཞིང་། འབབ་རྒྱུན་གཟར་བོའི་རིགས་ལ་ལྕགས་ཐག་ཡུག་གཅིག་གིས་སྦྲེལ་བ་དེ་ལ་ཡང་ལྕགས་སྣེ་གཉིས་ཀ་ཟམ་རྔུར་ལ་བརྟེན་པའམ། གཞོགས་གཅིག་བྲག་རིར་རིང་ཚད་སྤྱི་ཁྲེ་གཉིས་ཙམ་དང་སྦོམ་ཚད་སྤྱི་སྐར་དྲུག་ཙམ་ཡོད་པའི་ལྕགས་ཕུར་བཏབ་ནས་ལྗིད་ཚད་རྟེན་བྱེད་རྡོ་རྩིག་གི་སྟེགས་བུ་སྲ་བརྟན་བརྒྱབ་ཡོད། ལྟོ་བར་བུ་ག་ཕུག་པའི་རྡོ་སྒོར་མོ་བར་མཚམས་ངེས་ཅན་དང་བཅས་སྟར་དུ་བསྒྲིགས་པར་ལྕགས་ཐག་བརྒྱུས་ཏེ་མཚམས་མཚམས་ལ་རྒྱབ་བཀག་ལྕགས་ཕུར་བཏབ་ནས་རྡོ་ཆེན་སྒོར་མོ་དེ་རྣམས་ཟམ་རྔུར་དང་ཟམ་འབུམ་གྱི་དཀྱིལ་དུ་བཙུད་དེ་གཡས་གཡོན་རྡོ་རྩིག་གིས་བསྡོམས་ནས་ལྗིད་ཚད་བརྟེན་ཐུབ་པ་བཟོས་ཡོད། ཟམ་འབུམ་དང་ཟམ་རྔུར་གྱི་མདུན་ངོས་ལྕགས་ཐག་འགེལ་སར་གདུང་མ་འཕྲེད་དུ་བཀལ་ཡོད་པ་དེ་ལ་མི་སེར་ཚོས་གཉའ་ཤིང་ཞེས་འབོད་སྲོལ་འདུག ལྕགས་ཐག་འཁྱོམ་པའི་སྐབས་བརྡར་ཤུགས་ཆེ་བས་རྡོ་ལ་མ་རེག་པར་གདུང་མ་དེ་དག་གིས་ལྕགས་ཐག་ལ་ཟོན་སྐྱོར་གྱི་ཕན་ཆ་ཡོད་འདུག་ཅིང་། གདུང་མ་བརྡར་ཟད་དུ་གྱུར་པའི་ཚེ་གསར་དུ་བརྗེ་ཆོག སོ་མའི་ཐག་པས་ལྕགས་ཐག་ཕན་ཚུན་སྦྲེལ་བའི་དྲ་མིག་གི་སྟེང་དུ་རྡོག་ཤིང་ཞེས་པ་པང་ལེབ་གཏིང་ནས་ཅི་བདེར་བགྲོད་ཆོག་པ་ཡོད། གཞན་ཡང་ལྕགས་ཐག་གཉིས་གཤིབ་དང་བཞི་སྦྲགས་སྣ་ཚོགས་ཡོད་པ་མ་ཟད། ལྕགས་ཐག་ཕྲ་སྦོམ་འདྲ་མིན་ཡོད་པ་ལས་འགྲུབ་བཞུད་ཆེ་ཞིང་ཟམ་ཐག་རིང་བའི་གྲས་ལ་བྱིས་པ་ལོ་བརྒྱད་ལོན་པའི་ལག་ངར་ཙམ་དང་། ཐུང་བའི་རིགས་ལ་དེ་ལས་ཅུང་ཟད་ཕྲ་བ་ཡོད། ལྕགས་གུག་རྐང་བུའི་འགྲིག་ཁ་མིག་བཙུམས་པ་ལྟར་མཐུད་ཀ་གང་ཡིན་མངོན་མི་ཐུབ་པ་མ་ཟད། ལྕགས་རྣམས་ཞུན་ཧ་ཅང་དོག་པོ་ཡོད་པའི་ཐོག་ལུ་གུ་རྒྱུད་དུ་སྦྲེལ་བའི་ལྕགས་གུག་རྐང་བུ་སྟོང་ཕྲག་མང་བོ་ཀོང་གཅིག་ཏུ་བླུགས་པ་ལྟ་བུའི་བཟོ་བཀོད་གཅིག་མཚུངས་འཇམ་ཤ་དོད་པ་བཅས་འདུག ལོ་ངོ་བརྒྱ་ཕྲག་མང་བོའི་རིང་ལ་ཆར་རྒྱུན་དྲག་པོའི་འོག་ཏུ་གནས་ཀྱང་བཙའ་མི་རྒྱག་པ་དང་ལྕགས་ཀྱི་རང་མདོག་མ་ཉམས་པར་ཡོད་པ་སོགས་ཁྱད་ཆོས་མང་བོ་མིག་ལམ་དུ་འདྲེན་རྒྱུ་ཡོད། ལོ་རབས་ལྔ་བཅུ་བའི་དུས་སྐབས་ཙམ་ལའང་བོད་ལྗོངས་ཀྱི་འགྲིམ་འགྲུལ་ཐོག་ལ་ཕན་ནུས་ཡོད་པ་མ་ཟད། འགྲིམ་འགྲུལ་མི་བདེ་བའི་ལུང་ཁུག་འགའ་ཞིག་ཏུ་ད་ལྟ་ཡང་ལྕགས་ཟམ་དེ་ཚོའི་ཐོག་འགྲུལ་བཞུད་བྱེད་མུས་སུ་ཡོད། སྔར་སོང་རང་བྱུང་འགྱུར་བའི་ལོ་རབས་ནང་ཉམས་གསོ་དང་། བདག་གཅེས་མེད་པས་ཉམས་ཞིག་ཏུ་གྱུར་པ་དང་། བོད་འདིར་སྔར་སོང་མི་ལོ་ཉིས་སྟོང་ཙམ་གྱི་སྔོན་ནས་ཆུ་ཆེན་པོར་ཟམ་པ་འཛུགས་པའི་རིག་པ་དང་ལག་རྩལ་ཡོད་པ་ཙམ་དུ་མ་ཟད། ཐང་སྟོང་རྒྱལ་བོ་ནི་དར་མ་དཔལ་བ་སོགས་ལས་མེ་རླུང་དང་ཆུའི་དཀའ་ཐུབ་ཀྱི་གདམས་ངག་ཐོབ་རྗེས་སྦྱོང་བ་མཐར་ཕྱིན་མཛད་མྱོང་བ་ཞིག་ཡིན་པས་མེ་རླུང་གི་སྒོམ་དང་ཆུའི་དཀའ་ཐུབ་ལྷུར་བླངས་ཏེ་ཕུང་ཁམས་ཀྱི་རང་འཕེལ་བདེ་བགྲོད་ཀྱི་ནུས་པ་སོགས་ལ་བརྟེན་ནས་གྲང་ངར་བཟོད་ཐུབ་པ་དང་ཆུས་མི་ཚུགས་པ་སོགས་དམིགས་བསལ་གྱི་ཁྱད་ནུས་ཐོན་རྒྱུ་ཡོད་པ་ནི་ཕུང་ཁམས་ཀྱི་འགྱུར་བའི་རྒྱུ་མཚན་ཡིན། ཐང་སྟོང་རྒྱལ་བོ་ནི་བོད་རིགས་མི་དམངས་ཀྱིས་རྒྱུས་མངའ་ཆེ་ཤོས་དང་མོས་གུས་ཆེན་པོ་ཞུ་བའི་ལོ་རྒྱུས་ཐོག་གི་མི་སྣ་ཞིག་ཡིན་ཅིང་། དེའི་རྒྱུ་མཚན་གཙོ་བོ་ནི་ཁོང་གི་སྐུ་ཚེ་གཅིག་རིང་མི་དམངས་ལ་ཕན་ཐོགས་ཡོད་པའི་བྱ་བ་བཟང་བོ་ཇི་སྙེད་མཛད་པ་དང་། ལྷག་པར་ལྕགས་ཟམ་འཛུགས་སྐྲུན་དང་ལྷ་མོ་གསར་བཏོད་གནང་བ་སོགས་ཡིན། གང་དེའི་བཀའ་དྲིན་ལ་རྗེས་དྲན་ཞུ་ཆེད་སྔ་དུས་ཁྱིམ་ཚང་སོ་སོར་ཐང་སྟོང་རྒྱལ་བོའི་སྐུ་བརྙན་རེ་བསྟན་པའམ་ཡང་ན་གནས་ཁང་གསར་བར་སྤོ་སྐབས་ཐོག་མར་ཐང་སྟོང་རྒྱལ་བོའི་སྣང་བརྙན་གདན་འདྲེན་པ་སོགས་བྱེད་སྲོལ་ཡོད། ༼དུང་དཀར་ཚིག་མཛོད་ཆེན་མོ་ལས་བཏུས། ༽

 

བླ་མ་ཐང་སྟོང་།

      མངོན་དགའ་ཆོས་སྡེ་ནས་སྤྱི་ལེ ༥ ཙམ་མར་ཡོང་ནས་ཆུ་ཕར་མ་ཐོན་པར་ཤར་ངོས་སུ་ཅུང་ཟད་སོང་ན་གཙང་རྒྱལ་སྡེ་ཐང་ཞེས་ཚེར་ཐང་གི་དཀྱིལ་དུ་མཆོད་རྟེན་དེ་མཇལ་རྒྱུ་ཡོད། མཆོད་རྟེན་དེ་ནི་ཐོག་མར་ཐང་སྟོང་རྒྱལ་བོ་གསོལ་གྲོད་སྙུན་བཞིན་གནས་དེར་ཕེབས་ཏེ་རྡོ་ཆེན་པོ་ཞིག་གི་སྟེང་དུ་བཞུགས་པའི་ཚེ། མཁའ་འགྲོ་སྡེ་ལྔ་ལུག་རྫིར་སྤྲུལ་ཏེ་ཐང་སྟོང་གི་མདུན་དུ་ཕེབས་ཏེ་གསོལ་སྨན་ཕུལ་བས་གསོལ་གྲོད་བཤལ་ཏེ་སྙུན་གཞི་དྭངས། དེ་ནས་མཁའ་འགྲོས་ཁྱབ་གདལ་ཆེན་པོའི་ཐང་ཆེན་ན། སྟོང་ཉིད་རྟོགས་པའི་རྣལ་འབྱོར་པ། འཇིག་རྟེན་རྒྱལ་བོ་ལྟ་བུར་བཞུགས། དེ་ཕྱིར་ཐང་སྟོང་རྒྱལ་བོ་ཐོབ། ཅེས་བསྟོད་པ་ཚིགས་བཅད་བཞི་པོ་མཁའ་འགྲོས་གསོལ་བ་ཡིན།

      ཐང་སྟོང་རྒྱལ་བོ་ནི་བོད་རབ་བྱུང་དྲུག་པའི་ལྕགས་གླང་སྤྱི་ལོ ༡༣༦༡ ལོར་གཙང་ལ་སྟོད་གཡས་རུ་བྱང་མའི་ཆབ་འོག་འོ་བ་ལྷ་རྩེ་རིན་ཆེན་སྡིང་དུ་སྐུ་འཁྲུངས། བྱིས་པའི་དུས་ནས་ཐུགས་རིག་བཀྲ་ལ་ཐུགས་སེམས་བཟང་བས་ཡབ་ཡུམ་གཉིས་ཀྱིས་དགོན་པ་བྱང་སྡིངས་སུ་ཆོས་སྐྱོང་དཔལ་བའི་དྲུང་དུ་ཡེ་གེ་བསླབ་པར་བསྐྱལ། གང་དེས་སྙིང་རུས་ཆེན་པོས་སྦྱོང་བ་མཛད་པས་རིང་བོར་མ་ཐོགས་པར་བོད་ཡིག་དང་། ལཉྩ། ཝརྟུ་སོགས་བརྡ་སྤྲོད་རིག་པའི་གནས་ལ་མཁས་པར་གྱུར། དེ་ནས་དགོན་པ་བྱང་སྡིངས་སུ་ཉི་མ་སེངྒེའི་དྲུང་དུ་རབ་ཏུ་བྱུང་། མདོག་སྡོད་སྐྱ་རའི་དགོན་པར་དཀའ་ལྔ་བ་དཔལ་འབྱོར་ཤེས་རབ་ཀྱི་དྲུང་དུ་བསྙེན་པར་རྫོགས། མཚན་བརྩོན་གའྲུས་བཟང་བོ་གསོལ། ངམ་རིང་ཆོས་སྡེར་མཁས་པ་བློ་གྲོས་རྡོ་རྗེ་དང་དཀོན་མཆོག་དར་མ་ལས་སྡེ་སྣོད་ཀྱི་རིག་ལམ་མང་བོ་གསན། དེ་རྗེས་ས་སྐྱར་བཀའ་བཞིའི་གྲྭ་སྐོར་ལ་བྱོན། དེ་ནས་གངས་བུ་ལེར་དར་མ་དཔལ་བ་ལས་ཆུའི་དཀའ་ཐུབ་ཀྱི་གདམས་པ་དང་། ལྷ་གདོང་བ་བསོད་ནམས་མཆོག་དང་། ཀུན་སྤངས་རིན་ཆེན་རྒྱལ་མཚན། རེད་མདའ་བ་གཞོན་ནུ་བློ་གྲོས། བྱ་འཕུར་པ་སོགས་ལས་གསང་སྔགས་གསར་རྙིང་དང་མེ་རླུང་གི་སྒོམ་ཐབས་སོགས་མན་ངག་དུ་མ་གསན་ནས་གནས་གཅིག་ཏུ་མ་ངེས་པའི་དབེན་པའི་གནས་སུ་ལོ་མང་རིང་སྒོམ་སྒྲུབ་ལ་གཞོལ། དེ་ནས་བལ་ཡུལ་དུ་ཕེབས་ནས་བྷ་རོ་མ་ནུ་དྷ་རས་གསེར་དངུལ་སོགས་ཕུལ་བས་འཕགས་པ་ཤིང་ཀུན་ལ་སྐུ་དཀར་གསོལ། བྱ་རུང་ཁ་ཤོར་ལ་ཉམས་གསོ་ལེགས་པར་མཛད། ལོ་ངོ་བཅོ་བརྒྱད་ཙམ་རིང་བལ་ཡུལ་དང་རྒྱ་གར་སོགས་ལ་འབྱོན་བཞུད་ཀྱིས་རྡོ་རྗེ་གདན་དང་། ཟངས་གླིང་སོགས་ལ་ཕེབས། གྲུབ་ཐོབ་མང་བོ་ལས་ཆོས་གསན། རྡོ་རྗེ་གདན་དང་ཉེ་བའི་གསང་བ་རྡོ་རྗེ་ཕུག་ཏུ་གསང་སྔགས་རྙིང་མའི་གྲུབ་ཐོབ་སྐལ་ལྡན་རྡོ་རྗེ་གྲགས་པ་ཞེས་པ་ལས་རྙིང་མའི་ཆོས་སྐོར་མ་ལུས་པ་གསན། ཉམས་རྟོགས་ཁྱད་པར་ཅན་རྒྱུད་ལ་འཁྲུངས། སླར་བོད་ལ་ཕེབས་ནས་ཟབ་ཆོས་དེ་དག་གཏེར་དུ་སྦས། དེ་ནས་ཡུམ་རྒྱ་གར་ལྷ་མོ་འདས་པའི་གདུང་རུས་ལ་སངས་རྒྱས་བྱང་སེམས་མང་བོའི་ས་པར་བཏབ་ནས་མཆོད་རྟེན་བརྩིགས་པ་དང་། གསུང་རྟེན་གསེར་བྲིས་ཀྱི་མདོ་སྡུད་པ། སྐུ་རྟེན་ལ་བྲིས་ཐང་བཞེངས་པ་བཅས་ནི་རྟེན་བཞེངས་པའི་ཐོག་མ་ཡིན་ཞེས་གསུངས། དེ་ལྟར་གནས་ངེས་མེད་དུ་བྱོན་པ་ལ་ཐེངས་ཤིག་ཚལ་གུང་ཐང་ནས་ལྷ་སར་ཕེབས་སྐབས་ལྷ་གཏོང་ཤན་ཁར་གྲུ་གླ་གནང་རྒྱུ་མེད་སྟབས་གཉན་དཔོན་གྱིས་ཐང་སྟོང་གི་དབུ་ལ་གྲུ་སྐྱ་ལན་གསུམ་གཞུས་ཏེ་ཆུ་ནང་དུ་གྲིལ་བས་ཐུགས་ཤིན་ཏུ་ཕམ་སྟེ་ང་དང་འདྲ་བའི་སྐྱེ་འགྲོ་མང་བོ་ཞིག་ཆུ་ལས་སྒྲོལ་བར་ངལ་བ་འཕྲད་རྒྱུ་ཡིན་པས། ཆུ་བོ་ཆེན་པོར་ལྕགས་ཟམ་རེ་འཛུགས་ཐུབ་ན་ཅི་མ་རུང་དགོངས་པ་དང་ལྕགས་ཟམ་འཛུགས་རྒྱུར་ཐུགས་ཐག་བཅད། གང་སར་ཕེངས་ཏེ་མཚན་སྙན་གོང་དུ་འཕེལ་བས་སློབ་མའང་མང་དུ་འདུས། དད་ལྡན་སྐྱེ་བོ་མང་བོས་ཕུལ་བའི་དད་རྫས་དང་བུ་སློབ་འཁོར་བཅས་ཀོང་ཡུལ་སྟེང་རྩ་དང་། བྷ་ཁ། སྨན་མོ་སྒང་སོགས་ལ་ཕེབས་ཏེ་ལྕགས་གཏེར་སྔོག་འདོན་དང་ལྕགས་སློང་མཛད། ལྕགས་གཏེར་ཕོན་ཆེ་རྙེད་པ་དང་། ཀོང་བོ་བ་དོན་གྲུབ་རྒྱལ་བོས་ལྕགས་ཁུར་བོ་བཅུ་གསུམ་ཕུལ་བ་སོགས་ལྕགས་འབུལ་མཁན་ཡང་ཤིན་ཏུ་མང་བོ་བྱུང་། མགར་དབུ་ཀུན་དགའ་སོགས་མགར་བ་མང་བོ་དང་ལྷན་དུ་ལྕགས་མགར་མཛད་པས་ཞག་བཅོ་བརྒྱད་ནང་ལྕགས་ཐག་འདོམ་བཅོ་བརྒྱད་ཡོད་པ་བཞི་དང་། ལྕགས་གུག་རྐང་སྟོང་ཕྲག་མང་བོ་བཟོ་རྡུང་མཛད་དེ་ཤར་ཀོང་ཡུལ་ནས་ཡུལ་གྲུ་གང་སར་དྲངས། དེ་ནད་ལྷ་གདོང་ཤན་ཁར་ཕེབས་ཏེ་ལྷོ་ཕྱོགས་བྲག་ལ་ཕུར་བ་བཏབ། བྱང་ངོས་རྡོ་ཡི་རྩིག་པ་བརྩིགས་ནས་ལྕགས་ཐག་དྲངས། སྐྱིད་ཤོད་ཕུ་མདའི་མི་སེར་རྣམས་ཀྱིས་ཕུལ་བའི་ཐག་པ་ལྕགས་ཐག་ཕན་ཚུན་དྲངས་པ་སོགས་ངལ་བ་ཁྱད་དུ་བསད་དེ་མཐར་ལྕགས་ཟམ་འགྲུབ་པར་མཛད། དེ་ལྟར་ཡུལ་གྲུ་གང་སར་ལྕགས་ཟམ་བསྐྲུན་གནང་མཛད་པས་གྲུབ་ཐོབ་ལྕགས་ཟམ་པ་ཞེས་པའི་མཚན་གསོལ་བ་དོན་དང་མཐུན། སློབ་མའི་འཁོར་བཅས་ཀྱིས་གང་སར་སློང་མོ་མཛད་པའི་མཐུན་རྐྱེན་དད་རྫས་རྣམས་ཆུད་ཟོས་སུ་མ་བཏང་བར་ཡོངས་རྫོགས་ལྕགས་ཟམ་གྱི་ཆེད་དུ་བཏང་གནང་མཛད། སློང་མོའི་ཆེད་དུ་ཨ་ལྕེ་ལྷ་མོ་ཞེས་པའི་ཟློས་གར་གསར་གཏོད་གནང་བ་དུས་ད་ལྟའི་བར་དུ་དར་ནས་ཡོད་པ་བོད་མི་རིགས་ལ་འཛམ་གླིང་ཐོག་མི་རིགས་མི་ཉུང་བ་ཞིག་ལ་མ་གྲུབ་པའི༼ལྷ་མོའི་ཟློས་གར༽ཞེས་པ་དེ་ཉིད་བྱུང་། གང་དེས་དབུས་གཙང་ཁམས་གསུམ་ལ་ཁྱོན་བསྡོམས་ལྕགས་ཟམ ༥༨ དང་། གྲུ་ཤན ༡༡༨ ཤིང་ཟམ ༦༠ བཅས་འཛུགས་གནང་མཛད་པ་དང་། ལྕགས་ཟམ་རིང་ཤོས་ལ་སྤྱི་ཁྲེ ༡༠༠ ལྷག་ཙམ་དང་། ཐུང་ཤོས་ལ་སྤྱི་ཁྲེ ༥༠ ཙམ་ཡོད། ཞེང་ཚད་ཆེ་བར་སྤྱི་ཁྲེ ༢ དང་ཆུང་གི་སྤྱི་ཁྲེ ༡.༥ ཙམ་ཡོད་པ། ལྕགས་ཟམ་དེ་དག་ལོ་ངོ་བརྒྱ་ཕྲག་མང་བོའི་རིང་གི་ཆར་རླུང་ཁྲོད་བཙའ་ཡི་རྒྱག་པ་དང་། ལྕགས་མདོག་མི་འགྱུར་བ། ལོ་རབས ༥༠ པའི་དུས་སུའང་ལྕགས་ཤམ་དེ་དག་གི་སྟེང་འགྲུལ་བཞུད་བྱེད་བཞིན་ཡོད་པ་བཅས་སོ། །དེ་ལྟར་སྐྱེས་བུ་དམ་པ་དེ་མཐར་བོད་རབ་བྱུང་བརྒྱད་པའི་ཤིང་སྦྲུལ་སྤྱི་ལོ ༡༤༨༤ ལོར་གཙང་སྟོད་རི་བོ་ཆེར་སྐུ་གཤེགས། དགུང་གྲངས ༡༢༥ བཞུགས་པ་ཡིན། སྐྱེས་བུ་དམ་པ་ཁོང་དགུང་ལོ་དེ་བས་མང་བ་བཞུགས་པ་ཡིན་ན་ལོ་ངོ ༦༠༠ གོང་ནས་བོད་ཀྱི་འགྲིམས་འགྲུལ་ཐད་ལེགས་བཅོས་བསམ་ལས་འདས་པ་ཞིག་ཡོང་རྒྱུ་ནི་གོང་གི་མཛད་རྣམ་གྱི་ཤུགས་ལས་རྟོགས་ཐུབ་པས། དེའང་། གྲུབ་ཆེན་ཐང་སྟོང་རྒྱལ་བོ་ལྕགས་ཟམ་པས། ཉམས་ཐག་འགྲོ་བ་ཆུ་ལས་སྒྲོལ་བའི་ཆེད། ཐུགས་སྨོན་ཕྱག་རྒྱའི་ཐུན་མཚམས་ལས་བཞེངས་ཏེ། མིག་མཐོང་ལག་ཏུ་ཟིན་པ་དེ་ལྟ་བུ། བོད་ལ་བླ་མ་མང་ཡང་དེ་འདྲ་དཀོན། དེ་འདྲ་ཡོད་ན་འདི་འདྲ་ཡིན་མདོག་མེད། དེ་ལྟར་བསྟོད་པ་ཨུཏྤལ་ཆུན་པོ་འདི། ཕྱོགས་བཅུའི་དག་ཞིང་གང་ན་བཞུགས་ཡོད་པའི། གྲུབ་ཆེན་ཐང་སྟོང་རྒྱལ་བོས་བཞེས་པར་མཛོད། ཅེས་པའང་དབང་མེད་དུ་ཐལ་ལོ། །༼གངས་ཅན་བོད་ཀྱི་གནས་བཤད་ལམ་ཡིག་གསར་མ་ལས་བཏུས།༽

 

གྲུབ་ཆེན་ཐང་སྟོང་།

      རྗེ་འདི་ཉིད་གཙང་ལ་སྟོད་གཡས་རུ་བྱང་མའི་ཆབ་འོག་འོལ་བ་ལྷ་རྩེ་རིན་ཆེན་སྡིངས་གྲོང་དུ་ཞིང་བའི་ཁྱིམ་ཚང་ཞིག་ཏུ་ཡབ་རྡོ་རྗེ་རྒྱལ་མཚན་དང༌། ཡུམ་རྒྱ་གར་ལྷ་མོ་གཉིས་ཀྱི་སྲས་སུ་རབ་བྱུང་དྲུག་པའི་ལྕགས་གླང་(སྤྱི་ལོ ༡༣༦༡)ལོར་སྐུ་འཁྲུངས། ཐོག་མའི་མཚན་ལ་ཁྲོ་བོ་དཔལ་ལྡན་ཞེས་གསོལ། དགུང་ལོ་ལྔ་ལ་ར་ལུག་འཚོ་བར་ཕེབས། བྱིས་པའི་དུས་ནས་སྤྱང་གྲུང་འཛོམས་ལ་རིག་པ་རྣོ་བས་ཡབ་ཡུམ་གཉིས་ཀྱིས་དགོན་པ་བྱང་སྡིངས་སུ་ཆོས་སྐྱོང་དཔལ་བའི་དྲུང་དུ་ཀློག་ཡིག་བསླབ་པར་བསྐྱལ། བོད་ཡིག་དང་ལཉྫ། ཝརྟུ་སོགས་བརྡ་སྤྲོད་རིག་པའི་གནས་ལའང་མཁས་པར་གྱུར། སློབ་དཔོན་ཉི་མ་སེང་གེའི་དྲུང་དུ་རབ་ཏུ་བྱུང་ཞིང༌། མཚན་བརྩོན་འགྲུས་བཟང་བོར་གསོལ། མཁན་ཆེན་དེའི་དྲུང་ནས་དོན་ཡོད་ཞགས་པའི་སྒྲུབ་ཐབས་དང༌། རྒྱུད་ཀྱི་ལུང་སོགས་དང༌། ངམ་རིང་ཆོས་སྡེའི་མཁས་པ་བློ་གྲོས་རྡོ་རྗེ་དང༌། དཀོན་མཆོག་དར་ལས་རྣམ་འགྲེལ་དང་མངོན་རྟོགས་རྒྱན་སོགས་གསན་ཏེ་དཔལ་ལྡན་ས་སྐྱར་བཀའ་བཞིའི་གྲྭ་སྐོར་ལ་བྱོན། སྙན་གྲགས་དོན་གཉེར་མ་མཛད་པར་ངལ་བ་འཁུར་དུ་བཞེས་ནས་སྦྱང་བརྩོན་གནང་བས་བརྩོན་འགྲུས་སྨྱོན་པ་ཟེར་བའི་མཚན་དེ་དུས་བཏགས་པར་གྲགས། དེ་རྗེས་མདོ་སྟོད་སྐྱ་རའི་དགོན་པ་ན་བཞུགས་པ་བཀའ་ལྔ་བ་དཔལ་འབྱོར་ཤེས་རབ་ཀྱིས་མཁན་པོ་མཛད་དེ་ལས་སློབ་དད་པའི་དགེ་འདུན་གྲངས་ཚང་གི་དབུས་སུ་བསྙེད་རྫོགས་བཞེས་པའི་མཚན་བརྩོན་འགྲུས་བཟང་བོར་གསོལ། མཁས་དབང་དར་མ་དཔལ་བ་དང་ལྷ་གདོང་བ་བསོད་ནམས་མཆོག ཀུན་སྤངས་རིན་ཆེན་རྒྱལ་མཚན། རེད་མདའ་བ་གཞོན་ནུ་བློ་གྲོས་སོགས་ལས་གསང་སྔགས་གསར་རྙིང་དང༌། ཆུའི་དཀའ་ཐུབ་ཀྱི་གདམས་པ་དང༌། མེ་དང་རླུང་གི་སྒོམ་ཐབས་སོགས་མན་ངག་དུ་མ་གསན་ནས་ལོ་མང་རིང་གཅིག་ཏུ་མ་ངེས་པའི་དབེན་གནས་སུ་སྒོམ་སྒྲུབ་ལ་གཞོལ། དེ་ནས་བལ་ཡུལ་དུ་ཕེབས་ནས་བྷ་རོ་མ་ནུ་དྷ་རས་གསེར་དངུལ་སོགས་ཆ་རྐྱེན་དུ་མཛད་ནས་འཕགས་པ་ཤིང་ཀུན་ལ་སྐུ་དཀར་གསོལ་ཞིང༌། བྱ་རུང་ཁ་ཤོར་ལ་ཉམས་གསོ་ལེགས་པོ་མཛད། ལོ་བཅོ་བརྒྱད་ཙང་རིང་བལ་ཡུལ་དང་རྒྱ་གར་ཕྱོགས་འབྱོན་བཞུད་ཀྱིས་རྡོ་རྗེ་གདན་དང༌། ཟངས་གླིང་སོགས་ལ་ཕེབས། གྲུབ་ཐོབ་མང་བོ་ལ་ཆོས་གསན། རྡོ་རྗེ་གདན་དང་ཉེ་བའི་གསང་བ་རྡོ་རྗེ་ཕུག་ཏུ་སྔགས་རྙིང་མའི་གྲུབ་ཐོབ་སྐལ་ལྡན་རྡོ་རྗེ་གྲགས་པ་ཞེས་པ་ལས་རྙིང་མའི་ཆོས་སྐོར་མ་ལུས་པ་གསན། ཉམས་རྟོགས་ཁྱད་པར་ཅན་རྒྱུད་ལ་འཁྲུངས། སླར་བོད་ལ་ཕེབས་ནས་ཟབ་ཆོས་དེ་དག་གཏེར་དུ་སྦས། དེ་ནས་ཡུམ་རྒྱ་གར་ལྷ་མོ་འདས་པའི་གདུང་རུས་ལ་སངས་རྒྱས་བྱང་སེམས་མང་བོའི་ས་པར་བཏབ་ནས་མཆོད་རྟེན་བརྩེགས་པ་དང༌། གསུང་རྟེན་གསེར་བྲིས་ཀྱི་མདོ་སྡུད་པ། སྐུ་རྟེན་ལ་བྲིས་ཐང་བཞེངས་པ་བཅས་ནི་རྟེན་བཞེངས་ཀྱི་ཐོག་མ་ཡིན་གསུངས། རྗེ་འདི་ཉིད་ཀྱིས་རྗེ་བཙུན་རེ་མདའ་བ་དང༌། སླེ་ཁ་བ་ཤེས་རབ་བཟང་བོའི་དྲུང་ནས་གཤིན་རྗེ་གཤེད་དམར་ནག་འཇིགས་གསུམ་གྱི་དབང་དང་དུས་འཁོར་གྱི་དབང་སོགས་དང༌། གཞན་ཡང་སྐྱེས་བུ་དམ་པ་མང་བོའི་དྲུང་ནས་ཟབ་ཆོས་མཐའ་ཡས་པ་གསན་ཅིང༌། དབེན་གནས་རྣམས་སུ་དཀའ་ཐུབ། དུར་ཁྲོད་ལ་སོགས་པའི་གཉན་པའི་རི་ཁྲོད་དུ་མར་གསང་བའི་སྤྱོད་པས་འགྲོ་དོན་མཐའ་ཡས་པ་མཛད། ཐང་སྟོང་རྒྱལ་བོ་ཞེས་མཚན་ཐོགས་ཚུལ་ནི། ཁྱབ་གདལ་ཆེན་པོའི་ཐང་ཆེན་ན། སྟོང་ཉིད་རྟོགས་པའི་རྣལ་འབྱོར་པ། འཇིག་རྟེན་རྒྱལ་བོ་ལྟ་བུར་བཞུགས། དེ་ཕྱིར་ཐང་སྟོང་རྒྱལ་བོ་ཐོབ། ཅེས་གཙང་རྒྱལ་སྡེའི་ཐང་ཁར་བཞུགས་པའི་དུས་དེ་ནས་ཡོངས་གྲགས་སུ་གྱུར། ༼ཡོང་ཁུངས། Wikipedia༽