རྒྱལ་ཚབ་དར་མ་རིན་ཆེན།
དྲ་ཚིགས་དོ་དམ་པས།
འབྱུང་ཁུངས། སྤེལ་མཁན། སྤེལ་དུས།2016-10-24

ངོ་སྤྲོད་གནད་བསྡུས།

        མཚན། རྒྱལ་ཚབ་དར་མ་རིན་ཆེན། འཁྲུངས་ཡུལ། གཙང་ཉང་སྟོད། འཁྲུངས་འད ༡༣༦༤-༡༤༣༢ ཐོབ་ཐང་། དགའ་ལྡན་ཁྲི་ཐོག་གཉིས་པ། སློབ་སྦྱོང་། ཐོག་མར་སློབ་དཔོན་དཔལ་མགོན་པའི་དྲུང་དུ་ཡི་གེ་འབྲི་ཀློག་བསླབས། བར་དུ་རེད་མདའ་བ་སོགས་མཁས་པ་དུ་མ་བསྟེན་ནས་མདོ་སྔགས་རིག་གནས་དང་བཅས་པ་སྦྱངས། མཐའ་མར་རྗེ་ཙོང་ཁ་བ་དང་མཇལ་ནས་རྗེའི་ཆོས་གསུངས་ཚད་གསན། གསན་ཚད་བཟུང་། བཟུང་ཚད་བརྗེད་དུ་མ་བཅུག་པར་གཞུང་ལུགས་མཐའ་དག་ལ་ཐོགས་པ་མེད་པའི་མཁྱེན་པ་རྒྱས། གསུང་རྩོམ།  ཚད་མའི་རྣམ་བཤད་ཐར་ལམ་གསལ་བྱེད་དང་ཕར་ཕྱིན་འགྲེལ་བ་རྣམ་བཤད་སྙིང་རྒྱན་སོགས་མདོ་སྔགས་ཀྱི་བཀའ་འགྲེལ་པོད་ཆེན་བརྒྱད་ཙམ་བཞུགས། མཛད་སྤྱོད གྲྭ་སྐོར་མཛད་དེ་མཁས་པ་མང་བོ་རྩོད་པས་ཕམ་པར་བྱས་པས་དཀའ་བཅུ་བ་ཞེས་པའི་མཚན་གནས་ཐོག་མ་བླངས། རྗེ་ཡི་ཞབས་པད་ཡུན་དུ་བསྟེན་ནས་དགའ་ལྡན་གསར་བཞེངས་ཀྱི་མཁར་ལས་ཀྱང་བསྒྲུབས། དགའ་ལྡན་གསར་ཁྲིར་བཞུགས་ཤིང་ལོ་གསུམ་རིང་ལ་འཆད་རྩོད་རྩོམ་པ་རྒྱ་ཆེར་གནང་། རྗེ་ཡི་རྒྱལ་ཚབ་ཏུ་དབང་བསྐུར་བ་བཞིན་དགེ་ལྡན་བཤད་སྒྲུབ་བསྟན་པའི་རྐང་ཚུགས་པར་བྱས།



༡༽རྒྱལ་ཚབ་དར་མ་རིན་ཆེན།

      ཁོང༼༡༣༦༤-༡༤༣༢༽ནི་གཙང་ཉང་སྟོད་དུ་ཡབ་བློན་པོ་རྦའི་རིགས་རྒྱུད་རྟ་དཔོན་པ་དང་ཡུམ་ཇོ་མོ་ཤེས་རབ་མ་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་བཅུ་བར་གནས་རྙིང་དུ་མཁན་ཆེན་རིན་ཆེན་རྒྱལ་མཚན་གྱི་དྲུང་དུ་རབ་ཏུ་བྱུང་། མཚན་དར་མ་རིན་ཆེན་དུ་གསོལ། དེ་ནས་སློབ་དཔོན་དཔལ་མགོན་པའི་དྲུང་དུ་ཡི་གེ་འབྲི་ཀློག་བསླབས། དཀའ་བཞི་བ་རིན་ཆེན་རྡོ་རྗེ་དང་། རྗེ་བཙུན་རེད་མདའ་བ་གཞོན་ནུ་བློ་གྲོས་སོགས་མཁས་ཆེན་དུ་མ་བསྟེན་ནས་མདོ་སྔགས་ཀྱི་ཆོས་མང་དུ་གསན། ལྷག་པར་དུ་རྗེ་བཙུན་རེད་མདའ་བ་ལས་ཕར་ཕྱིན་དང་ཚད་མ། འདུལ་བ། མངོན་པ། དབུ་མ་སོགས་མདོ་ཕྱོགས་ཀྱི་གཞུང་རྣམས་དང་། གསང་འདུས་སོགས་གསང་སྔགས་ཀྱི་གཞུང་ཕལ་ཆེ་བ་གསན་སྦྱོང་གནང་། རེད་མདའ་བའི་ཐུགས་སྲས་རབ་འབྱམས་པ་བདུན་གྱི་ནང་ཚན་རྩོལ་བཟང་མཆོག་གྱུར་གྱི་མཚན་ཡང་ཐོགས། དེ་ནས་ས་སྐྱ་དང་གསང་ཕུ། རྩེད་ཐང་བཅས་སུ་པུ་ཏི་དཀའ་བ་བཅུའི་གྲྭ་སྐོར་གནང་། རོང་སྟོན་ཤཱཀྱ་རྒྱལ་མཚན་དང་མཁས་ཆེན་གཡག་པ་སོགས་ས་སྐྱའི་མཁན་ཆེན་རྣམས་དང་རྩོད་གླེང་ལེགས་པར་མཛད་དེ་མཁས་པའི་གྲགས་པ་ཐོབ་ནས་དཀའ་བཅུ་བའི་མཚན་བཏགས་བཞེས། བོད་ལ་དཀའ་བཅུ་བ་ཞེས་པའི་མིང་བརྡ་ཡང་ཐོག་མར་འདི་ནས་བྱུང་བར་གྲགས། དགུང་ལོ་ཉེར་ལྔ་བ་ལ་བསྙེན་པར་རྫོགས། དེ་ནས་དབུས་ཕྱོགས་ཀྱི་གྲྭ་ས་རྣམས་སུ་གྲྭ་སྐོར་མཛད། རྗེ་ཙོང་ཁ་བ་ཆེན་པོའི་གྲགས་པ་གསན་ནས་གཉལ་གྱི་ར་གྲོང་དུ་རྩོད་པ་གནང་བར་བྱོན་པ་ན། རྗེ་བདག་ཉིད་ཆེན་པོའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་ལ་ཤིན་ཏུ་དད་པ་སྐྱེས་ཏེ་སློབ་མའི་གཙོ་བོར་གྱུར། ལོ་བཅུ་གཉིས་ཀྱི་བར་དུ་རྗེ་རིན་པོ་ཆེའི་ཞབས་ཕྱིར་རྒྱུན་མཐུད་ནས་དགའ་ལྡན་གསར་བཞེངས་ཀྱི་མཁར་ལས་ཀྱང་བསྒྲུབས། རྗེའི་ཆོས་གསུངས་ཚད་གསན། གསན་ཚད་བཟུང་། བཟུང་ཚད་བརྗེད་དུ་མ་བཅུག་པར་མདོ་སྔགས་མཐའ་དག་ལ་ཐོགས་པ་མེད་པའི་མཁྱེན་པ་རྒྱས། རྗེ་ཙོང་ཁ་བ་ཞིང་གཞན་དུ་གཤེགས་ཁར་རྗེ་འདི་ལ་དབུ་པཎ་དང་སྐུ་བེར་གནང་སྟེ་གདན་སར་བཞུགས་པར་དོན་གྱིས་གོ་བར་མཛད་པ་ལྟར། ༡༤༡༩ ལོར་དགའ་ལྡན་གསེར་ཁྲིར་བཞུགས་ཤིང་དུས་དེ་ནས་བཟུང་རྒྱལ་ཚབ་ཅེས་པའི་མཚན་ཐོབ། ཁོང་ནི་དགའ་ལྡན་གསེར་ཁྲིའི་ཁྲི་རབས་གཉིས་པ་ཡིན། ཁྲི་ཐོག་ཏུ་ལོ་ངོ་བཅུ་གསུམ་བཞུགས་རིང་འཆད་རྩོད་རྩོམ་གསུམ་གྱི་བྱ་བ་རྒྱ་ཆེར་སྤེལ། ཁོང་གིས་བོད་སྔ་མ་རྣམས་ཀྱི་བློའི་སྤྱོད་ཡུལ་དུ་མ་གྱུར་པའི་རྗེ་བླ་མའི་ལེགས་པར་བཤད་པ་མཐའ་དག་རང་གི་ཉམས་མྱོང་དང་ལུང་རིགས་ཟུང་འབྲེལ་གྱིས་འཆད་ཁྲིད་མཛད་པས། རྗེའི་དངོས་སློབ་ཕལ་ཆེ་བ་དང་སྐལ་ལྡན་རྣམ་དཔྱོད་ཅན་དག་གིས་རྗེ་ཙོང་ཁ་བ་དང་ཁྱད་པར་མེད་པའི་གུས་འདུད་མཛད་པར་བརྟེན། ཕ་རྗེས་བུས་ཟིན་པ་རྗེའི་བཤད་སྒྲུབ་ཀྱི་བསྟན་པའི་རྐང་ཚུགས་པར་གྱུར། དགུང་ལོ་རེ་བརྒྱད་པ ༡༤༣༡ ལོར་མཁས་གྲུབ་དགེ་ལེགས་དཔལ་བཟང་དགའ་ལྡན་ཁྲི་ཐོག་གསུམ་པར་རང་གི་རྒྱལ་ཚབ་ཏུ་དབང་བསྐུར། དགུང་ལོ་རེ་དགུ་བ ༡༤༣༢ ལོའི་དབོ་ཟླ་ལྔ་བར་རྩེ་པོ་ཏ་ལར་སྐུ་མྱ་ངན་ལས་འདས།

གསུང་ལས་སྐྱེས་པའི་སློབ་མ་ལ་མཁས་པ་རཏཱ་བཀྲ་ཤིས་དང་བྱམས་པ་གླིང་བ། རིན་ཆེན་དཔལ། འདུལ་དཀར་བ་གྲགས་པ་དཔལ་ལྡན། བློ་གྲོས་མགོན་པོ། གླིང་སྨད་ཡོན་རྒྱམ་པ་ཆེན་པོ་རིན་བྱང་བ། འདུལ་འཛིན་བསམ་འཕེལ་བ། སངས་རྒྱས་བཟང་བོ། བློ་བརྟན་པ། དཔལ་ལྡན་བཟང་བོ་སོགས་བསྟན་འཛིན་གྱི་སྐྱེས་བུ་དམ་པ་མང་བོ་བྱུང་། བསྟན་བཅོས་ཀྱང༼རྣམ་འགྲེལ་གྱི་རྣམ་བཤད་ཐར་ལམ་གསལ་བྱེད༽དང་། ༼རྣམ་ངེས་དགོངས་པ་རབ་གསལ༼རིགས་ཐིགས་ཀྱི་ཊིཀ་རིན་པོ་ཆེའི་གཏེར་མཛོད༼ཚད་མདོའི་མཐར་འཛིན་གདུང་སེལ༼ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་བ་དོན་གསལ་བའི་རྣམ་བཤད་སྙིང་བོའི་རྒྱན༽༼དབུ་མ་རིན་ཆེན་ཕྲེང་བའི་རྣམ་བཤད་སྙིང་བོའི་དོན་གསལ་བ༽སོགས་གཞུང་ཆེན་མང་བོའི་འགྲེལ་བ་དང་། གསང་འདུས་དང་། དུས་འཁོར་སོགས་ཀྱི་བཀའ་རྩོམ་གཅིག་ཏུ་བསྒྲིལ་བ་པོད་ཆེན་བརྒྱད་བཞུགས། ༼ དུང་དཀར་ཚོག་མཛོད་ལས་བཏུས།༽

 

༢༽རྒྱལ་ཚབ་དར་མ་རིན་ཆེན།

        རབ་བྱུང་དྲུག་པའི་ཤིང་འབྲུག༼༡༣༦༤༽ལོར་གཙང་ཉང་སྟོད་དུ་རི་ནང་བློན་པོ་རྦ་ཡི་རིགས་རྒྱུད་ཡབ་རྟ་དཔོན་དང༌། ཡུམ་ཇོ་མོ་ཤེས་རབ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་བཅུ་བ་ནས་གནས་སྙིང་མཁན་པོ་རིན་ཆེན་རྒྱལ་མཚན་ལས་རབ་ཏུ་བྱུང་བའི་མཚན་ལ་དར་མ་རིན་ཆེན་གསོལ། །གངས་ཅན་པ་ཀུན་དགའ་དཔལ་གྱི་དྲུང་ནས་ཡི་གེ་འབྲི་ཀློག་སོགས་ལ་བསླབས། དཀའ་བཞི་བ་རིན་ཆེན་རྡོ་རྗེ་དང༌། རྗེ་རེད་མདའབ་གཞོན་ནུ་བློ་གྲོས། ཉ་དབོན་པ་སོགས་ལས་བྱམས་ཆོས་དང༌། རིགས་ཚོགས། མངོན་པ་གོང་འོག ཚད་མ་སྡེ་བདུན། འདུལ་བ་སོགས་མདོ་ཕྱོགས་དང༌། བདེ་དགྱེས་གསང་འདུས་ཀྱཻ་རྡོར་སོགས་མདོ་སྔགས་ཀྱི་བཀའ་བསྟན་གཞུང་ལུགས་ཀུན་ལ་ཞིབ་ཏུ་བསླབས་པས་གཙང་ཕྱོགས་སུ་མཁས་པའི་མཚན་སྙན་འབར། རེད་མདའ་བའི་ཐུགས་སྲས་རབ་འབྱམས་སྨྲ་བའི་བཤེས་གཉེན་བདུན་ལས་རྩོད་པའི་ཁྱུ་མཆོག་དར་མ་རིན་ཆེན་ཞེས་བགྲངས་པ་བྱུང༌། དགུང་ལོ་ཉེར་ལྔ་བར་ཉ་དབོན་ཀུན་དགའ་བཟང་བོས་མཁན་པོ་དང༌། རྗེ་རེད་མདའ་བ་གཞོན་ནུ་བློ་གྲོས་ཀྱིས་ལས་སློབ། གངས་ཅན་པ་ཀུན་དགའ་དཔལ་གྱིས་གསང་སྟོན་མཛད་དེ་མཁན་སློབ་དགེ་འདུན་གྲངས་ཚང་གི་དབུས་སུ་བསྙེན་པར་རྫོགས། ས་སྐྱ་དང༌། གསང་ཕུར། རྩེད་ཐང་བཅས་སུ་སྔ་ཕྱིར་དཀའ་བཅུའི་གྲྭ་སྐོར་མཛད། རོང་སྟོན་སྨྲ་བའི་སེང་གེ་དང༌། གཡག་ཕྲུག་སངས་རྒྱས་འཕེལ་ལྟ་བུའི་གངས་ཅན་ལྗོངས་སུ་རྩོད་པའི་ཁྱུ་མཆོག་ཏུ་གྲགས་པ་དེ་དག་དང་གསུང་རབ་བཀའ་བསྟན་ཀྱི་བཀའ་གནད་བགྲོ་གླེང་མཛད་པས། རྨོངས་པ་དང་ཕྱོགས་ལྷུང་ཅན་དག་མགོ་འཐོམས་ཤིང་གཟུར་གནས་དཔྱོད་ལྡན་མཁས་པའི་སྐྱེས་ཆེན་ཀུན་གྱིས་དད་གདུང་ཡིད་རང་གི་མེ་ཏོག་འཐོར་བས་དབུས་གཙང་གཉིས་སུ་མཁས་པའི་མཚན་སྙན་གྱིས་ཡོངས་སུ་ཁྱབ། ལོ་རྒྱུས་ཐོག་དཀའ་བཅུའི་གྲྭ་སྐོར་འཇོག་པའི་སྲོལ་ཡང་འདི་ནས་དར་བར་བཤད། གསང་ཕུར་རོང་སྟོན་ཤཱ༷་རྒྱལ་མཚན་དང་ཐེག་གསུམ་རྣམ་བཞག་ལས་འཕྲོས་ཏེ་རྩོད་པའི་བགྲོ་གླེང་སྐོར། དེ་དུས་ཚོགས་སུ་ཡོད་པའི་མཁས་པ་ཚོས་ཡི་གེར་བཀོད་པའང་ཡོད་སྐད། དེ་ནས། དབུས་སུ་གྲྭ་སྐོར་དུ་ཕེབས་པ་ན་རྗེ་ཙོང་ཁ་བ་ཆེན་པོའི་མཚན་སྙན་ཐོས་ཏེ་རྩོད་པའི་ཆེད་གཉལ་སྟོད་ར་གྲོང་དུ་བྱོན། རྗེ་ཙོང་ཁ་བ་ཆེན་པོས་སློབ་ཚོགས་བརྒྱ་ཕྲག་དུ་མར་བཀའ་ཆོས་གསུང་བཞིན་པ་དང་འཁེལ། ཐད་ཀར་རྗེ་བླ་མའི་སྐུ་མདུན་དུ་བཅར་ཏེ། མདོ་སྔགས་ཀྱི་དཀའ་གནད་དུ་མ་ལས་བརྩམས་པའི་དྲི་བ་དུ་མ་ཕུལ་བ་ལ་རྗེ་བླ་མས། དཀའ་གནད་དོགས་སེལ་གྱི་ལན་ཐོགས་མེད་དུ་གནང་བར་མ་ཟད། ད་དུང་རྟོགས་ལྡན་ལ་སྐྱེ་འོས་པའི་དཀའ་གནད་དོགས་སློང་འགའ་ཞིག་གི་དྲི་བ་གནང་བར་ལན་གྱི་དཔག་པ་མ་བྱུང་བ་དང༌། ཆོས་ཀྱི་གྲགས་པའི་རིགས་ལམ་ལ་བརྟེན་ནས་གསུང་རབ་དགོངས་འགྲེལ་དང་བཅས་ཐར་འདོད་སྐྱེས་བུའི་ལམ་དུ་འགལ་མེད་སྒྲུབ་ཚུལ་དང༌། རྗེ་བླ་མའི་མཁས་བཙུན་བཟང་བོའི་ཡོན་ཏན་གྱི་ཐུགས་ཡིད་དབང་མེད་དུ་འཕྲོག་སྟེ་ཞབས་ལ་གཏུགས་ནས་ཕྱག་བྱས། བླ་མ་རྗེ་བཙུན་རེད་མདའ་བ་ལ་གནང་བ་ཞུས་ཏེ་རྗེ་ཙོང་ཁ་བ་ཆེན་པོ་འདི་ལ་ལུས་དང་གྲིབ་མ་བཞིན་ཞབས་འབྲིང་དུ་ཐུགས་རྗེས་བཟུང་བའི་གསོལ་བ་བཏབ་པར་རྗེ་ཉིད་ཀྱིས་ཀྱང་ཞལ་བཞེས་མཛད། དེ་ནས་བཟུང་རྗེ་ཙོང་ཁ་བ་ཆེན་པོའི་དྲུང་ནས་མདོ་སྔགས་ཀྱི་བཀའ་ཆོས་མཐའ་ཡས་པ་གསན་པར་མ་ཟད། གསུང་ལས། ཇི་སྲིད་རྗེ་བཙུན་བླ་མ་མ་རྙེད་བར། །དེ་སྲིད་སྲིད་པའི་རྩ་བ་གཅོད་བྱེད་པའི། །རྟེན་འབྱུང་མཐའ་དང་བྲལ་བའི་དབུ་མ་ནི། །ཕྱོགས་ཙམ་ཞིག་ཀྱང་རྙེད་པར་མ་གྱུར་རམ། །ཞེས་རྗེ་བླ་མ་དང་མཇལ་ནས་ཟབ་མོའི་ཆོས་ཀྱི་འབྲེལ་བ་མ་བྱུང་བར་དུ་དབུ་མའི་ལྟ་བའི་གནད་ལ་ཕྱོགས་ཙམ་ཡང་བློ་ཁ་མ་ཕྱོགས་པར་གསུངས། རྗེའི་དྲུང་ན་འཁོད་པའི་སློབ་མ་རྣམས་ལ་ཕར་ཚད་སོགས་ཀྱི་བཀའ་ཁྲིད་ཀྱང་རྒྱ་ཆེར་གནང༌། རྗེ་བླ་མས་ས་གླང༼༡༤༠༩༽ལོར་རི་བོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་ཕྱག་འདེབས་དུས་ཁ་འཛིན་གྱི་འགན་ཆ་ཚང་བླངས་ནས་ལེགས་གྲུབ་བྱུང༌། ལུང་དང་མངོན་པར་རྟོགས་པའི་ཡོན་ཏན་ཤིན་ཏུ་ཟབ་ཅིང་རྒྱ་ཆེ་བ་དང༌། ལས་དང་སྨོན་ལམ་གྱི་མཐུ་བཙན་པོས་དགེ་ལྡན་བསྟན་པ་འཛིན་ཅིང་སྤེལ་བའི་ཆེད་དུ་བསམ་བཞིན་སྐྱེ་བ་བཞེས་པར་དགོངས་ནས། རྗེ་བླ་མ་རང་ཉིད་ཞིང་གཞན་དུ་གཤེགས་ཁར། དགའ་ལྡན་འོད་གསལ་ལྷ་ཁང་དུ་བུ་སློབ་གཙོ་གྲས་ཐམས་ཅད་ཚོགས་པའི་དབུས་སུ། ན་བཟའ་བེར་ཐུལ། དབུ་ཞྭ་བཅས་རྗེ་འདི་ཉིད་ལ་གནང་སྟེ། དོན་དུ་རྗེ་རང་གི་རྒྱལ་ཚབ་ཏུ་དབང་བསྐུར་བ་ལྟར། དགུང་ལོ་ང་དྲུག་པ་རབ་བྱུང་བདུན་པའི་ས་ཕག༼༡༤༡༩༽ལོར་འདུལ་འཛིན་གྲགས་པ་རྒྱལ་མཚན་ཀྱིས་ཐོགས་དྲངས། རྗེའི་བུ་སློབ་ཀུན་གྱིས་དགའ་ལྡན་གསེར་ཁྲིར་གདན་དྲངས་ནས། མཁས་གྲུབ་ཆོས་ཀྱི་རྒྱལ་བོས། དཔལ་ལྡན་ཡོན་ཏན་ཚོགས་ཀྱི་བྱེད་པོ་ཡིས། །མི་འཇིགས་སེང་གེའི་ཁྲི་ལ་དབང་བསྐུར་བའི། །རྒྱལ་བ་གཉིས་པའི་རྒྱལ་ཚབ་ཆོས་ཀྱི་རྗེ། །མི་ཕམ་བླ་མ་གཉིས་པ་རྒྱལ་གྱུར་ཅིག །ཅེས་སོགས་ཀྱི་གསོལ་འདེབས་དང་བཅས། རྗེ་བླ་མའི་རྒྱལ་ཚབ་ཏུ་མངའ་གསོལ་བས། རྒྱལ་ཚབ་ཆོས་རྗེ་ཞེས་གྲགས་པ་བྱུང༌། དགེ་འདུན་གྱི་བཅས་ཁྲིམས་ཤིན་ཏུ་དམ་པར་མཛད། དབྱར་དགུན་གཉིས་སུ་དགའ་ལྡན་དུ་བཞུགས་ཏེ་གཙོ་བོར་བྱང་ཆུབ་ལམ་རིམ་དང་སྔགས་བསྐྱེད་རྫོགས་ཀྱི་བཀའ་འཁྲིད་གནང་ཞིང༌། སྐབས་འགར་མཚམས་དམ་པོར་མཛད་ནས་མདོ་སྔགས་ཀྱི་ལམ་རིམ་ལ་གོམས་པའི་བསམ་གཏན་ལྷུར་བཞེས་མཛད། དཔྱིད་སྟོན་གཉིས་སུ་སེར་འབྲས་དང༌། གསང་ཕུ། འོལ་ཁ། གནས་སྙིང་སོགས་སུ་ཕེབས་ཏེ་གཉུག་མར་གནས་པ་དང་ཕྱོགས་ནས་ཕེབས་པའི་དགེ་འདུན་སྡེ་སྣོད་འཛིན་པ་རྣམས་ལ། བཀའ་ཆེན་བཞི་དང༌། དབུ་མ་རྩ་འཇུག དྲང་ངེས་རྣམ་འབྱེད་སོགས་མདོ་ཕྱོགས་ཀྱི་བཤད་པ་དང༌། ཡི་དམ་གསང་བདེ་འཇིགས་གསུམ་གྱི་བཤད་ཁྲིད་དང༌། ལུང་དང་མན་ངག་དབང་དང་རྗེས་གནང་སོགས་གནང་བ་མཛད། ལྷག་པར་ལྕགས་ཕག༼༡༤༣༡༽ལོར་གནས་སྙིང་དུ་གཉུག་མར་གནས་པ་དང་ཕྱོགས་ཕེབས་ཀྱི་སྡེ་སྣོད་འཛིན་པ་སྟོང་ཕྲག་ཚོགས་པར་གཞུང་ཆེན་པོ་རྣམས་ཀྱི་དཀའ་གནད་དོགས་གཅོད་དང༌། རྣམ་འགྲེལ་གྱི་ཞིབ་བཤད་རྒྱ་ཆེར་མཛད་དེ། སྔ་ཕྱི་མི་ལོ་བཅུ་གསུམ་རིང་འཆད་རྩོད་རྩོམ་པ་དང་མཁས་བཙུན་བཟང་བོའི་ཡོན་ཏན་ཤིན་ཏུ་ཟབ་པ་ལ་བརྟེན་ནས་རྗེའི་སློབ་མ་ཡོངས་ཀྱིས་རྗེ་བླ་མ་དངོས་དང་ཁྱད་མེད་ལྟ་བུར་བཀུར་བར་བྱེད། བཤད་སྒྲུབ་ལས་གསུམ་གྱིས་འཇམ་མགོན་རྒྱལ་བ་གཉིས་པའི་གསེར་ཁྲི་ཚུལ་བཞིན་སྐྱོང༌། དགུང་གྲངས་རེ་བརྒྱད་པ་རབ་བྱུང་བརྒྱད་པའི་ལྕགས་ཕག༼༡༤༣༡༽ལོར། གསང་བའི་བདག་པོས་ལྷོ་བྲག་གྲུབ་ཆེན་པ་ལ་ལུང་གི་རྗེས་སུ་བསྟན་པ་བཞིན་མཁས་གྲུབ་ཆོས་རྗེ་དགའ་ལྡན་གསེར་ཁྲིར་མངའ་གསོལ་ནས་རང་ཉིད་རྒྱལ་ཁང་རྩེར་ཟུར་བཞུགས་མཛད། ཟབ་ལམ་རིམ་པ་གཉིས་ཀྱི་ཐུགས་དམ་ཉམས་བཞེས་ཀྱིས་རྩེ་གཅིག་སྒྲུབ་པ་ལ་བརྩོན་པར་མཛད། རྗེ་འདིའི་འཕྲལ་གྱི་མཛད་པའི་དབང་དུ་བྱས་ན་སྲིདཔའི་ཕུན་ཚོགས་ལ་སྙིང་བོ་ཏིལ་འབྲུ་ཙམ་ཡང་མི་འཛིན་པར་ལོངས་སྤྱོད་ཀྱི་ཡོ་ལངས་དང་འཇིག་རྟེན་མཐུན་འཇུག་ནམ་ཡང་མི་མཛད་པ། མཚམས་སུ་བཞུགས་དུས་བསྔོ་རྟེན་སོགས་མཚམས་ཁང་འགག་ཏུ་འབུལ་བའི་བརྡ་ལན་དུ་ཕྱག་མདུད་རེ་གནང་བ་ལས་སྐུ་དྲུང་དུ་བཅར་དུ་མི་འཇུག སྐབས་ཤིག་ཤར་བ་རིན་ཆེན་རྒྱལ་མཚན་གྱིས། སྦྱིན་བདག་ཚོ་སྐུ་མདུན་དུ་མ་བཏང་ན་ཡིད་མི་ཆེས་པ་འདུག་ཞུས་པས། རྗེ་འདིས་དབུ་ཞྭ་ཕུད་ནས་ང་འཇིག་རྟེན་མཐུན་འཇུག་གི་ལས་ལ་བརྩོན་པའི་ལོང་འདུག་གམ། ངའི་མགོ་ལ་ལྟོས་དང་ཞེས་གསུངས་སྐད། ལུང་གི་ཡོན་ཏན་གྱི་དབང་དུ་བྱས་ན་མདོ་སྔགས་བཀའ་བསྟན་ཀྱི་གཞུང་ལུགས་དུ་མ་ཐུགས་ཐོག་ནས་ཞལ་འདོན་གནང་བ་དང༌། གཞུང་དོན་གདམས་པ་ཤར་བ་དང༌། རྟོགས་པའི་ཡོན་ཏན་གྱི་དབང་དུ་བྱས་ན་སྡོམ་པ་གསུམ་གྱི་བཅས་མཚམས་ལས་ཕྲ་མོ་ཙམ་ཡང་མ་གོས་པར་ཚུལ་ཁྲིམས་ཀྱི་དྲི་བསུང་མངར་མོ་རྒྱང་རིང་དུ་ལྡང་བ་དང༌། སེམས་ཅན་སྡུག་བསྔལ་གྱིས་མནར་བར་སྙིང་རྗེའི་སྤྱན་ཆབ་ངང་གིས་འབྱུང་བ། ཟབ་མོའི་ལྟ་བ་དང༌། རིམ་གཉིས་ཀྱི་རྟོགས་པའི་གདེང་ཐོབ་པ་སོགས་ཁུངས་ལྡན་གྱི་རྣམ་ཐར་དུ་མ་ལས་འབྱུང་བ་ལྟར་རོ། །སྣེའུ་པས་པོ་ཏ་ལར་གདན་དྲངས་པ་ལྟར་ཕེབས་ལམ་དུ། ཀོ་གྲུ་ནང་ལྷ་སའི་གཙང་ཆུ་བརྒལ་དུས་གྲུབ་ཐོབ་ལྕགས་ཟམ་པ་ཐང་སྟོང་རྒྱལ་བོ་བྱོན་ནས། སྐུ་ཚེ་རིང་བོ་མེད་པས་ལྕགས་ཟམ་འོག་ལ་ཀོ་གྲུ་ཐོངས་གསུངས་ཀྱང༌། ཀོ་གྲུ་ལྕགས་ཟམ་གོང་དུ་ཆོད། ལྕགས་ཟམ་འོག་ཏུ་གྲིབ་ཆེ་གསུངས་ནས་མ་བྱོན། ཀོ་གྲུ་ལས་ཚུར་ཕེབས་དུས། སྣེའུ་དཔོན་གྱིས་ཕུ་དུང་ཚ་ཕྱིས་མཛད་ནས་ཚུར་འཐེན་གྲབས་ཞུས་པར། སྡིག་ལག་དེ་ཕར་བསྡུས་གསུངས། དེ་ནས་པོ་ཏ་ལར་ཕེབས་ཏེ་མདོ་སྔགས་ཀྱི་ལམ་རིམ་གཉིས་ཀྱིས་མཚོན་པའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་སྐོར། རྗེ་འདིས་ཆོས་འཁོར་རྒྱ་ཆེར་བསྐོར་བའི་མཐའ་མ་ཡང་འདི་ཉིད་ཡིན་ནོ། དེ་སྐབས་སྐུ་ཅུང་ཟད་བསྙུན་པའི་ཚུལ་བསྟན་ཏེ་དགུང་ལོ་རེ་དགུ་རབ་བྱུང་བདུན་པའི་ཆུ་བྱི༼༡༤༣༢༽ལོའི་བོད་ཟླ་ལྔ་བའི་ཚེས་བརྒྱད་ཉིན་མེ་ཏོག་གི་ཆར་བབས་པ་སོགས་ཡ་མཚན་པའི་བལྟས་དུ་མ་དང་བཅས། གྲུ་འཛིན་གཉིས་པའི་ཁང་བཟང་བོ་ཏ་ལར་དགོངས་པ་གཞན་དོན་དུ་གཤེགས། མཁས་གྲུབ་ཆོས་ཀྱི་རྒྱལ་བོས་སྡེ་བ་སྣེའུ་པ་ལ་མངགས་དོན་བཞིན་སྐུ་གདུང་པོ་ཏ་ལ་ནས་འབྲོག་རི་བོ་ཆེ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་གདན་དྲངས་པའི་སྐབས་ཀྱང་མེ་ཏོག་གི་ཆར་དང་འཇའ་ཁ་དོག་སྣ་ཚོགས་པས་ལྷ་ས་ནས་དགའ་ལྡན་བར་དུ་སྦྲེལ། ཞུགས་ལ་ཕུལ་བས་རིང་བསྲེལ་དུ་མ་བྱུང་ཞིང་དེང་སང་གི་བར་དུའང་རྒྱལ་ཚབ་རིང་བསྲེལ་ཞེས་འབྲེལ་ཡོད་དད་ལྡན་དུ་མའི་རྟེན་ཁྲོད་དུ་ཡོད་པར་བཤད། རྗེ་འདིའི་སྐུ་རྟེན་ཇོ་ཁང་དུ་ཇོ་བོ་རིན་པོ་ཆེའི་གསེར་སྐུ་ཆེན་མོ་དང༌། ཐུགས་རྟེན་དངུལ་གྱི་མཆོད་སྡོང༌། རྗེའི་གསེར་གདུང་ཆེན་མོའི་གཡས་ན་བྱིན་རླབས་ཀྱི་ཚན་ཁ་འབར་བཞིན་བཞུགས། རྗེ་འདིའི་སྐྱེ་རབས་སྔ་མ་སྤྲུལ་གཞི་འཕགས་མཆོག་སྤྱན་རས་གཟིགས་དང༌། དེའི་སྤྲུལ་བ་རིགས་ལྡན་པདྨ་དཀར་པོ་སོགས་ཡིན་པར་བཤད། གསུང་གི་ལེགས་བཤད་ནི་ཚད་མ་རྣམ་འགྲེལ། རྣམ་ངེས། རིག་ཐིགས་གསུམ་གྱི་དར་ཊིཀ་ཆེན་མོ། ཚད་མ་མདོའི་དར་ཊིཀ རྣམ་འགྲེལ་གྱི་ས་བཅད་ཆེན་པོ། རིགས་གཏེར་ཊིཀ། ཕར་ཕྱིན་རྣམ་བཤད་སྙིང་བོའི་རྒྱན། དབུ་མ་རིན་ཆེན་ཕྲེང་བའི་ཊིཀ  རྒྱུད་བླ་མའི་ཊིཀ བཞི་བརྒྱ་བའི་དར་ཊིཀ  སྤྱོད་འཇུག་དར་ཊིཀ ཀུན་བཏུས་དར་ཊིཀ་སོགས་མདོ་སྔགས་ཀྱི་གཞུང་ཆེན་པོའི་དགོངས་འགྲེལ་གྱི་གསུང་འབུམ་པོད་ཆེན་བརྒྱད་ཙམ་དཔྱོད་ལྡན་མཁས་པའི་དགའ་སྟོན་དུ་འཕྲིན་ལས་ཀྱི་འོད་སྣང་འབར་བཞིན་བཞུགས། གསུང་སྐྱེས་སློབ་མ་ཡང་མཁས་གྲུབ་དགེ་ལེགས་དཔལ་བཟང་སོགས་རྗེའི་དངོས་སློབ་ཕལ་ཆེ་བ་དང༌། མཁས་པ་རིན་ཆེན་བཀྲིས། པཎ་ཆེན་བྱམས་པ་གླིང་བ། རིན་ཆེན་དཔལ། འདུལ་དཀར་བ་གྲགས་པ་དཔལ་ལྡན། བློ་གྲོས་མགོན་པོ་སོགས་སྐྱེས་ཆེན་དམ་པ་ཤིན་ཏུ་མང་བོ་བསྐྱངས།༼བོད་ཀྱི་སློབ་འབྲིང་དྲ་བ་ལས་བཏུས།༽


རྒྱལ་ཚབ་ཐམས་ཅད་མཁྱེན་པ།

        དེ་ལ་སྲས་ཀྱི་ཐུ་བོ་རྒྱལ་ཚབ་དར་མ་རིན་ཆེན་ནི། སྔོན་དུས་ཡུན་རིང་བོ་ནས་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་དེ་རྒྱལ་སྲས་ཀྱི་སྤྱོད་པ་རླབས་པོ་ཆེ་ལ་སློབ་བཞིན་པ་ལས། ཞིང་འདིར་འཇམ་མགོན་བླ་མའི་བསྟན་པ་སྤེལ་བའི་སླད་དུ་སྨོན་ལམ་གྱི་མཐུས་བྱོན་པ་ཞིག་སྟེ། སེམས་དཔའ་ཆེན་པོ་འདི་གང་དུ་འཁྲུངས་པའི་ཡུལ་ནི། དམ་པ་དུ་མས་བྱིན་གྱིས་རླབས་ཤིང་བཀྲ་ཤིས་པའི་དགེ་མཚན་དུ་མ་དང་ལྡན་པ་གཙང་མྱང་སྟོད་ཀྱི་སའི་ཆ་རི་ནང་ཞེས་བྱ་བ་སྟེ་རི་ནང་གི་ལུང་ལག་མཛོ་ཆད་ཅེས་བྱ་བར་ཡབ་བློན་པོ་རྦའི་རིགས་རྒྱུད་རྟ་དཔོན་པ་དང་། ཡུམ་ཇོ་བོ་ཤེས་རབ་སྲས་སུ་རབ་བྱུང་དྲུག་པའི་ཤིང་ཕོ་འབྲུག་གི་ལོ་ལ་བཀྲ་ཤིས་པའི་དགེ་མཚན་དུ་མ་དང་བཅས་ཏེ་འཁྲུངས། དགུང་ལོ་བཅུ་བཞེས་པ་ཆུ་མོ་གླང་གི་ལོ་གདན་ས་ཆེན་པོ་གནས་རྙིང་དུ་མཁན་ཆེན་རིན་ཆེན་རྒྱལ་མཚན་པ་དང་། བྲག་ཐོག་པ་གཞོན་ནུ་ཚུལ་ཁྲིམས་གཉིས་ལ་མཁན་སློབ་ཞུས་ནས་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་མནོས། མཚན་དར་མ་རིན་ཆེན་ཞེས་གསོལ། དེ་ནས་མཁན་སློབ་ཀྱི་སྤྱན་སྔར་ཇི་ལྟར་ཞལ་གྱིས་བཞེས་པའི་སོ་ཐར་གྱི་བསླབ་བྱ་རྣམས་མིག་གི་འབྲས་བུ་ལྟར་སྲུང་ཞིང་སློབ་དཔོན་དཔལ་མགོན་པའི་དྲུང་དུ་ཡི་གེ་འབྲི་ཀློག་ཕུལ་དུ་ཕྱིན་པར་བསླབས་པ་དེ་ནས་མཁས་པའི་དབང་བོ་ཀུན་དགའ་དཔལ་ཡོངས་འཛིན་དུ་བསྟེན་ཏེ་ཚད་མ་རྣམ་འགྲེལ་དང་ཚད་མ་རྣམ་ངེས་ཆ་ལག་དང་བཅས་པ་ལ་སྦྱངས། དེ་ནས་མཁས་པའི་དབང་བོ་རི་ནང་བ་རིན་ཆེན་རྡོ་རྗེ་ཡོངས་འཛིན་དུ་བསྟེན་ཏེ་ཕར་ཕྱིན་གྱི་གཞུང་རྣམས་ལ་སྦྱངས། དེ་ནས་མཁས་པའི་དབང་བོ་བྲན་མ་བྲེག་ཁ་བ་ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་དྲུང་དུ་མངོན་པ་ལ་སྦྱངས། འདི་རྗེ་རིན་པོ་ཆེའི་དགེ་ཚུལ་གྱི་མཁན་པོ་ཆོས་རྗེ་དོན་གྲུབ་རིན་ཆེན་ཞེས་པ་དེ་མིན་གྱི་དེ་དང་མཚན་གཅིག་པ་མྱང་སྟོད་པ་ཞིག་གོ །

དེ་ནས་མཁས་པའི་དབང་བོ་བློ་གྲོས་བཟང་བོའམ་དཀའ་བཞི་བ་བློ་གསལ་ཞེས་ཡོངས་སུ་གྲགས་པ་དེའི་དྲུང་དུ་འདུལ་བ་ལ་སྦྱངས། གཞན་ཡང་ལོ་ཆེན་སྐྱབས་མཆོག་དཔལ་བཟང་དང་། ཤངས་པ་ཀུན་མཁྱེན་པ་སོགས་དགེ་བའི་བཤེས་གཉེན་དུ་མ་ལ་མདོ་སྔགས་ཀྱི་ཆོས་མང་དུ་གསན། ཁྱད་པར་གངས་ཅན་གྱི་ཤིང་རྟ་ཆེན་པོ་རྗེ་བཙུན་རེད་མདའ་བའི་ཞབས་རྡུལ་སྤྱི་བོས་བསྟེན་ཏེ་ཕར་ཕྱིན་ཚད་མ་འདུལ་བ་མངོན་པ་དབུ་མ་སོགས་མདོ་ཕྱོགས་ཀྱི་གཞུང་རྣམས་དང་དཔལ་གསང་བ་འདུས་པ་སོགས་སྔགས་ཀྱི་གཞུང་རྣམས་ཕལ་ཆེ་བ་གསན་ཏེ་རང་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོ་ལྟ་བུའི་ཕ་རོལ་ཏུ་སོན་པའི་མཁས་པའི་དབང་བོར་གྱུར་ཏེ་རྗེ་བཙུན་རེད་མདའ་བའི་སྲས་ཀྱི་ཐུ་བོ་གཞུང་ལུགས་རབ་འབྱམས་ཤེས་པའི་བཤེས་གཉེན་བདུན་གྱི་ནང་ཚན་གཅིག་ཡིན་ནོ། །དེ་ནས་དཔལ་ལྡན་ས་སྐྱ་སོགས་གཙང་ཕྱོགས་ཀྱི་ཆོས་གྲྭ་ཆེན་པོ་རྣམས་སུ་དཀའ་བཅུའི་གྲྭ་སྐོར་མཛད་དེ་སྙན་པའི་གྲགས་པས་སའི་སྟེང་ཁྱབ་པར་གྱུར་ཏོ། །

དེ་ནས་དགུང་ལོ་ཉེར་ལྔ་བཞེས་པ་ས་ཕོ་འབྲུག་གི་ལོ་ལ་གཙང་ལ་སྟོད་ལྡོག་ལྷོ་བ་ཆོས་རྗེ་ཀུན་དགའ་དཔལ་བས་མཁན་པོ། རྗེ་བཙུན་རེད་མདའ་བས་ལས་སློབ། རྗེ་གངས་ཅན་ཀུན་དགའ་དཔལ་བས་གསང་སྟོན་མཛད། འདུལ་བ་འཛིན་པ་དཔལ་ལྡན་བློ་གྲོས་དང་བློ་གྲོས་མཚུངས་མེད་སོགས་དད་པའི་དགེ་འདུན་ཉེར་གཉིས་ཀྱི་དབུས་སུ་བསྙེན་པར་རྫོགས་པའི་སྡོམ་པ་རྣམ་པར་དག་པ་མནོས་ནས་བསླབ་པ་རིན་པོ་ཆེ་མིག་གི་འབྲས་བུ་ལྟར་གཅེས་སྤྲས་སུ་མཛད་དེ་འཕགས་མཆོག་ཉེ་བར་འཁོར་སླར་ཡང་གངས་རིའི་ཁྲོད་དུ་བྱོན་པ་ཇི་ལྟ་བར་གྱུར་ཏོ། །

དེ་ནས་དབུས་ཕྱོགས་ཀྱི་གྲྭ་ས་རྣམས་སུ་གྲྭ་སྐོར་མཛད་དེ་རྩེད་ཐང་གི་གྲྭ་སྐོར་གྲུབ་ནས་རྗེ་རིན་པོ་ཆེ་གཉལ་སྟོད་ར་གྲོང་དུ་བཞུགས་པའི་ཚེ་མཇལ་དུ་བྱོན། ཞལ་གྱི་དཀྱིལ་འཁོར་མཐོང་བ་ཙམ་གྱིས་དད་པའི་སྤུ་ལོང་གཡོས་ཤིང་། སྐུ་མདུན་དུ་བཞུགས་ཏེ་ཆོས་ཀྱི་བཀའ་མཆིད་བསྩལ་བར་ཞུས་པས་རྗེ་རིན་པོ་ཆེས་སེམས་དཔའ་ཆེན་པོ་འདི་རིན་པོ་ཆེ་ལྟ་བུའི་གདུལ་བྱར་གཟིགས་ནས་གསུང་རབ་དགོངས་འགྲེལ་དང་བཅས་པའི་སྙིང་བོའི་དོན་ལམ་གྱི་དཀའ་གནས་རྣམས་དྲི་མ་མེད་པའི་རིགས་པའི་ལམ་ནས་དྲངས་ཏེ་རྒྱ་ཆེར་གསུངས་པ་ཡིད་ཆེས་ཀྱི་དད་པ་བརྟན་པོ་འཁྲུངས་ཏེ་འདི་ལྟ་བུའི་དམ་པའི་མགོན་ལ་བརྟེན་པ་ལས་ལྷག་པ་གང་ཡང་མ་མཆིས་ཤིང་། རྒྱལ་བའི་གདུང་འཚོབ་བཤེས་གཉེན་དམ་པ་འདི་ལྟ་བུ་བོར་ནས་གཞན་དུ་འགྲོ་བ་ག་ལ་རིགས་སྙམ་དུ་ཞབས་ཀྱི་པདྨོ་ལ་སྤྱི་བོར་གཏུགས་ཏེ་དེ་ནས་བཟུང་སྟེ་ཇི་སྲིད་འཚོའི་བར་དུ་ཞབས་ཀྱི་པདྨོ་ལ་བརྟེན་ཆོག་པ་དགོས་ཞེས་གསོལ་བ་ནན་ཆེར་བཏབ་པས་རྗེ་རིན་པོ་ཆེས་ཀྱང་དགྱེས་བཞིན་དུ་ཞལ་གྱིས་བཞེས། དེ་ནས་བཟུང་སྟེ་རྗེ་རིན་པོ་ཆེའི་ཞབས་དྲུང་དུ་བཅར་བཞུགས་མཛད་ནས་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་དང་། བསྐྱེད་རྫོགས་ཀྱི་ཁྲིད་སོགས་མདོ་སྔགས་ཀྱི་ལུང་ཁྲིད་མན་ངག་ཐམས་ཅད་ཡོངས་སུ་རྫོགས་པ་གསན། དེ་ཡང་ཐུགས་རབ་ཀྱི་རླབས་ཕུལ་དུ་ཕྱིན་པས་རྗེ་རིན་པོ་ཆེས་ཆོས་གང་གསུངས་ཐམས་ཅད་ལན་རེས་བུམ་པ་གང་བྱོའི་ལྟ་བུར་ཐུགས་ལ་ཆུད་དེ། རྗེ་རིན་པོ་ཆེས་གནམ་ཙེང་ལྟེང་དུ་འདུལ་བའི་བསླབ་བྱ་རྒྱས་པར་གསུངས་པའི་ཚེ་གང་གསུངས་ཐམས་ཅད་ཐུགས་སུ་ཆུད་དེ། དེ་མ་ཐག་ཟིན་བྲིས་སུ་བཏབ་པ་བསླབ་བྱ་གནམ་ཙེང་ལྟེང་མར་ཡོངས་སུ་གྲགས་པ་དང་། རྗེ་རིན་པོ་ཆེས་སེ་ར་ཆོས་སྡིངས་སུ་མ་རྒྱུད་རྫོགས་རིམ་དཔྱིད་ཐིག་གསུང་བའི་ཚེ་གང་གསུང་ཐམས་ཅད་ཐུགས་སུ་ཆུད་དེ་དེ་མ་ཐག་ཟིན་བྲིས་སུ་བཏབ་པ་རྫོགས་རིམ་དཔྱིད་ཀྱི་ཐིག་ལེའི་ཟིན་བྲིས་ལྟ་བུའོ། །

དེ་ནས་ས་མོ་གླང་གི་ལོ་ཆོ་འཕྲུལ་མཆོད་པ་གྲུབ་རྗེས་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་འདེབས་པར་མཛད་ཚེ་སེམས་དཔའ་ཆེན་པོ་འདི་དང་འདུལ་འཛིན་གྲགས་པ་རྒྱལ་མཚན་གཉིས་ཀྱིས་ཁུར་བཞེས་ཏེ་དགེ་འདུན་ལ་གནང་བ་ཞུ་བ་དང་། རྡོ་བཏེག་པའི་མཐའ་ལས་བྱུང་བའི་རུང་ཁང་གཅོད་པ་དང་། ལག་གི་བླ་བསྐོ་བ་སོགས་འདུལ་བ་ནས་ཇི་ལྟར་གསུངས་པ་ཐམས་ཅད་ཇི་བཞིན་ཕྱག་ལེན་ལ་བཏབ་པས་མཁར་ལས་ཀྱིས་ཀྱང་རྒྱལ་བའི་བསྟན་པ་གཞི་ནས་གསོ་བའི་བྱ་བ་མཛད་ཅིང་། རྟག་ཏུ་ངུས་ཆོས་འཕགས་བསྟེན་པ་ཇི་ལྟ་བ་བཞིན་དུ་ལུས་སྲོག་ལོངས་སྤྱོད་གང་ལའང་མི་ལྟ་བར་རྗེ་རིན་པོ་ཆེའི་བཀའ་བཞིན་སྒྲུབ་པ་ལ་ནམ་ཡང་གཡེལ་བ་མེད་པར་མཛད་དོ། །དེ་ལྟར་མཛད་པས་རྗེ་རིན་པོ་ཆེའི་སྲས་ཀྱི་ཐུ་བོར་གྱུར་ཏེ་རྗེ་རིན་པོ་ཆེ་ཞལ་བཞུགས་དུས་ཉིད་ནས་རྗེའི་སློབ་མ་ཕལ་ཆེར་བདག་ཉིད་ཆེན་པོ་འདིའི་ཞབས་ལ་གཏུག་ཅིང་། རྗེ་རིན་པོ་ཆེས་རབ་བྱུང་བསྙེན་རྫོགས་གང་གནང་བ་ཐམས་ཅད་བདག་ཉིད་ཆེན་པོ་འདིས་སྐྱོང་བར་མཛད་དོ། །

དེ་ནས་རྗེ་རིན་པོ་ཆེ་ཞིང་གཤེགས་པ་ལ་ཕྱོགས་པའི་ཚེ་ཇི་ལྟར་ལྷའི་བུ་དམ་པ་ཏོག་དཀར་བོས་འཛམ་བུའི་གླིང་དུ་འབྱོན་པ་ལ་ཕྱོགས་པའི་ཚེ་མི་ཕམ་མགོན་པོ་རྒྱལ་ཚབ་ཏུ་དབང་བསྐུར་བ་ཇི་ལྟ་བ་བཞིན་དུ་ཆོས་ཀྱི་རྒྱལ་བོ་ཙོང་ཁ་བ་ཆེན་པོས་ཀྱང་པཎ་ཞྭ་སྣེ་རིང་དང་ན་བཟའ་གོས་བེར་བཅས་བདག་ཉིད་ཆེན་པོ་འདི་ལ་གནང་སྟེ་རྒྱལ་ཚབ་ཏུ་དོན་གྱིས་བསྐོ་བར་མཛད། དེ་ནས་དགུང་ལོ་ང་དྲུག་བཞེས་པ་ས་མོ་ཕག་གི་ལོ་ཧོར་ཟླ་བཅུ་གཅིག་པའི་གཟའ་སྐར་དུས་སྦྱོར་བཟང་བོ་ལ་རི་བོ་དགེ་ལྡན་དུ་རྒྱལ་བ་ཙོང་ཁ་བ་ཆེན་པོའི་རྒྱལ་ཚབ་ཏུ་དབང་བསྐུར་ནས་གདན་ས་ལོ་བཅུ་གསུམ་བར་དུ་མཛད་དེ་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་གདུལ་བྱ་རྣམས་སྨིན་གྲོལ་ལ་འགོད་པར་མཛད་དོ། །བར་སྐབས་ཤིག་གནས་རྙིང་དུ་བྱོན། དགེ་འདུན་རྣམས་ལ་ཆོས་དང་ཟང་ཟིང་གི་སྐྱེས་རྒྱ་ཆེན་པོ་མཛད། མཁན་ཆེན་རིན་ཆེན་རྒྱལ་མཚན་པ་དང་། མཁན་ཆེན་རིན་ཆེན་གྲུབ་པ་གཉིས་ལ་གན་གོས་རེ་ཕུལ། ཇ་དཀར་གྱ་མང་ཇ། དགེ་འདུན་རྣམས་ལ་དར་འགྱེད། མཚན་ཉིད་པ་དང་ཆོས་འཆད་སྤྱི་ལ་དགེ་རྒྱུན་ནར་མའི་གཞི་རྟེན་དང་གན་གོས་རེ་འབུལ་བར་མཛད། ཁྱད་པར་ཞི་བར་གཤེགས་པའི་སྔ་ལོ་གོང་ཙམ་དུ་གནས་རྙིང་དུ་ཕེབས། མཁན་ཆེན་རིན་ཆེན་རྒྱལ་མཚན་པའི་ནང་རྟེན་གྱི་དྲུང་དུ་གུ་ཤའི་མཎྜལ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་རྒྱན་དང་བཅས་པ་དང་། དགེ་འདུན་རྣམས་ལ་མང་ཇ་མང་བོ་དང་། ཇ་དཀར་གྱི་གྲལ་འགྱེད། འབུལ་རྐྱེན་བཟང་བོ་དང་བཅས་པ་མཛད། མཁན་ཆེན་རིན་ཆེན་གྲུབ་པ་ལ་དངུལ་ལས་གྲུབ་པའི་རྒྱལ་བ་རིགས་ལྔ། དངུལ་གྱི་སྤྱི་བླུགས། ན་བཟའ་སོགས་འབུལ་བ་མཛད། དེ་དུས་མཁས་གྲུབ་རྗེ་དང་ཞལ་འཛོམས་ཏེ་དགའ་ལྡན་གྱི་གདན་སར་ཕེབས་དགོས་པའི་བཀའ་གྲོས་མཛད། ཉིང་རོ་སྨད་ཆུ་ཁར་མཁས་གྲུབ་གང་བཟང་བའི་དྲུང་དུ་གོས་ཡུག་ངུར་ཁ་གཅིག་གིས་གཙོས་འབུལ་བ་མཛད། མདོར་ན་གནས་རྙིང་དུ་དགེ་ལྡན་གདན་སར་མ་ཕེབས་པའི་གོང་དང་ཕེབས་ནས་ཀྱང་བྱོན་པ་བཅས་ཆོས་འཁོར་ལན་བཞིར་བསྐོར། དེ་ནས་དགུང་ལོ་དྲུག་ཅུ་རེ་བརྒྱད་བཞེས་པ་ལྕགས་མོ་ཕག་ལོ་ཧོར་ཟླ་བཅུ་བའི་གཟའ་ཚེས་དགེ་བ་ལ། མཁས་གྲུབ་དགེ་ལེགས་དཔལ་བཟང་བོ་ཞེས་མཚན་ཡོངས་སུ་གྲགས་པ་དེ་ཉིད་དགེ་ལྡན་གྱི་གདན་སར་རང་གི་རྒྱལ་ཚབ་ཏུ་དབང་བསྐུར་བར་མཛད་དོ། །

བདག་ཉིད་ཆེན་པོ་འདིས་ཕྱི་རབས་ཀྱི་གདུལ་བྱ་རྣམས་ཀྱི་དོན་དུ་མཛད་པའི་བསྟན་བཅོས་ཀྱང་མང་དུ་བཞུགས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པ་དོན་གསལ་བའི་རྣམ་བཤད་སྙིང་བོའི་རྒྱན། དབུ་མ་རིན་ཆེན་ཕྲེང་བའི་རྣམ་བཤད་སྙིང་བོའི་དོན་གསལ་བར་བྱེད་པ། དབུ་མ་བཞི་བརྒྱ་བའི་རྣམ་བཤད་ལེགས་བཤད་སྙིང་བོ། བདེན་གཉིས་ཀྱི་རྣམ་གཞག་དང་ལྟ་བའི་ཁྲིད་ཡིག་རིན་པོ་ཆེའི་ཕྲེང་བ། དབུ་མ་རྩ་བ་ཤེས་རབ་ཀྱི་དཀའ་གནས་ཆེན་པོ་བརྒྱད་ཀྱི་བཤད་པ། བསྟན་བཅོས་ཚད་མ་རྣམ་ངེས་ཀྱི་ཊཱིཀ་ཆེན་དགངོས་པ་རབ་གསལ། ཚད་མ་རིགས་ཐིགས་ཀྱི་འགྲེལ་པ་ལེགས་བཤད་སྙིང་བོའི་གཏེར། ཚད་མ་རྣམ་འགྲེལ་གྱི་ཚིག་ལེའུར་བྱས་པའི་རྣམ་བཤད་ཐར་ལམ་ཕྱིན་ཅི་མ་ལོག་པ་གསལ་བར་བྱེད་པ། ཐེག་པ་ཆེན་པོ་རྒྱུད་བླ་མའི་ཊི་ཀ མངོན་པ་ཀུན་ལས་བཏུས་ཀྱི་ཊི་ཀ་ལེགས་པར་བཤད་པ་ཆོས་མངོན་རྒྱ་མཚོའི་སྙིང་བོ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཚད་མ་མདོའི་རྣམ་བཤད། རྗེའི་གསུང་ཟིན་བྲིས་ཚད་མའི་བརྗེད་བྱང་ཆེན་མོ། མངོན་པར་རྟོགས་པའསི་རིམ་པ་ཉམས་སུ་ལེན་ཚུལ་ཐེག་ཆེན་སྒོ་འབྱེད། མངོན་པར་རྟོགས་པ་བརྒྱད་དོན་བདུན་ཅུ་དང་བཅས་པ་ཉམས་སུ་ལེན་ཚུལ། མངོན་པར་རྟོགས་པའི་རྒྱན་གྱི་བསྡུས་དོན་རིན་པོ་ཆེའི་ཕྲེང་བ། རྣམ་འགྲེལ་གྱི་བསྡུས་དོན་ཐར་ལམ་གྱི་དེ་ཉིད་གསལ་བྱེད། རིགས་པ་དྲུག་ཅུ་བའི་ཊི་ཀ རིགས་པ་དྲུག་ཅུ་བའི་ཟིན་བྲིས། འབྲེལ་བ་བརྟག་པའི་རྣམ་བཤད་ཉི་མའི་སྙིང་བོ། ཚད་མའི་ལམ་བསྒྲིགས། འགལ་འབྲེལ་གྱི་རྣམ་གཞག མངོན་སུམ་ལེའུའི་བརྗེད་བྱང་། དབུ་མ་རྒྱན་གྱི་བརྗེད་བྱང་། ཤེས་རབ་ལེའུའི་ཟིན་བྲིས། དགེ་སློང་གི་བསླབ་བྱ་གནམ་ཙེང་ལྟེང་མ། དགེ་ཚུལ་གྱི་བསླབ་བྱ་གནམ་ཙེང་ལྟེང་མ། སངས་རྒྱས་སུམ་ཅུ་སོ་ལྔའི་མཚན་གྱི་ཕན་ཡོན། དཔལ་གསང་བ་འདུས་པའི་བླ་བརྒྱུད་གསོལ་འདེབས་མདོ་རྒྱུད་མར་གྲགས་པ། དཔལ་གསང་བ་འདུས་པ་འཇམ་དཔལ་རྡོ་རྗེའི་དཀྱིལ་འཁོར་གྱི་ཆོ་ག་དངོས་གྲུབ་ཀྱི་སྙེ་མ། སྒྲུབ་ཐབས་ཀུན་བཟང་གི་དོན་བཤད་པ། དཔལ་གསང་བ་འདུས་པའི་དཀའ་གནས་ཟིན་བྲིས། དཔལ་དུས་ཀྱི་འཁོར་ལོའི་ལམ་རིམ་པ་གཉིས་ཇི་ལྟར་ཉམས་སུ་ལེན་པའི་ཚུལ་བདེ་བ་ཆེན་པོའི་ལམ་དུ་མྱུར་དུ་འཇུག་པ། སྒྲུབ་པའི་ཕྱག་རྒྱ་བཞིའི་ཟིན་བྲིས་ལ་སོགས་པ་རྣམས་མཛད་དོ། །

དེ་ནས་དགུང་ལོ་རེ་དགུ་བཞེས་པའི་ཚེ་ཞིང་ཁམས་གཞན་གྱི་འགྲོ་དོན་ལ་དགོངས་ནས་ཆུ་ཕོ་བྱི་ལོ་ཧོར་ཟླ་ལྔ་པའི་སྣྲོན་གྱི་ཟླ་བའི་ཡར་ངོའི་ཚེས་བརྒྱད་ལ་ལྷ་སའི་པོ་ཏ་ལར་མྱ་ངན་ལས་འདས་པའི་ཚུལ་བསྟན། དེ་ནས་བཟུང་སྟེ་བདུན་ཕྲག་གསུམ་གྱི་བར་དུ་དབུས་གཙང་ཐམས་ཅད་དང་། ཁྱད་པར་དགེ་ལྡན་ལྷ་ས་གནས་རྙིང་རྣམས་སུ་གསེར་བཙོ་མའི་མེ་ཏོག་དང་། གཞན་ཡང་ཙམ་པ་ཀ་དང་། པདྨ་ར་ག་དང་། ཨིནྡྲ་ནི་ལ་ལྟ་བུའི་ཁ་དོག་དང་ལྡན་པའི་ཆར་ཆེན་པོ་བབས། ཁྱད་པར་སྐུ་གསུང་དགའ་ལྡན་དུ་གདན་འདྲེན་པའི་དུས་དང་། ཞུགས་འབུལ་བའི་དུས་རྣམས་སུ་རོལ་མོའི་སྒྲ་དང་། འཇའ་འོད་དང་། མེ་ཏོག་གི་ཆར་ལ་སོགས་པ་ངོ་མཚར་བའི་ལྟས་བརྗོད་ཀྱིས་མི་ལང་བ་བྱུང་བ་ནི་ཀུན་གྱི་མཐུན་སྣང་དུ་གྲུབ་པ་ཡིན་ནོ། །དེའི་ཚེ་མཁས་གྲུབ་རྗེས་ཞལ་བཀོད་གནང་ནས་དགེ་ལྡན་དང་གནས་རྙིང་སོགས་སུ་ཐུགས་དམ་གསོལ་འདེབས་ཀྱི་མང་ཇ་ཚ་ར་འབུལ་རྒྱུན་གྲལ་འགྱེད་སོགས་བསམ་གྱིས་མི་ཁྱབ་པ་བསྒྲུབས་སོ། །སྐུ་གདུང་རྒྱལ་ཁང་རྩེར་བཞུགས་ལ་ཕུལ་བ་ལས་ཕྱིས་ཀྱི་གདུལ་བྱ་རྣམས་ལ་གསོལ་བ་འདེབས་པའི་རྟེན་དུ་རིང་བསྲེལ་མང་དུ་བྱོན་པ་དད་ལྡན་གྱི་གདུལ་བྱ་རྣམས་ལ་གསོལ་བ་འདེབས་པའི་རྟེན་དུ་རྒྱ་ཆེར་གནང་ཞིང་། སྐུ་གདུང་བྱིངས་རྣམས་དངུལ་གྱི་མཆོད་རྟེན་ནང་དུ་ཞུགས་ཏེ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་ན་གདུལ་བྱ་རྣམས་ཀྱི་བསོད་ནམས་ཀྱི་ཞིང་དུ་བཞུགས་སོ། ། ༼ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས་དྲངས།༽