རྗེ་ཙོང་ཁ་བ།
དྲ་ཚིགས་དོ་དམ་པས།
འབྱུང་ཁུངས། སྤེལ་མཁན། སྤེལ་དུས།2016-10-24

ནང་དོན་གནད་བསྡུས།

         འཁྲུངས་ཡུལ།  ཤར་ཙོང་ཁའི་ཡུལ་དེང་གི་སྐུ་འབུམ་དགོན་པ་ཆགས་གནས་དེ་ག་རང་དུ། འཁྲུངས་འདས་ལོ་ཚིགས། རབ་བྱུང་དྲུག་པའི་མེ་བྱ་སྟེ་སྤྱི་ལོ ༡༣༥༧ ལ་སྐུ་འཁྲུངས་ནས་རབ་བྱུང་བཅུ་བདུན་པའི་ས་ཕག་སྤྱི་ལོ ༡༤༡༩ ལོར་སྐུ་གཤེགས། ཐོབ་ཐང་། དཔལ་མཉམ་མེད་རི་བོ་དགེ་ལུགས་པའི་ཤིང་རྟའི་སྲོལ་འབྱེད། །སློབ་སྦྱོང་། ཁོང་གིས་བྱ་ཁྱུང་དང་འབྲི་གུང་དཔལ་གྱི་ནགས་ཁྲོད།   གསང་ཕུ་བདེ་བ་ཅན།   མྱང་སྟོད།  ཞྭ་ལུ།   སྣར་ཐང་།   ས་སྐྱ་སོགས་ནས་གྲུབ་མཐའ་རིས་མེད་ཀྱི་དགེ་བའི་བཤེས་གཉེན་བཞི་བཅུ་ལྷག་དད་པ་དང་དམ་ཚིག་གཙང་མས་ཚུལ་བཞིན་བསྟེན་ཏེ་མདོ་སྔགས་རིག་གནས་དང་བཅས་པའི་གཞུང་ལ་སློབ་གཉེར་མཐར་ཕྱིན་པར་མཛད་པ་ནི། རྗེ་རང་ཉིད་ཀྱི་ཞལ་ནས། ལམ་མི་ཤེས་ན་ཐར་པའི་གྲོང་མཆོག་ཏུ། །འཇུག་པར་འགྱུར་བ་སྨོས་ཀྱང་ཅི་ཞིག་དགོས། །དེ་ཉིད་ཕྱིར་ན་མི་ཕམ་ཆོས་རྗེ་དང་། །འཛམ་གླིང་རྒྱན་དྲུག་མཆོག་གཉིས་ཞེས་གྲགས་པའི། །གཞུང་ལ་ཕྱོགས་རེ་བ་དང་རགས་པ་རེས། །ཚིམ་པར་མ་བྱས་ཀུན་ལ་ཞིབ་ཏུ་སྦྱངས། །ཞེས་གསུངས་པ་ལྟར་མཛད་དོ། །གསུང་རྩོམ། ཁོང་གི་གསུང་རྩོམ་ལ་བྱང་ཆུབ་ལམ་རིམ་ཆེན་མོ་དང་སྔགས་རིམ་ཆེན་མོ། ལེགས་བཤད་གསེར་ཕྲེང་། བསྟོད་ཆེན་བཞི་སོགས་མདོ་སྔགས་རིག་གནས་དང་བཅས་པ་གསུང་རྩོམ་པོད་བཅོ་བརྒྱད་ལྷག་བཞུགས། མཛད་བསྡུས། ཁོང་གི་མཛད་རྗེས་ཆེས་གཙོ་བོ་ནི་དབུ་མ་ཐལ་འགྱུར་བའི་དགོངས་དོན་མ་ལུས་པར་ཐུགས་སུ་ཆུད་ཅིང་ཉམས་སུ་བླངས་ནས་དཔལ་མཉམ་མེད་རི་བོ་དགེ་ལྡན་པའི་བསྟན་པའི་སྲོལ་ཆེན་བཏོད། ཡོངས་གྲགས་སུ་ཆོ་འཕྲུལ་སྨོན་ལམ་ཆེན་མོ་དང་དགའ་ལྡན་སྒྲུབ་མཆོད་ཆེན་མོ་གཉིས་གསར་འཛུགས་དང་། གཉལ་གྱི་ལུང་ར་ཆེན་མོར་མཁས་མང་འདུལ་བ་འཛིན་པ་མང་བོ་དང་ལྷན་དུ་འདུལ་བའི་བསྟན་ལ་ཞབས་ཞུ་བགྱིས་པ། རྫིང་ཕྱིའི་བྱམས་པ་ཞིག་གསོས་བཅས་བཞི་ལ་མཛད་ཆེན་བཞི་ཟེར། བུ་སློབ་སྟོང་ཁྲག་མང་བོ་བསྐྱངས་ནས་བསྟན་འགྲོའི་དོན་མཛད་པ་ནི། མཁས་གྲུབ་དགེ་ལེགས་དཔལ་བཟང་གི་ཞལ་སྔ་ནས། ཚིག་སྤྱིའི་བཤད་སྒྲུབ་རྟགས་ཀྱི་དགེ་སློང་གིས། །ཐུབ་བསྟན་མིང་ཙམ་ལྷག་མར་གྱུར་པའི་དུས། །བསླབ་གསུམ་ལུང་རྟོགས་རྒྱལ་བའི་དམ་ཆོས་ཀུན། །ཁྱོད་ཀྱིས་ཉིན་མོར་མཛད་ལ་གསོལ་བ་འདེབས་ཞེས་གསུངས་པ་ལྟར་བགྱིས་སོ། །



སློབ་སྦྱོང་སྤྱི་བཤད།

      སྐུ་ན་ཕྲ་དུས་དགེ་རྒན་ཡོན་ཏན་རྒྱ་མཚོ་དང་ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་སྤྱན་སྔར་འབྲི་ཀློག་ནས་བརྩམས་ཏེ་ཐ་སྙད་རིག་གནས་སོགས་ལ་སྦྱང་བ་ཧུར་ཐག་གནང་། རབ་ཏུ་མ་བྱུང་གོང་དཔལ་རྡོ་རྗེ་འཇིགས་བྱེད་དང་། འཁོར་ལོ་བདེ་མཆོག་དྲིལ་བུ་ལུགས་དང་། ཀྱེ་རྡོ་རྗེ་དང་། ཕྱག་ན་རྡོ་རྗེ་ལ་སོགས་པའི་དཀྱིལ་འཁོར་དུ་བཅུག་ཅིང་དབང་གི་རིམ་པ་ལེགས་པར་མནོས། དགུང་ལོ་བཅོ་ལྔ་པར་མདོ་སྡེ་རྒྱན་སོགས་ཐུགས་ལ་ཆུད་ཅིང་དགུང་ལོ་བཅུ་བདུན་པ་རབ་བྱུང་དྲུག་པའི་ཆུ་གླང་སྤྱི་ལོ ༡༣༧༣ ལོར་དབུས་སུ་བྱོན་ནས་འབྲི་གུང་མཐིལ་དུ་ཆོས་ཀྱི་རྒྱལ་པོའི་སྤྱན་སྔར་ཐེག་ཆེན་སེམས་བསྐྱེད་སོགས་གསན། དེ་ནས་ཚལ་གུང་ཐང་དུ་ཕེབས་རྗེས་དཀོན་མཆོག་སྐྱབས་ཀྱི་དྲུང་ནས་སྨན་དཔྱད་ཡན་ལག་བརྒྱད་པའི་གཞུང་ལ་སྦྱངས་པ་མཛད། ཤིང་སྟག་སྤྱི་ལོ ༡༣༧༤ ལོར་ས་སྐྱར་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་ལ་གསང་སྔགས་ཀྱི་ཆོས་སྐོར་གསན་ཅིང་དགུང་ལོ་བཅུ་དགུའི་སྐབས་གསང་ཕུའི་གླིང་སྟོད་ཆོས་གྲྭར་ཞུགས་ནས་ཕར་ཕྱིན་གྱི་གྲྭ་སྐོར་མཛད། བདེ་བ་ཅན་གྱི་བླ་མ་འཇམ་རིན་ལས་བྱམས་ཆོས་དང་ཇོ་ནང་དུ་བོ་དོང་ཕྱོགས་ལས་རྣམ་རྒྱལ་ལ་སྦྱོར་བ་ཡན་ལག་དྲུག་པ། སྣར་ཐང་ལོ་ཙཱ་བ་དོན་བཟང་ལ་མཛོད་དང་ཚད་མའི་ཊཱིཀྐ་སོགས་གསན། གཉགས་དབོན་ཀུན་དགའ་དཔལ་ལ་ཕར་ཕྱིན། རེད་མདའ་བ་གཞོན་ནུ་བློ་གྲོས་ལ་མཛོད་རང་འགྲེལ། དབུ་ཚད། སྔགས་སོགས་ཇི་རྙེད་གསན། ཨེ་ས་སྐྱ་རྩེ་དང་ལ་སྟེང་སྣར་ཐང་སོགས་ལ་གྲྭ་སྐོར་མཛད་ཅིང་རྒྱུའི་ཐེག་པ་མཐའ་དག་ལ་མཁས་པར་གྱུར། སྔ་ཕྱིར་ཆོས་རྗེ་དོན་འགྲུབ་རིན་ཆེན་དང་། གྲུབ་ཆེན་ལས་ཀྱི་རྡོ་རྗེ། གྲུབ་ཆེན་དཔའ་བོ་རྡོ་རྗེ་གསུམ་གྱིས་གཙོ་བོར་གྱུར་པའི་ལོ་ཙཱ་བ་མཁན་ཆེན་རིན་ཆེན་རྣམ་རྒྱལ། ས་བཟང་པཎ་ཆེན་མ་ཏི་བ། དབུ་མ་བ་བརྩོན་འགྲུས་སེང་གེ ལྷོ་བྲག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན། བུ་སྟོན་ཐུགས་སྲས་ཆོས་ཀྱི་དཔལ། བྲ་གོར་མཁན་ཆེན་ཆོས་སྐྱོང་བཟང་པོ་སོགས་སྐྱེས་ཆེན་དམ་པ་མང་པོ་སྤྱི་བོར་བསྟེན་ནས་ཐུན་མོང་གི་རིག་གནས་སྤྱི་དང་སྒོས་སུ་ཟབ་མོ་མདོ་སྔགས་ཀྱི་ཆོས་མཐའ་ཡས་པ་གསན་པ་སོགས་མདོར་ན་སྐུ་ཚེ་སློབ་གཉེར་གྱིས་བསྐྱལ་བའི་རྣམ་ཐར་ནི། གུང་ཐང་བསྟན་པའི་སྒྲོན་མེའི་ཞལ་སྔ་ནས། དང་བོ་རྒྱ་ཆེན་ཐོས་པ་མང་དུ་མཛད། །བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར། །ཐ་མ་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས་ཞེས་གསུངས་པ་ཇི་ལྟ་བ་བཞིན་ནོ། །

 

མཛད་སྤྱོད་སྤྱི་བཤད།

      རྗེ་ཙོང་ཁ་པ་ཆེན་པོ་མཆོག་ནི་མདོ་སྨད་ཙོང་ཁའི་ཡུལ་གྱི་གདུང་རུས་མལ་གྱི་རྒྱུད་ཡབ་ད་ར་ཁ་ཆེ་ཀླུ་འབུམ་དགེ་དང་ཡུམ་ཤིང་མོ་བཟའ་ཨ་ཅོག་གཉིས་ཀྱི་སྲས་སུ་རབ་བྱུང་དྲུག་པའི་མེ་བྱ་སྤྱི་ལོ ༡༣༥༧ ལོའི་བོད་ཟླ་བཅུ་པའི་ཚེས་བཅུའི་སྔ་དྲོའི་ཆ་ལ་ངོ་མཚར་གྱི་ལྟས་དང་བཅས་སྐུ་བལྟམས། དགུང་ལོ་གསུམ་བཞེས་པའི་ཚེ་ཤ་བ་རི་རྫོང་དུ་ཀརྨ་སྐུ་ཕྲེང་བཞི་བ་རོལ་པའི་རྡོ་རྗེ་ལས་དགེ་བསྙེན་གྱི་སྡོམ་པ་བཞེས་ཏེ་མཚན་ཀུན་དགའ་སྙིང་པོར་གསོལ། རབ་ཏུ་མ་བྱུང་གོང་གསང་སྔགས་རྒྱུད་སྡེ་སྐོར་ཅིག་གི་དབང་ཐོབ་པའི་གསང་མཚན་ལ་དོན་ཡོད་རྡོ་རྗེ་ཞེས་གསོལ། དགུང་ལོ་བདུན་པ་ཆུ་ཡོས་སྤྱི་ལོ ༡༣༦༣ ལོར་བྱ་ཁྱུང་དུ་ཆོས་རྗེ་དོན་གྲུབ་རིན་ཆེན་པས་མཁན་པོ་དང་། གཞོན་ནུ་བྱང་ཆུབ་འོད་ཟེར་གྱིས་སློབ་དཔོན་མཛད་དེ་རབ་ཏུ་བྱུང་བའི་མཚན་ལ་བློ་བཟང་གྲགས་པ་ཞེས་གསོལ། དགུང་ལོ་ཉེར་ལྔ་བ་ལྕགས་བྱ་སྤྱི་ལོ ༡༣༨༡ ལོར་ཡར་ཀླུང་ཚོགས་ཆེན་མཁན་པོ་ཚུལ་ཁྲིམས་རིན་ཆེན་གྱིས་མཁན་པོ་དང་། ཤེས་རབ་མགོན་པོས་ལས་ཀྱི་སློབ་དཔོན། བྱེ་རྫིང་པས་དབུ་མཛད། བསོད་ནམས་རྡོ་རྗེས་གསང་སྟེ་སྟོན་པ་མཛད་དེ་དགེ་འདུན་གྲངས་དང་ལྡན་པའི་དབུས་སུ་དགེ་སློང་གི་སྡོམ་པ་བཞེས།   རབ་བྱུང་བདུན་པའི་ཆུ་བྱ་སྤྱི་ལོ ༡༣༩༣ ལོར་འོལ་ཁ་རྫིང་ཕྱའི་བྱམས་པ་ཞིག་གསོ་མཛད། མེ་བྱི་སྤྱི་ལོ ༡༣༩༦ ལོར་གཉལ་གྱི་ལུང་ར་ཆེན་མོ་ཚུགས། དགུང་ལོ་ཞེ་དྲུག་པ་ཆུ་རྟ་སྤྱི་ལོ ༡༤༠༢ ལོར་རྗེ་བཙུན་རེད་མདའ་བ་དང་ལོ་ཙཱ་བ་སྐྱབས་མཆོག་དཔལ་རྣམས་རྩེ་ལྡེང་དུ་ཨར་ཆེན་པོ་བྱང་ཆུབ་ཡེ་ཤེས་ཀྱི་གཙུག་ལག་ཁང་དུ་ཞལ་མངོན་པར་འཛོམས་ཤིང་། དབྱར་གནས་པ་ཞལ་གྱིས་བཞེས་པ་དེའི་ཚེ་རྒྱལ་བའི་བསྟན་པ་རིན་པོ་ཆེར་མ་རྟོཊ་ལོག་རྟོག་དང་ཐེ་ཚོམ་གྱ་ཚོམ་གྱི་བསམ་པས་འཇུག་པ་སོགས་དྲི་ངན་མཐའ་དག་དྲུངས་ནས་འབྱིན་པའི་དག་ཐེར་གྱིས་ཆོས་འདུལ་བའི་བསྟན་པ་ཉིན་མོ་ལྟར་གསལ་བར་མཛད་ཕྱིར་འདུལ་བ་མདོ་རྩའི་བཤད་པ་ཤིན་ཏུ་རྒྱས་པ་གསུངས་ནས་འདུལ་བའི་ཕྱག་ལེན་ཡང་དག་པའི་སྲོལ་ལེགས་པར་བཙུགས། ས་བྱི་སྤྱི་ལོ་སྤྱི་ལོ ༡༤༠༨ ལོར་ཏཱ་མིང་ཡན་ལོ(明朝永乐) རྒྱལ་པོ་མི་ཕྱེད་པའི་དད་པ་བརྟན་པོ་བཟློག་མེད་དུ་སྐྱེས་ནས་རྒྱ་ཡུལ་དུ་ནན་གྱིས་གདན་ཞུ་ཐེངས་གསུམ་ཞུས་ཀྱང་ཞལ་གྱིས་མ་བཞེས། དགུང་ལོ་ང་གཅིག་ལ་ལྷ་སར་ཕེབས་ཤིང་སེ་ར་ཆོས་སྡིངས་སུ་མཁས་གྲུབ་དགེ་ལེཊ་དཔལ་བཟང་དང་མཇལ། དེ་ནས་ལྷ་ལྡན་ཇོ་བོ་ཤཱཀྱ་མུ་ནེ་མ་འོངས་ཀླུ་ཡུལ་དུ་གཤེཊ་པ་ལས་བསྲིངས་ཏེ་ངེས་པ་ལྔ་ལྡན་གྱི་སྐུར་བཞུགས་པའི་ཕྱིར་གསེར་འབའ་ཞིག་ལས་གྲུབ་པའི་དབུ་རྒྱན་ལ་དེ་བཞིན་གཤེགས་པའི་རིགས་ལྔའི་སྣང་བརྙན་རིན་པོ་ཆེ་དུ་མའི་ཕྲ་བཏབ་པའི་ལོངས་སྤྱོད་རྫོགས་པའི་དབུ་རྒྱན་བསྒྲོན་ཏེ་ཇོ་བོ་རིན་པོ་ཆེ་སྤྲུལ་སྐུའི་ཆ་བྱད་ནས་ལོངས་སྐུའི་ཆ་བྱད་ཉིད་དུ་བསྒྱུར། གཙུག་ལག་ཁང་གི་བྲིས་སྐུ་དང་འབུར་མ་སོགས་ཀྱི་རྟེན་དང་བརྟེན་པ་བཅས་ཉམས་གསོ་དང་། ཇོ་བོའི་སྤྱན་སྔར་དངུལ་གྱི་ལྷུང་བཟེད་ཆེ་ཚད་དུ་ལོངས་པ་དེའི་ཁ་དང་འཚམ་པའི་མཎྜལ་ཕུལ། ར་མོ་ཆེའི་ཇོ་བོ་མི་བསྐྱོད་རྡོ་རྗེ་དང་ཐུགས་རྗེ་ཆེན་པོ་རང་བྱུང་ལྔ་ལྡན་གཉིས་ལ་དངུལ་དཀར་ལས་གྲུབ་པའི་དབུ་རྒྱན་སོགས་ཕུལ། ས་གླང་སྤྱི་ལོ ༡༤༠༩ ལོར་ཆོ་འཕྲུལ་ཟླ་བར་དགེ་འདུན་ཁྲི་ཁྲག་འདུས་པའི་སྨོན་ལམ་ཆེན་མོའི་མཆོད་ཚོགས་ཀྱི་དུས་སྟོད་ཁྱད་པར་ཅན་སྲོལ་གཏོད་ལེགས་པར་མཛད། ལོ་དེར་འབྲོག་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དང་བདེ་ཆེན་གསང་སྔགས་མཁར་ཕྱག་བཏབ། སེ་འབྲས་དང་རྒྱུད་གྲྭ་སྟོད་སྨད་འཛུགས་པའི་ཞལ་བཀོད་གནང་། དགུང་ལོ་ང་བརྒྱད་སྐབས་བཀྲ་ཤིས་གདོང་ཁར་གདན་འདྲེན་ལྟར་ཕེབས་ཏེ་སྡེ་སྣོད་འཛིན་པ་མང་པོར་ལམ་རིམ་དང་དབུ་ཚད་སོགས་ཟབ་རྒྱས་ཀྱི་ཆོས་འཁོར་རྒྱ་ཆེར་བསྐོར་ཅིང་ཁྱད་པར་དབུ་མ་ཐལ་འགྱུར་བའི་བསྟན་པ་རྒྱ་ཆེར་སྤེལ་བས་གངས་ཅན་མཁས་གྲུབ་ཀུན་གྱིས་གཙུག་ཏུ་བཀུར། དགུང་ལོ་རེ་གཅིག་པ་མེ་བྱ་སྤྱི་ལོ ༡༤༡༧ ལོར་དགའ་ལྡན་དུ་དཀྱིལ་འཁོར་སྒྲུབ་མཆོད་མཛད། ཡངས་པ་ཅན་གཙུག་ལག་ཁང་རྟེན་དང་བརྟེན་པ་བཅས་གསར་དུ་བཞེངས། དགུང་ལོ་རེ་གསུམ་པ་རབ་བྱུང་བདུན་པའི་ས་ཕག་སྤྱི་ལོ ༡༤༡༩ ལོའི་སྟོན་དུས་སྟོད་ལུང་དང་། འབྲས་སྤུངས། ལྷ་ས། སེ་ར། གསང་སྔགས་མཁར་སོགས་སུ་ཕེབས་ནས་སྐྱེ་བོ་མཆོག་དམན་མཐའ་དག་ལ་རྒྱལ་བ་དགྱེས་པའི་མཆོད་སྤྲིན་དུ་གྱུར་པའི་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་ལེགས་པར་བསྐོར་བར་མཛད། ལོ་དེར་དགའ་ལྡན་དུ་ཕྱིར་ཕེབས་ནས་ཐུབ་དབང་ཚུལ་ཁྲིམས་མའི་མདུན་དུ་མཆོད་འབུལ་དང་སྨོན་ལམ་རྒྱས་པར་མཛད་རྗེས་ཁྲི་ཐོག་ཁང་ངམ་གཟིམས་ཤག་དུ་ཕེབས་ཏེ་སྲས་ཀྱི་ཐུ་བོ་དར་མ་རིན་ཆེན་ལ་སྐུ་བེར་དང་དབུ་པཎ་གནང་ཞིང་རྒྱལ་ཚབ་ཏུ་གོ་བར་མཛད་དེ་ལོ་དེའི་བོད་ཟླ་བཅུ་པའི་ཚེས་ཉེར་ལྔའི་ཉིན་གྱི་ཉི་དྲོས་ཙམ་ལ་ཞི་བར་གཤེགས། སྐུ་གདུང་རིལ་བོ་མ་ཉམས་པར་སྣམ་སྦྱར་སྒྲོན་པ་ཙན་ཏན་གྱི་སྒྲོམ་དང་བཅས་དངུལ་གྱི་རྣམ་རྒྱལ་མཆོད་རྟེན་དུ་བཞུགས། རྡོ་རྗེ་སློབ་དཔོན་བརྒྱ་ཕྲག་དུ་མས་གསང་བདེ་འཇིག་གསུམ་དང་། ལཱུ་ནག་དྲིལ་གསུམ། ཀྱཻ་རྡོར། དུས་འཁོར། འཁོར་ཆེན། ཚེ་དཔག་མེད། ཀུན་རིག་སོགས་དཀྱིལ་འཁོར་མང་པོ་སྒྲུབ་ཤིང་། ངོ་མཚར་གྱི་བལྟས་མང་དུ་བྱུང་ཞིང་དུས་མཆོད་རྒྱ་ཆེར་མཛད་པས་དུས་དེ་ནས་བཟུང་དགའ་ལྡན་ལྔ་མཆོད་ཆེན་མོ་ཞེས་བོད་ཟླ་བཅུ་བའི་ཉེར་ལྔ་ལ་བོད་འབངས་སེར་སྐྱ་རྣམས་ཀྱིས་གླིང་མེ་སོགས་མཆོད་སྤྲིན་འབུལ་བའི་སྲོལ་དར། སྲས་ཀྱི་ཐུ་བོར་གྱུར་པ་རྒྱལ་ཚབ་དར་མ་རིན་ཆེན་དང་མཁས་གྲུབ་དགེ་ལེགས་དཔལ་བཟང་སོགས་གྲགས་ཆེ་བ་བརྒྱ་དང་བཞི་བཅུ་ཞེ་བདུན་གཙོ་བྱས་པའི་དངོས་སློབ་ཤིན་ཏུ་མང་བོ་བསྐྱངས། མདོར་ན་ཁོང་གིས་བསྟན་འགྲོའི་དོན་རླབས་པོ་ཆེ་མཛད་པ་ནི་མཁས་གྲུབ་དགེ་ལེགས་དཔལ་བཟང་གི་ཞལ་ནས། ཁྱོད་ཀྱི་ལྷགས་བསམ་ཁྱོགས་ལ་མ་བླངས་པའི། །ལུས་ཅན་ཕན་བདེའི་ཁུར་ནི་ཅང་མ་མཆིས། །རླབས་ཆེན་སྤྱོད་པ་ཀུན་གྱི་མཐར་སོན་པ། །སྙིང་སྟོབས་རྨད་དུ་བྱུང་ལ་གསོལ་བ་འདེབས་ཞེས་ཇི་ལྟར་གསུངས་པ་དེ་དེ་བཞིན་ནོ། །༼ངེད་དྲ་ཚིགས་རྩོམ་སྒྲིག་པས།༽

 

རྗེ་ཙོང་ཁ་བ་བློ་བཟང་གྲགས་པ།

      བོད་ཀྱི་དགེ་ལུགས་པའི་གྲུབ་མཐའི་སྲོལ་བཏོད་པ་པོ་རྗེ་ཙོང་ཁ་པ་ཆེན་པོ་ནི།   རབ་བྱུང་དྲུག་པའི་གསེར་འཕྱང་ཞེས་པ་མེ་བྱ་སྤྱི་ལོ ༡༣༥༧ ལོར་ཡབ་ཀླུ་འབུམ་དགེ་དང་ཡུམ་ཤིང་མོ་བཟའ་ཨ་ཆོས་གཉིས་ཀྱི་སྲས་སུ་མདོ་སྨད་ཙོང་ཁའི་ཡུལ་དུ་སྐུ་འཁྲུངས།   དགུང་ལོ་གསུམ་ལ་ཤ་བ་རི་རྫོང་དུ་ཀརྨ་རོལ་པའི་རྡོ་རྗེ་ལས་དགེ་བསྙེན་གྱི་སྡོམ་པ་བཞེས་ཏེ་མཚན་ཀུན་དགའ་སྙིང་བོར་གསོལ།   དགུང་ལོ་བདུན་པ་ཆུ་ཡོས་སྤྱི་ལོ ༡༣༦༣ ལོར་བྱ་ཁྱུང་དུ་ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་དྲུང་དུ་རབ་ཏུ་བྱུང་སྟེ་མཚན་བློ་བཟང་གྲགས་པ་ཞེས་གསོལ།   དགུང་ལོ་བཅུ་དྲུག་ཐོག་ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས་བསྐུལ་ཅིང་བདག་ཉིད་ཀྱང་སྤྲོ་ཤུགས་དྲག་པོ་བཟློག་ཏུ་མེད་པ་སྐྱེས་ནས་དབུས་སུ་ཕེབས་པར་བརྩམས།   དགུང་ལོ་བཅུ་བདུན་པ་ཆུ་གླང་སྤྱི་ལོ ༡༣༧༣ ལོར་དབུས་གཙང་དག་པའི་ལྗོངས་སུ་བྱོན།   དེ་ནས་རིམ་པས་འབྲི་གུང་དཔལ་གྱི་ནགས་ཁྲོད།   གསང་ཕུ་བདེ་བ་ཅན།   མྱང་སྟོད།  ཞྭ་ལུ།   སྣར་ཐང་།   ས་སྐྱ།   བོ་དོང་ཕྱོགས་སུ་སློབ་གཉེར་གྱི་དོན་དུ་བྱོན།   དགུང་ལོ་ཉེར་བཞི་བ་ལྕགས་བྱི་སྤྱི་ལོ ༡༣༨༡ ལོར་ཡར་ཀླུང་ཚོགས་ཆེན་མཁན་པོ་ཚུལ་ཁྲིམས་རིན་ཆེན་གྱིས་མཁན་པོ་དང་།   ཤེས་རབ་མགོན་པོས་ལས་ཀྱི་སློབ་དཔོན།   བསོད་ནམས་རྡོ་རྗེས་གསང་སྟེ་སྟོན་པ་མཛད་དེ།   དགེ་འདུན་གྲངས་དང་ལྡན་པའི་དབུས་དགེ་སློང་གི་སྡོམ་པ་མནོས།   སྔ་ཕྱིར་ལོ་ཙཱ་བ་མཁན་ཆེན་རིན་ཆེན་རྣམ་རྒྱལ།   ས་བཟང་པཎ་ཆེན་མ་ཏི་བ།   དབུ་མ་བ་བརྩོན་འགྲུས་སེང་གེ  ལྷོ་བྲག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན།  རྗེ་རེད་མདའ་བ་གཞོན་ནུ་བློ་གྲོས།   བུ་སྟོན་ཐུགས་སྲས་ཆོས་ཀྱི་དཔལ།   བྲ་གོར་མཁན་ཆེན་ཆོས་སྐྱོང་བཟང་པོ་སོགས་སྐྱེས་ཆེན་དམ་པ་མང་པོ་སྤྱི་བོར་བསྟེན་ནས།   ཐུན་མོང་གི་རིག་གནས་སྤྱི་དང་སྒོས་སུ་ཟབ་མོ་མདོ་སྔགས་ཀྱི་ཆོས་མཐའ་ཡས་པ་གསན།   ཐོས་བསམ་སྒོམ་པའི་རིམ་པ་བརྒྱུད་དེ།   འཆད་རྩོད་རྩོམ་གསུམ་གྱིས་མདོ་སྔགས་ཀྱི་བསྟན་པ་ལ་དག་ཐེར་མཛད་ཅིང་།   བོད་ཁ་བ་ཅན་གྱི་ལྗོངས་འདིར་རྒྱལ་བསྟན་ཉི་མ་ལྟར་གསལ་བར་མཛད་པ་བཀའ་དྲིན་མཆོག་ཏུ་ཆེའོ།

      རབ་བྱུང་བདུན་པའི་ཆུ་བྱ་སྤྱི་ལོ ༡༣༩༣ ལོར་འོལ་ཁར་རྫིང་ཕྱིའི་བྱམས་པ་ཞིག་གསོ་མཛད།   མེ་བྱི་སྤྱི་ལོ ༡༣༩༦ ལོར་གཉལ་གྱི་ལུང་ར་ཆེན་མོ་ཚུགས།   ས་བྱི་སྤྱི་ལོ ༡༤༠༨ ལོར་རྒྱ་ནག་གི་རྒྱལ་པོ་ཆེན་པོ་ཏཱ་མིང་ཡུན་ལོ་རྒྱལ་པོས་རྗེ་རིན་པོ་ཆེ་ལ་མི་ཕྱེད་པའི་དད་པ་བརྟན་པོ་བཟློག་ཏུ་མེད་པ་སྐྱེས་ནས་ནན་གྱིས་གདན་འདྲེན་ཞུས་ཀྱང་།   དགག་བྱ་ཆེ་བ་དང་དགོས་པ་ཆུང་བའི་རྒྱུ་མཚན་གྱིས་དངོས་སློབ་ཤཱཀྱ་ཡེ་ཤེས་སྐུ་ཚབ་ཏུ་མངགས།   དགུང་ལོ་ང་གསུམ་པ་ས་གླང་སྤྱི་ལོ ༡༤༠༩ ལོར་ལྷ་སའི་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་མཆོད་ཚོགས་བཙུགས་པ་དང་འབྲོག་རི་བོ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་བཏབ་སྟེ།   ཆོས་ཀྱི་སྦྱིན་པ་བསམ་གྱི་མི་ཁྱབ་པ་མཛད།   དགུང་ལོ་རེ་གཅིག་པ་མེ་བྱ་སྤྱི་ལོ ༡༤༡༧ ལོར་དགའ་ལྡན་དུ་དཀྱིལ་འཁོར་སྒྲུབ་མཆོད་མཛད།   ཡངས་པ་ཅན་གྱི་རྟེན་རྣམས་བཞེངས།   དགུང་ལོ་རེ་གསུམ་པ་རབ་བྱུང་བདུན་པའི་ས་ཕག་སྤྱི་ལོ ༡༤༡༩ ལོར་དགའ་ལྡན་དུ་ཞི་བར་གཤེགས།

      རྗེ་འདིའི་བཀའ་རྩོམ་བྱང་ཆུབ་ལམ་གྱི་རིམ་པའི་བསྟན་བཅོས་ཆེ་ཆུང་དང་དྲང་ངེས་ལེགས་བཤད་སྙིང་པོ།   སྔགས་རིམ་ཆེན་མོ།   རིམ་ལྔ་གསལ་སྒྲོན་སོགས་དང་།   སྙན་ངག་གྲགས་ཆེན་རྟེན་འབྲེལ་བསྟོད་པ་དང་།   བསྟོད་སྤྲིན་རྒྱ་མཚོ།   མཆི་མེད་གྲུབ་པ།   ཚངས་པའི་ཅོད་པན་བཅས་བསྟོད་ཆེན་བཞི་བཅས་མདོ་སྔགས་ཀྱི་བཀའ་ཆོས་པོ་ཏི་བཅུ་དགུ་བཞུགས།   རྗེ་རྒྱལ་ཚབ་དར་མ་རིན་ཆེན་དང་།   མཁས་གྲུབ་དགེ་ལེགས་དཔལ་བཟང་།   རྗེ་དགེ་འདུན་གྲུབ་པ།   འཇམ་དབྱངས་ཆོས་རྗེ།   བྱམས་ཆེན་ཆོས་རྗེ་སོགས་མཁས་གྲུབ་ཀྱི་སློབ་མ་བགྲང་ཡས་པ་བསྐྱངས་ཏེ་ཞྭ་སེར་གྱི་བསྟན་པ་འཛིན་སྐྱོང་ལེགས་པར་མཛད་དོ། །༼ཆོས་གྲོགས་དྲ་ཚིགས་ལས་བཤུས།༽

 

རྗེ་ཙོང་ཁ་བའི་ལོ་རྒྱུས།

      རྗེ་ཙོང་ཁ་པ་ཆེན་པོ་བློ་བཟང་གྲགས་པ་ནི་བོད་རབ་བྱུང་དྲུག་པའི་མེ་བྱ ༡༣༥༧ ལོར་མདོ་སྨད་ཀྱི་སའི་ཆ་ཤར་ཙོང་ཁའི་ཡུལ༼དེང་སང་མཚོ་སྔོན་ཞིང་ཆེན་ཁོངས་སྐུ་འབུམ་དགོན་པ་ཆགས་ཡུལ་དེར་ཡིན་འདུག༽དུ་ཡབ་ད་ར་ཁ་ཆེ་ཀླུ་འབུམ་དགེ་དང་། ཡུམ་ཤིང་བཟའ་ཨ་ཆོས་ཀྱི་སྲས་སུ་སྐུ་བལྟམས། དགུང་ལོ་གསུམ་ལ་ཆོས་རྗེ་ཤརྨ་པ་སྐུ་ཕྲེང་བཞི་པ་རོལ་པའི་རྡོ་རྗེ་ལས་དགེ་བསྙེན་གྱི་སྡོམ་པ་བཞེས་ཤིང་། མཚན་ཀུན་དགའ་སྙིང་པོ་ཞེས་གསོལ། དགུང་ལོ་བདུན་ལ་ཆོས་རྗེ་དོན་གྲུབ་རིན་ཆེན་པས་མཁན་པོ་མཛད་པ་དང་། ཏ་དབེན་གཞོན་ནུ་སེང་གེའི་སློབ་མ་གཞོན་ནུ་བྱང་ཆུབ་པས་སློབ་དཔོན་མཛད་དེ་དགེ་ཚུལ་གྱི་སྡོམ་པ་བཞེས་ནས་མཚན་བློ་བཟང་གྲགས་པ་ཞེས་གསོལ། ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས་རྗེ་ཙོང་ཁ་པ་སྐུ་བྱིས་པའི་དུས་ནས་བདག་སྐྱོང་གིས་ཤིན་ཏུ་གཅེས་པར་མཛད་དེ་བསྐྱངས། རབ་ཏུ་བྱུང་ཞིང་རྡོ་རྗེ་ཐེག་པའི་སྒོར་སྨིན་པར་མཛད། ཀློག་པ་ཐོས་བསམ་དང་། སྤོང་བ་བསམ་གཏན་ལ་རྩེ་གཅིག་ཏུ་བརྩོན་པ་དགོས་པའི་ཞལ་ཏ་བསྩལ་བ་དང་། དབུས་སུ་བྱོན་པའི་ཆ་རྐྱེན་ཡང་བསྐྲུན་པར་མཛད། དགུང་ལོ་བཅུ་དྲུག་ལ་སོན་པའི་སྐབས་འབྲི་གུང་པའི་འབུལ་དཔོན་ལྡན་མ་རིན་ཆེན་དཔལ་གྱིས་གདན་འདྲེན་པའི་གྲོགས་དན་དང་བཅས་བོད་དུ་བྱོན་སྐབས་དམ་ཆོས་འཚོལ་བའི་ཐུགས་འདུན་ཁོ་ནའི་དབང་དུ་གྱུར་པས་སྐུ་ངལ་གྱི་ཆ་ཕྲ་མོ་ཙམ་གྱིས་མ་གོས་པར་ཆབ་མདོ་བརྒྱུད་དབུས་སུ་བྱོན་ཏེ་ཆུ་གླང ༡༣༧༣ ལོའི་སྟོན་དུས་འབྲི་གུང་མཐིལ་དུ་ཕེབས་ནས་སྤྱན་སྔ་ཆོས་ཀྱི་རྒྱལ་པོ་མཇལ་ཞིང་། ཐེག་ཆེན་སམས་བསྐྱེད་སོགས་ཞུ་གནང་མཛད། དེ་རྗེས་ཚལ་པའི་སྨན་པ་མཁས་པ་དཀོན་མཆོག་སྐྱབས་ཞེས་པའི་གམ་དུ་བྱོན་ནས༼སྨན་དཔྱད་ཡན་ལག་བརྒྱད་པ༽སོགས་ཐུགས་འཛིན་དང་ཕྱག་ལེན་སློབ་སྦྱོང་མཛད་ནས་རིང་མིན་ཉིད་དུ་གསོ་རིག་ལ་ཤིན་ཏུ་མཁས་པར་གྱུར། དེ་ནས་ཆོས་གྲྭ་ཆེན་པོ་བདེ་བ་ཅན༼དེང་སང་རྭ་སྟོད་དགོན་པ༽དུ་བྱོན་ནས་སྟེ་ཐང་པ་བཀྲ་ཤིས་སེང་གེ་དང་། གདན་ས་པ་དགེ་བསྐོང་གཉིས་ལས་ཆོས་འབྲེལ་གསན། བདེ་བ་ཅན་གྱི་བླ་མ་འཇམ་རིན་པར་བྱམས་ཆོས་གསན་ཞིང་ཐུགས་སུ་ཆུད་པར་མཛད། སྙེ་ཐང་ཆོས་རྫོང་དུ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་དྲུང་ནས་བདེ་མཆོག་དྲིལ་བུ་ལུས་དཀྱིལ་གྱི་དབང་སོགས་ཞུ་བར་མཛད། ལོ་གཉིས་ཙམ་ནས་ཕར་ཕྱིན་གྱི་ཚིག་དོན་ལ་ཤིན་ཏུ་མཁས་པར་གྱུར་ནས་དགུང་ལོ་བཅུ་དགུའི་སྟེང་གསང་ཕུ་དང་། བདེ་བ་ཅན་སོགས་སུ་གྲྭ་སྐོར་ལ་བྱོན། གཞན་ཡང་སྔ་ཕྱིར་ས་བཟང་པཎ་ཆེན་མ་ཏི་པ་ལས་ཆོས་བཀའ་ཅི་རིགས་དང་། སྒྲ། ཇོ་ནང་ཆོས་རྗེ་ཕྱོགས་ལས་རྣམ་རྒྱལ་གྱི་དྲུང་ནས་སྦྱོར་བ་ཡན་ལག་དྲུག་པ། སྣར་ཐང་ལོ་ཙཱ་བ་དོན་བཟང་པ་ལས་མཛོད་དང་ཚད་མའི་ཊཱི་ཀྐ། རྗེ་བཙུན་རེད་མདའ་བ་ལས་མཛོད་རང་འགྲེལ། དབུ་མ། ཚད་མ། མངོན་པ་ཀུན་བཏུས་དང་། སྐྱོར་མོ་ལུང་གི་མཁན་པོ་བློ་གསལ་བ་ལས་འདུལ་བ་དང་མཛོད། མལ་གྲོ་ལྷ་ལུང་བླ་མ་བསོད་གྲགས་ལས་ཆོས་ལུང་མང་པོ། བོ་དོང་ལོ་ཙཱ་བ་ནམ་མཁའ་བཟང་པོ་ལས་སྙན་ངག་མེ་ལོང་ལ་བཤད་རྒྱུགས། གདན་ས་མཐིལ་དུ་སྤྱན་སྔ་ཆོས་གྲགས་པ་ལས་ནཱ་རོ་ཆོས་དྲུག་དང་སྒྲ་སོགས། བླ་མ་ཡེ་ཤེས་རྒྱལ་མཚན་ལས་དུས་འཁོར་གྱི་འགྲེལ་ཆེན་སོགས། བུ་སྟོན་གྱི་དངོས་སློབ་གོང་གསུམ་བདེ་ཆེན་པ་ཆོས་ཀྱི་དཔལ་བ་ལས་དུས་འཁོར་དང་རྡོར་འཕྲེང་། གསང་འདུས་ལུགས་གཉིས། བུ་སྟོན་གྱི་ཡིག་ཆ་སོགས། ཁྱུང་པོ་ལྷས་པ་གཞོན་ནུ་བསོད་ནམས་ལས་ཡོ་གའི་སྐོར་སོགས། བླ་མ་དབུ་མ་དཔའ་བོ་རྡོ་རྗེ་ལས་དབུ་མ་འཇུག་པའི་རང་འགྲེལ་སོགས་གསན་པ་དང་། དབུ་མ་པས་ལོ་ཙཱ་མཛད་དེ་རྗེ་བཙུན་འཇམ་དབྱངས་ལས་དབུ་མའི་ལྟ་བ། སྔགས་མཚན་ཉིད་ཀྱི་ཁྱད་པར། སྔགས་བླ་མེད་ཀྱི་ལམ་གྱི་གནད་དང་། རིམ་ལྔའི་གོ་རིམ་དྲང་ངེས་སོགས་དྲི་དོགས་ལེགས་པར་བཅད་པ་གནང་། ལྷོ་བྲག་གྲུབ་ཆེན་ལས་སྙན་རྒྱུད་དང་བཀའ་གདམས་ལམ་རིམ་པ་དང་། གདམས་ངག་པའི་རྒྱུད་པ། གྲྭ་སྐོར་མཁན་ཆེན་ཆོས་སྐྱབས་བཟང་པོ་ལས་བཀའ་གདམས་གཞུང་པ་བའི་རྒྱུད་པའི་ལམ་རིམ་སོགས་གསན་ཞིང་མདོར་ན་དབུས་གཙང་དུ་བྱོན་ཚུན་བཤེས་གཉེན་བཅུ་ཕྲག་བཞི་ཙམ་བསྟེན། གསང་ཕུ་དང་བདེ་བ་ཅན་སོགས་གདན་ས་ཆེན་པོ་རྣམས་སུ་མདོ་སྔགས་གཞུང་ལུགས་ལ་ཐོས་བསམ་སྒོམ་གསུམ་དང་། འཆད་རྩོད་རྩོམ་པ་རྒྱ་ཆེར་གནང་ནས་བཤད་སྒྲུབ་ཀྱི་བྱ་བས་དུས་འདའ་བར་མཛད་། དགུང་ལོ་ཉི་ཤུ་ལྷག་ཙམ་དུ་སོན་སྐབས་ཡར་ལུང་རྣམ་རྒྱལ་དུ་ཕེབས་ཏེ་ཁ་ཆེ་པཎྜི་ཏ་ཤཱཀྱ་ཤྲི་བྷ་དྲའི་མཁན་རྒྱུད་ཚོགས་ཆེན་པའི་མཁན་པོ་དཀའ་བཞི་ཚུལ་རིན་པས་མཁན་པོ་དང་། ཚོགས་པ་བྱེ་རྫིང་མཁན་པོ། འདུལ་འཛིན་ཤེར་དཀོན་གྱིས་ལས་སློབ། སྡོམ་བརྩོན་བསོད་ནམས་རྡོ་རྗེས་གསང་སྟོན་མཛད་ནས་བསྙེན་པར་རྫོགས་པའི་སྡོམ་པ་བཞེས། དགུང་གྲངས་སོ་དྲུག་པ་ཆུ་སྤྲེལ༼༡༣༩༢༽ལོའི་ཟླ་བཅུ་པར་འཇམ་དཀར་དཔལ་ལྡན་བཟང་པོ་དང་། གནས་བརྟན་རིན་ཆེན་རྒྱལ་མཚན། གནས་བརྟན་བཟང་པོ་སྐྱོང་། གནས་བརྟན་བྱང་སེང་བཅས་དབུས་པ་བཞི་དང་། རྟོགས་ལྡན་འཇམ་དཔལ་རྒྱ་མཚོ་དང་། དགེ་བཤེས་ཤེས་རབ་གྲགས་པ། དགེ་བཤེས་འཇམ་དཔལ་བཀྲ་ཤེས། དགེ་བཤེས་དཔལ་སྐྱོང་སྟེ་མདོ་སྨད་པ་བཞི་བཅས་འཁོར་དག་པ་རྣམ་བརྒྱད་དང་ལྷན་དུ་ཕེབས་ཏེ་བསགས་སྦྱང་དང་སྒྲུབ་པ་གཙོ་བོར་མཛད་ཅིང་། དབེན་གནས་ལྷ་སྡིངས་སུ་ཐུགས་དམ་ཉམས་བཞེས་སྐབས་ཟབ་མོ་དབུ་མའི་ལྟ་བ་ཐུགས་སུ་འཁྲུངས། མདོར་ན་དབུས་གཙང་གི་གདན་ས་ཆེན་པོ་རྣམས་སུ་མཁས་པར་སྦྱངས་ཤིང་དབེན་པའི་གནས་རྣམས་སུ་སྒྲུབ་པ་སྙིང་པོར་མཛད། མདོ་སྔགས་ཀྱི་གསུང་རབ་ཐམས་ཅད་ཀྱི་དོན་སངས་རྒྱས་ཀྱི་དགོངས་པ་ཇི་བཞིན་བཀྲལ་བ་མ་ཟད། དོན་ཉམས་སུ་བཞེས་ཏེ་ཕྱི་རུ་ཉན་ཐོས་ཀྱི་སྤྱོད་པ་ཞི་ཞིང་དུལ་བ་དང་། ནང་དུ་རིམ་གཉིས་ཀྱི་རྣལ་འབྱོར་ལ་གཞོལ་བའི་ལྟ་སྤྱོད་གཙང་མའི་ལུགས་བཟང་སྤེལ་ཏེ་གངས་ཅན་མཁས་གྲུབ་ཀུན་གྱིས་གཙུག་ཏུ་བཀུར་ཞིང་མཐའ་དབུས་སྐྱེ་འགྲོ་ཐམས་ཅད་ཀྱིས་གུས་ཤིང་བཏུད། ཁོང་གི་བླ་མ་རེད་མདའ་བས་ཀྱང་གངས་ཅན་མཁས་པའི་གཙུག་རྒྱན་ཞེས་བསྔགས་པར་མཛད་པ་མ་ཟད། མཁས་དབང་འགོས་ལོ་གཞོན་ནུ་དཔལ་གྱིས་ཀྱང་དེ་ཡི་དུས་སུ་ས་ཆེན་པོ་འདི་རྗེ་ཙོང་ཁ་པའི་གདུགས་དཀར་གཅིག་གིས་ཁྱབ་ནས་ཡོད་པ་ཡིན་ཞེས་གསུངས་ཡོད། མེ་བྱི ༡༣༩༦ ལོར་གཉལ་སྟོད་རྭ་གྲོང་དུ་དཀའ་བཅུ་དར་མ་རིན་ཆེན་དང་མཇལ་ཞིང་སྲས་ཀྱི་ཐུ་བོར་གྱུར། དགུང་ལོ་ཞེ་དྲུག་པ་རབ་བྱུང་བདུན་པའི་ཆུ་རྟ ༡༤༠༢ ལོར་གནམ་རྩེ་སྡིང་དུ་དབྱར་གནས་མཛད་དེ་འདུལ་བའི་ཕྱག་ལེན་ལ་དག་ཐེར་དང་། ལོ་དེར་རྭ་སྒྲེང་ཡང་དགོན་དུ་བྱང་ཆུབ་ལམ་རིམ་ཆེ་མོ་གསར་རྩོམ་མཛད། ཙོང་ཁ་པ་ཆེན་པོ་དགུང་གྲངས་ང་གཅིག་པ་མེ་ཕག ༡༤༠༧ ལོར་སེ་ར་ཆོས་སྡིངས་སུ་མཁས་གྲུབ་དགེ་ལེགས་དཔལ་བཟང་གིས་མཇལ་བར་ཕེབས་ཏེ་ཞབས་ལ་གཏུགས་པས་སྲས་ཀྱི་ཐུ་བོར་གྱུར། ལོ་དེར་གོང་མ་ཏཱ་མིང་ཡུང་ལོ་རྒྱལ་པོ་ཐུགས་དད་ལྷག་པར་འཕེལ་ཏེ་མི་སྣ་ཆེད་དུ་མངགས་ནས་རྒྱལ་སར་སྤྱན་འདྲེན་པའི་འཇའ་ས་དང་། གསེར་ཡིག ཕྱག་རྟེན་དངོས་པོ་དང་བཅས་ནན་ཏན་ཆེན་པོས་སྔ་ཕྱི་ལན་གསུམ་ཙམ་གདན་ཞུ་གནང་རུང་ཞལ་བཞེས་མ་མཛད། མཐར་གང་གི་སྐུ་ཚབ་ཏུ་དངོས་སློབ་བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་གོང་མའི་མཆོད་གནས་སུ་གཏོང་གནང་མཛད་པ་དེས་ཙོང་ཁ་པའི་བཀའ་སློབ་ལྟར་ནན་ཅིན་དུ་ཕེབས་ཏེ་དགོན་པ་འདེབས་པ་དང་། དགེ་འདུན་གྱི་སྡེ་འཛུགས་པ་སོགས་གོང་མའི་ཐུགས་བཞེད་དང་མཐུན་པའི་མཛད་པ་རྒྱ་ཆེར་སྤེལ། གཞན་ཡང་ཙོང་ཁ་པ་ཆེན་པོ་དགུང་ལོ་སོ་དྲུག་པར་འོལ་དགའ་རྫིང་ཕྱིའི་བྱམས་པའི་སྐུ་ཤིན་ཏུ་འོ་བརྒྱལ་བར་གཟིགས་ནས་རྟེན་དང་བརྟེན་པར་བཅས་ལ་ཞིག་གསོ་བླ་ན་མ་མཆིས་པ་མཛད་པ་དང་། དགུང་ལོ་སོ་དགུ་ལ་གཉལ་གྱི་གསེར་ཕྱེ་འབུམ་པར་མཆོད་འབུལ་སོགས་ཆོས་ཕྱོགས་ཀྱི་འཕྲིན་ལས་རྒྱ་ཆེར་སྤེལ་བ། དགུང་ལོ་ང་གསུམ་པ་ས་བྱི ༡༤༠༨ ལོར་ལྷ་ལྡན་གཙུག་ལག་ཁང་དང་། གཙུག་ལག་ཁང་གི་ཁྱམས་ར་དང་ལྡེབས་བྲིས་སོགས་ཕྱི་ནང་རྟེན་དང་བརྟེན་པར་ཉམས་གསོ་རྒྱས་པར་གནང་། དེའི་ཕྱི་ལོ་ས་གླང ༡༤༠༩ ལོའི་བོད་ཟླ་དང་པོར་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེ་མོའི་དུས་མཆོད་གསར་འཛུགས་ཐོག་སྔོན་དུས་རྒྱ་གར་རྡོ་རྗེ་གདན་དུ་དབུ་རྒྱན་བསྒྲོན་ཡོད་པ་དང་མཐུན་ངར་ཇོ་ཤཱཀ་རྣམ་གཉིས་སོགས་ལ་རིན་པོ་ཆེའི་དབུ་རྒྱན་དང་། ན་བཟའ་མཆོད་རྫས་སོགས་བཟང་ཞིང་ཕུལ་དུ་ཕྱིན་པ་འབུལ་བར་མཛད། ཚེས་གཅིག་གནས་བཅོ་ལྔའི་བར་རྟེན་རྣམས་ལ་མཆོད་པ་རྒྱ་ཆེན་པོ་དང་། དགེ་འདུན་འདུས་པའི་སྡེ་ལ་བསྙེན་བཀུར། སྐྱེ་བོ་ཕོངས་པའི་ཚོགས་ལ་སྦྱིན་གཏོང་སོགས་རྣམ་དཀར་རྒྱ་ཆེར་སྤེལ་བའི་ལྷ་ལྡན་སྨོན་ལམ་ཆེ་མོ་ཞེས་གྲགས་པ་འཛུགས་པར་མཛད། དེ་སྔོན་ཙོང་ཁ་པ་ཆེན་པོ་དཔོན་སློབ་རྣམས་བཞུགས་གནས་ངེས་མེད་ཀྱི་ཕེབས་བཞུད་གནང་བ་ལས་གཏན་བཞུགས་ཀྱི་གནས་གཞི་འདི་ཡིན་མེད་སྟབས་ཙོང་ཁ་པ་ཆེན་པོའི་བུ་སློབ་རྣམས་དང་དད་སྦྱིན་ཁག་གིས་ཙོང་ཁ་པ་སྐུ་ན་མཐོ་བས་གནས་གཞི་ངེས་མེད་ལ་ཕེབས་བཞུད་སྐུ་ངལ་གྱི་གཞིར་བརྟེན་གཏན་བཞུགས་གནང་ཡུལ་གདན་ས་ཞིག་འདེབས་དགོས་ཞུ་ནན་ཆེ་བ་དང་། འབྱོར་ལྡན་ཁག་ནས་གནས་གཞི་རྙིང་པ་དང་ས་ཡུལ་འབུལ་མཁན་མང་དུ་བྱུང་། ལྷ་སའི་སྨོན་ལམ་ཆེ་མོ་གྲོལ་འཕྲལ་ཙོང་ཁ་པ་སྐུ་ངོ་མ་དང་། འདུལ་བ་འཛིན་པ་གྲགས་པ་རྒྱལ་མཚན། དཀའ་བཅུ་པ་དར་མ་རིན་ཆེན་སོགས་དཔོན་སློབ་དགུ་འབྲོག་རིར་བྱོན་ཏེ་གདན་ས་སྐྲུན་ཡུལ་གཟིགས་སྐོར་ཞིབ་བརྟག་མཛད་པར་བཙུན་མོ་སྡིངས་ཞེས་པའི་ས་འདི་ཉིད་ལེགས་པར་དགོངས་ནས་དགོན་པ་ཇི་ལྟར་འདེབས་དགོས་པའི་འཀའ་སློབ་ཀྱང་ཞིབ་པར་གནང་། སྐབས་དེར་དགོན་པ་གཞི་འདེབས་པའི་སྦྱིན་བདག་གཙོ་བོ་ཕག་མོ་གྲུ་པའི་སྡེ་སྲིད་དབང་གྲགས་པ་རྒྱལ་མཚན་དང་། སེ་ཏུའི་བློན་རྒྱུད་བྲག་དཀར་ནང་སོ་རིན་ཆེན་ལྷུན་པོ། ནང་སོ་རྒྱ་བོ་སྤུན་མཆེད། རྒྱ་མ་ཁྲི་དཔོན་ཟླ་བ་བཅས་ཡིན་ཞིང་། གཞན་ཡང་ཉེ་སྐོར་གྱི་སེར་སྐྱ་རྣམས་ཀྱིས་རྒྱུ་དངོས་ཕུལ་བའམ་ལུས་ཀྱི་རྩོལ་བར་ཞུགས་པ་སོགས་མཐུན་རྐྱེན་བསྒྲུབས་ཏེ་རྗེ་ཙོང་ཁ་པའི་གཟིམ་ཁང་དང་། དགེ་འདུན་སྤྱིའི་འདུ་ཁང༼ཚོགས་ཆེན༽ གཙང་ཁང་། བྲང་ཁང༼གྲྭ་ཤག༽བདུན་ཅུ་སྐོར་བཅས་ལོ་དེ་རང་ལ་གྲུབ་པ་དང་དུས་མཚུངས་བྲང་ཁང་བརྒྱ་ཕྲག་བརྒལ་བའི་རྨང་བཏིང་། ཙོང་ཁ་པ་དང་རྒྱུན་དུ་ལྷན་ཕེབས་གནང་མཁན་དགེ་འདུན་ལྔ་བརྒྱ་སྐོར་ཡོད་པ་རྣམས་ལོ་དེར་འབྲོག་རིར་ཕེབས། དེ་ནས་བཟུང་གདན་སའི་གཙུག་ལག་ཁང་ལེ་ལག་རྣམས་དང་འདུས་ཚོགས་དགེ་འདུན་གྱི་གྲངས་བཅས་རིམ་བཞིན་འཕེལ་རྒྱས་བྱུང་། དེའི་ཕྱི་ལོ་ལྕགས་སྟག ༡༤༡༠ ལོའི་ཟླ་གཉིས་པའི་ཚེས་ལྔ་ལ་ཙོང་ཁ་པ་དགའ་ལྡན་དུ་གདན་ཞུས་ཐོག་རབ་གནས་ཀྱི་རིམ་པ་རྒྱས་པར་མཛད་ཅིང་། དུས་དེ་ནས་བཟུང་རྗེ་ཙོང་ཁ་པ་དངོས་སློབ་དང་བཅས་པ་དགའ་ལྡན་རང་དུ་གཏན་བཞུགས་ཀྱིས་གདང་ཆེན་ཐེག་པ་ཆེན་པོའི་ཆོས་གསུངས་པ་དོགས་གདན་ས་ཉིད་དུ་མདོ་སྔགས་ཡོངས་སུ་རྫོགས་པའི་བསྟན་པའི་རྨང་འཛུགས་པར་མཛད། ལྷོ་བྲག་མཁན་ཆེན་ནམ་མཁའ་རྒྱལ་མཚན་གྱིས་ལུང་བསྟན་པ་ལྟར་གདན་སའི་མིང་ལ་དགེ་ལྡན་ཞེས་བཏགས་པར་བརྟེན་གདན་ས་དེའི་རིང་ལུགས་འཛིན་པ་མཐའ་དག་ལའང་དེ་ནས་བཟུང་དགེ་ལྡན་རིང་ལུགས་འཛིན་པ་ཞེས་པའི་མིང་ཆགས། ཤིང་ལུག ༡༤༡༥ ལོར་རྒྱལ་བ་དགེ་འདུན་གྲུབ་པས་འོན་བཀྲ་ཤིས་རྡོ་ཁ༼དུ་ཁ༽རུ་རྗེ་ཙོང་ཁ་པ་མཇལ་བར་ཕེབས་པར་རྗེ་ཙོང་ཁ་པས་ཐང་གཤམ་ཞིག་གནང་ནས་མ་འོངས་པར་བསྟན་པ་རྒྱ་ཆེར་སྤེལ་བའི་རྟེན་འབྲེལ་འགྲིག རྗེ་ཙོང་ཁ་པ་ཆེན་པོས་གསང་སྔགས་ཀྱི་སྒྲུབ་མཆོད་ཁང་ཞིག་ལོགས་སུ་སྐྲུན་བཞེད་ལྟར་དགུང་གྲངས་ང་དགུ་པ་ཤིང་ལུག་ལོ་དེའི་དབྱར་དུས་སུ་ཡངས་ཅན་གཙུག་ལག་ཁང་ཀ་བ་བདུན་ཅུ་དོན་གཉིས་དང་། གཙང་ཁང་ཁྱམས་དང་བཅས་པའི་རྨང་བཏིང་ནས་དེའི་ཕྱི་ལོ་མེ་སྤྲེལ ༡༤༡༦ ལོར་ལེགས་པར་གྲུབ། མེ་བྱ ༡༤༡༧ ལོའི་ཟླ་གསུམ་པའི་ནང་བཟོ་རིག་མཁས་པ་སྤྲུལ་སྐུ་སླེའུ་ཆུང་བ་སོགས་དུ་མ་བསྐོངས་ནས་ཡངས་ཅན་གཙུག་ལག་ཁང་གི་རྟེན་རྣམས་གསར་བསྐྲུན་དང་འབྲེལ་རྒྱུད་སྡེའི་དགོངས་པ་བཞིན་ཕྱག་ལེན་རྣམ་པར་དག་པས་བརྒྱན་པ་དགའ་ལྡན་སྒྲུབ་མཆོད་ཆེ་མོར་གྲགས་པ་འཛུགས་གནང་མཛད། ས་ཁྱི ༡༤༡༨ ལོར་ཡངས་ཅན་ཆོས་རྒྱལ་ལྷ་ཁང་གི་མགོན་ཁང་དུ་རྟེན་གཙོ་རྡོ་རྗེ་འཇིགས་བྱེད་ཀྱི་འཇིམ་བརྙན་ཆེ་བ་དང་། སྲུང་མའི་གཙོ་བོ་དམ་ཅན་ཆོས་རྒྱལ་ཡབ་ཡུམ། མགོན་པོ་གཙོ་འཁོར་རྣམས་སོ་སོའི་རྒྱུད་ནས་བཤད་པ་ལྟར་ཆ་ཚད་ལྡན་པ་གསར་སྐྲུན་ཐོག་སྐུ་རྟེན་རྣམས་ལ་རབ་གནས་དང་རྟེན་བཞེངས་ལེགས་སྒྲུབ་ཀྱི་དགའ་སྟོན་རྒྱ་ཆེར་མཛད། ཙོང་ཁ་པ་ཆེན་པོ་དགུང་གྲངས་རེ་གསུམ་དུ་ཕེབས་པ་ས་ཕག ༡༤༡༩ ལོའི་སྟོན་དུས་སྟོད་ལུང་དང་། འབྲས་སྤུངས། ལྷ་ས། སེ་ར། གསང་སྔགས་མཁར། གྲུ་བཞི་རྣམས་སུ་ཕེབས་ནས་ཆོས་མང་དུ་གསུངས། སླར་ཡང་དགའ་ལྡན་དུ་ཕེབས་ནས་ཐུབ་དབང་ཚུལ་ཁྲིམས་མའི་མདུན་དུ་མཆོད་འབུལ་དང་སྨོན་ལམ་རྒྱས་པར་མཛད་རྗེས་གཟིམ་ཁང༼ཁྲི་ཐོག་ཁང་༽དུ་ཕེབས་ཏེ་སྲས་ཀྱི་ཐུ་བོ་དར་མ་རིན་ཆེན་ལ་སྐུ་བེར་དང་དབུ་ཞྭ་གནང་སྟེ་རང་ཉིད་ཀྱི་རྒྱལ་ཚབ་ཏུ་དོན་གྱིས་གོ་བར་མཛད། རབ་བྱུང་བདུན་པའི་ས་ཕག ༡༤༡༩ ཟླ་བཅུ་པའི་ཚེས་ཉི་ཤུ་ལྔ་ཉིན་སྔ་དྲོ་ཉི་དྲོད་ཙམ་ལ་གཟིམ་ཁང་འོད་གསལ་སྦུག་ཏུ་སྐུ་གཤེགས། གསུང་འབུམ་པོད་བཅོ་བརྒྱད་ཡོད་པ་སྐུ་གཤེགས་རྗེས་རྒྱལ་ཚབ་རྗེས་བསྐུལ་མ་གནང་བ་ལྟར་གཞིས་ཀ་བྲག་དཀར་ནང་སོས་དཔར་སྐྲུན་བྱས་ཏེ་དགའ་ལྡན་དུ་ཕུལ་བ་དགའ་ལྡན་པར་རྙིང་ཞེས་དེ་སྔོན་ཟུང་ཆུ་ཁང་ཚན་དུ་བཞུགས་ཡོད། རྒྱལ་ཚབ་དར་མ་རིན་ཆེན་དང་། མཁས་གྲུབ་དགེ་ལེགས་དཔལ་བཟང་སོགས་དངོས་སློབ་གྲགས་ཆེ་བ་བརྒྱ་དང་བཞི་བཅུ་ཞེ་བདུན་བྱུང་། སྐབས་དེར་རྒྱལ་ཚབ་དར་མ་རིན་ཆེན་དང་འདུལ་འཛིན་གྲགས་པ་རྒྱལ་མཚན་རྣམ་གཉིས་ཀྱིས་གཙོ་འགན་བཞེས་ཏེ་ཙོང་ཁ་པའི་དངོས་སློབ་གཞན་རྣམས་དང་མོས་བསྡུར་ཐོག་དངུལ་བྲེ་ཆེན༼དངུལ་སྲང་ལྔ་བཅུ་ལ་བྲེ་ཆེན་གཅིག༽བཅོ་བརྒྱད་ལས་གྲུབ་པའི་རྣམ་རྒྱལ་མཆོད་རྟེན་ཕྲ་རྒྱན་ཕུན་སུམ་ཚོགས་པས་སྤྲས་པ་བསྐྲུན་ཏེ་བུམ་ནང་དུ་སྐུ་གདུང་རིལ་པོ་མ་ཉམས་པར་སྣམ་སྦྱར་སྒྲོན་པ་ཙན་དན་གྱི་སྒྲོམ་དང་བཅས་པ་བཞུགས་སུ་གསོལ། དེ་རྗེས་སྣེ་གདོང་དང་། འབྲི་གུང་། སྣེའུ་སོགས་ནས་གདུང་འབུལ་གསེར་དངུལ་མང་དུ་བྱུང་། སློབ་དཔོན་རྣམ་གཉིས་ཀྱིས་དངུལ་གདུང་མཆོད་རྟེན་བཞུགས་ཡུལ་གཙུག་ལག་ཁང་བཟོ་བཀོད་ཕུན་སུམ་ཚོགས་པ་བསྐྲུན་ཏེ་དངུལ་གདུང་དེར་གདན་དྲངས་ནས་རབ་གནས་རྒྱས་པར་མཛད། ཙོང་ཁ་པ་ཆེན་པོ་སྐུ་གཤེགས་པའི་ཕྱི་ལོ་ལྕགས་བྱི ༡༤༢༠ ལོའི་ཟླ་བཅུ་པའི་ཚེས་ཉི་ཤུ་ལྔ་ཉིན་དགའ་ལྡན་དུ་རྡོ་རྗེ་སློབ་དཔོན་བརྒྱ་ཕྲག་དུ་མས་གསང་བདེ་འཇིགས་གསུམ་སོགས་ཀྱི་དཀྱིལ་འཁོར་གྱི་ཆོ་ག་བདུན་ཕྲག་མང་པོའི་རིང་བསྒྲུབས་པ་དང་ཙོང་ཁ་པ་ཆེན་པོའི་འདས་མཆོད་རྒྱ་ཆེར་མཛད། དེ་ནས་བཟུང་གླིང་མེ་སྤར་ཞིང་དགའ་ལྡན་ལྔ་མཆོད་ཆེ་མོར་གྲགས་པའི་སྲོལ་དར་ནས་བོད་ལྗོངས་ས་མཐའ་དབུས་མཐའ་དག་ཏུ་ལོ་ལྟར་བོད་ཟླ་བཅུ་པའི་ཚེས་ཉེར་ལྔའི་དགོང་མོ་ཁང་པའི་ཕྱི་ནང་ཀུན་ཏུ་མཆོད་མེ་མང་པོ་འབུལ་སྲོལ་དེ་དར་རོ། ། ༼དུང་དཀར་ཚིག་མཛོད་ལས་བཏུས།༽