མར་བ་ལོ་ཙཱ་ཆོས་ཀྱི་བློ་གྲོས།
དྲ་ཚིགས་དོ་དམ་པས།
འབྱུང་ཁུངས། སྤེལ་མཁན། སྤེལ་དུས།2016-10-24

ངོ་སྤྲོད་མདོར་བསྡུས།

      མཚན། མར་བ་ལོ་ཙཱ་ཆོས་ཀྱི་བློ་གྲོས། འཁྲུངས་ཡུལ། ལྷོ་བྲག་གྲོ་བོ་ལུང་། འཁྲུངས་འདས། ༡༠༡༢-༡༠༩༧ ཐོབ་ཐང་། ལོ་ཙཱ་བ། སློབ་སྦྱོང་།   ཐོག་མར་ཡི་གེ་འབྲི་ཀློག་ཚུལ་བཞིན་བསླབས། དགུང་ལོ་བཅོ་ལྔའི་སྟེང་དུ་འབྲོག་མི་ལོ་ཙཱ་བའི་དྲུང་དུ་སཾ་སྐྲྀ་ཏ་དང་སྒྲ་རིག་པ་སྦྱངས།  རྒྱ་གར་དང་བལ་ཡུལ་སོགས་སུ་འབྱོན་བཞུད་མཛད་ནས་ནཱ་རོ་བ་དང་མེེ་ཏྲི་བ་ཡེ་ཤེས་སྙིང་བོ་སོགས་སློབ་དཔོན་དང་པཎྜི་ཏ་མང་དུ་བསྟེན་ནས་གསང་སྔགས་ཀྱི་ཆོས་སྐོར་དང་། གྲོང་འཇུག་གདམས་པ། དབང་དང་མན་ངག་མཐའ་ཡས་པ་གསན་ནས་ཚུལ་བཞིན་ཉམས་སུ་བླངས་ཏེ་ཕྱག་ཆེན་གྱི་རྟོག་པ་མཐར་ཐུག་པ་ཐུགས་ལ་འཁྲུངས། གསུང་རྩོམ། བཀའ་བསྟན་གྱི་ཁྲོད་དུ་རྒྱུད་ཀྱི་རྒྱལ་བོ་རྡོ་རྗེ་དཔལ་མཆོག་ཆེན་པོ་བརྟག་པ་དང་བོ་ལ་ལེའུ་བདུན་ཅུ་རྩ་བདུན་པ་དང་རྣལ་འབྱོར་ཕ་དང་རྣལ་འབྱོར་མ་རྣམས་ལ་ཐུན་མོང་མ་ཡིན་པའི་དོན་ལ་གདམས་པ་སོགས་འགྱུར་མ་མི་ཉུང་བ་བཞུགས། མཛད་སྤྱོདཆོས་དང་བླ་མ་འཚོལ་ཆེད་དཀའ་སྤྱོད་དཔག་མེད་མཛད་ནས་རྒྱ་གར་དུ་ལན་གསུམ་དང་བལ་ཡུལ་དུ་ལན་བཞིར་ཕེབས། ཕྱིར་ཕེབས་སྐབས་ཆོས་དཔེ་མང་བོ་འཁྱེར་ནས་དེ་དག་བོད་སྐད་དུ་བསྒྱུར། ཀྱཻ་རྡོར་གྱི་ལྷ་མོ་དགུའི་སྦྱོར་བ་དང་མཐུན་པར་ཡུམ་བདག་མེད་མ་སོགས་བཙུན་མོ་དགུ་ཁབ་ཏུ་བཞེས། མི་ལ་རས་པ་སོགས་ཐུགས་སྲས་བུ་ཆེན་མང་དུ་བསྐྱངས་ནས་དྭགས་པོ་བཀའ་བརྒྱུད་ཀྱི་བསྟན་པའི་སྲོལ་ཕྱེས།




ཆོས་ཀྱི་བློ་གྲོས།

      ༼ལྷོ་བྲག་མར་བ་ཡང་ཞུ༽བོད་ཀྱི་ལོ་རྒྱུས་ཐོག་མཚན་སྙན་ཆེ་བའི་ལོ་ཙཱ་བ་འདི་ཉིད་ཡབ་མར་བ་དབང་ཕྱུག་འོད་ཟེར་དང་ཡུམ་རྒྱལ་མོ་འོད་ཟེར་གཉིས་ཀྱི་སྲས་སུ་བོད་ཆུ་བྱི ༼སྤྱི་ལོ ༡༠༡༢༽ལོར་ལྷོ་བྲག་ཕུ་ཆུ་ཁྱེར་གྱི་གྲོ་བོ་ལུང་དུ་སྐུ་འཁྲུངས། མཚན་ཆོས་ཀྱི་བློ་གྲོས་སུ་གསོལ། སྐུ་ཆུང་ངུའི་དུས་སློབ་དཔོན་ཀླུ་བརྒྱད་པ་ཞིག་ལས་ཡི་གེ་འབྲི་ཀློག་གསན་སྦྱོང་མཛད། དགུང་ལོ་བཅོ་ལྔར་ཕེབས་སྐབས་འབྲོག་མི་ལོ་ཙཱ་བ་ཤཱཀྱ་ཡེ་ཤེས་ཀྱི་དྲུང་དུ་སཾ་སྐྲྀ་ཏའི་སྐད་དང་སྒྲ་རིག་པ་སྦྱངས། རྒྱ་གར་དུ་ལན་གསུམ་དང་བལ་ཡུལ་དུ་ལན་བཞི་བྱོན་ནས་རྗེ་ནཱ་རོ་བ་དང་། པཎྜི་ཏ་ཡེ་ཤེས་སྙིང་བོ། ཀུ་ཀུ་རི་བ། མཻ་ཏྲི་བ། ཞི་བ་བཟང་བོ་ལ་སོགས་བླ་མ་བརྒྱ་རྩ་བརྒྱད་དང་། བཤད་སྲོལ་འཛིན་ལྔ་བཅུ། སྣང་བ་འགྱུར་ངེས་བཅུ་གསུམ། ཁྱད་པར་འཕགས་པའི་བླ་མ་བཞི་རྣམས་བསྟེན་ནས་གསང་སྔགས་ཀྱི་ཆོས་མཐའ་ཡས་པ་གསན། གྲོང་འཇུག་གདམས་པ་དང་། བདེ་མཆོག་མཁའ་འགྲོའི་སྙན་བརྒྱུད་ཀྱི་ཆོས་སྐོར་རྣམས་ཐོབ། ཀྱཻ་རྡོར་དང་། གསང་བ་འདུས་པ་ལ་སོགས་པའི་རྣལ་འབྱོར་ཕ་མའི་རྒྱུད་ཀྱི་བཤད་པ་གདམས་ངག་ལག་ལེན་བཅས་པ་ཞིབ་ཏུ་སྦྱངས། ཕྱག་རྒྱ་ཆེན་པོའི་རྟོག་པ་མཐར་ཐུག་པ་ཐུགས་ལ་འཁྲུངས། བོད་དུ་བྱོན་ནས་ལྷོ་བྲག་གྲོ་བོ་ལུང་དུ་བཞུགས། གསང་སྔགས་ཀྱི་ཆོས་དཔེ་བོད་སྐད་དུ་བསྒྱུར། རྒྱ་གར་དུ་བྱོན་ཚུལ་གྱི་ཉམས་མགུར་མང་དུ་གསུངས། བདག་མེད་མ་སོགས་བཙུན་མོ་དགུ་ཁབ་ཏུ་བཞེས་པ་དེ་དག་ནི་ཀྱཻ་རྡོར་གྱི་ལྷ་མོ་དགུ་དང་སྦྱོར་བ་ཡིན་ཞེས་གྲགས། ཐུགས་ཀྱི་སྲས་བཞི་དང་། དབུ་ཆེ་བཅུ་སོགས་སློབ་མ་མང་དུ་བསྐྱངས་པ་བཅས་དཔལ་དྭགས་པོ་བཀའ་རྒྱུད་ཀྱི་བསྟན་པའི་སྲོལ་ཕྱེས། མཐའ་དགུང་ལོ་གྱ་དྲུག་པ་རབ་བྱུང་གཉིས་པའི་མེ་གླང ༼སྤྱི་ལོ ༡༠༩༧༽ལོར་སྐུ་གཤེགས་ཞེས་དང་། དགུང་ལོ་གྱ་བཞི་བ་རབ་བྱུང་གཉིས་པའི་ཤིང་ཕག ༼སྤྱི་ལོ་1095༽ལོར་སྐུ་གཤེགས་ཞེས་གསུང་ཚུལ་མི་འདྲ་བ་མཆིས། སློབ་མའི་གཙོ་བོ་ནི། དོལ་བ་གག་སྟོན་དང་། གྲེའི་མིའུ་ཆུང་ཆུ་གོང་དཔལ་ལེ། དགེ་བཤེས་ཁེ་གད་བཅས་ཐུགས་ཀྱི་སྲས་བཞི་དང་། གཞུང་གི་རྔོག་ཆོས་སྐུ་རྡོ་རྗེ་དང་། དོལ་གྱི་ཚུར་སྟོན་དབང་ངེ་། གཙང་རོང་གི་མེས་ཚོན་པོ། གུང་ཐང་གི་མི་ལ་རས་པ་བཅས་ཀ་ཆེན་བཞི་སོགས་སློབ་མ་ཤིན་ཏུ་མང་ངོ་། །

        འདི་ཉིད་ཀྱི་འགྱུར་ལ། བཀའ་འགྱུར་ལས། དཔལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་རྣལ་འབྱོར་ཆེན་པོ་རྣམ་པར་རྒྱལ་བ་ཞེས་བྱ་བ་མཉམ་པ་ཉིད་གཉིས་སུ་མེད་པའི་རྒྱུད་ཀྱི་རྒྱལ་བོ་རྡོ་རྗེ་དཔལ་མཆོག་ཆེན་པོ་བརྟག་པ་དང་པོ་ལ་ལེའུ་བདུན་ཅུ་རྩ་བདུན་པ། བསྟན་འགྱུར་ལས། རྣལ་འབྱོར་ཕ་དང་རྣལ་འབྱོར་མ་རྣམས་ལ་ཐུན་མོང་མ་ཡིན་པའི་དོན་ལ་གདམས་པ། ཚོགས་ཀྱི་འཁོར་ལོའི་ཆོ་ག དཔལ་ཧེ་རུ་ཀ་མངོན་པར་འབྱུང་བ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་བོ་ཆེན་པོའི་དཀའ་འགྲེལ་ཡི་གེ་ཉུང་ངུ་ཞེས་བྱ་བ་སོགས་མང་ངོ་། །

 

ལྷོ་བྲག་མར་བ།

      ཁོང༼༡༠༡༢--༡༠༩༧༽ནི་ལྷོ་བྲག་རྫོང་ཆུ་ཁྱེར་ཕུ་རུ་ཡབ་མར་བ་དབང་ཕྱུག་འོད་ཟེར་དང་ཡུམ་རྒྱལ་མོ་འོད་ཟེར་གཉིས་ཀྱི་སྲས་མིང་སྲིང་བཞིའི་གཉིས་པར་འཁྲུངས། དགུང་ལོ་བཅོ་ལྔ་ནས་འབྲོག་མི་ལོ་ཙཱ་བ་ཤཱཀྱ་ཡེ་ཤེས་ཀྱི་དྲུང་དུ་སཾ་སྐྲྀ་ཏའི་སྐད་དང་སྒྲ་རིག་པ་ལ་སློབ་སྦྱོང་གནང་། དེ་ནས་རང་ཡུལ་དུ་བྱོན་ནས་གསེར་སྲང་བཅོ་ལྔ་ཙམ་བསྣམས་ཏེ་བལ་ཡུལ་དུ་བྱོན་ནས་ལོ་གསུམ་རིང་བཞུགས། དེའི་རིང་བལ་བོ་སྤྱི་ཐེར་བའི་དྲུང་ནས་གསང་སྔགས་ཀྱི་ཆོས་མང་བོ་གསན། དེ་ནས་པཎ་ཆེན་ནཱ་རོ་བའི་སྙན་པ་ཐོས་ནས་རྒྱ་གར་དུ་བྱོན་ནས་དཔལ་དགྱེས་པ་རྡོ་རྗེ་ལྷ་དགུའི་དབང་བླངས། རྒྱ་གར་ནུབ་ཕྱོགས་སུ་བྱོན་ནས་སློབ་དཔོན་ཡེ་ཤེས་སྙིང་བོའི་དྲུང་དུ་གསང་བ་འདུས་པ་གསན། དེ་ནས་སླར་ཡང་བལ་ཡུལ་དུ་པཎ་ཆེན་ནཱ་རོ་བའི་དྲུང་དུ་གསང་བ་འདུས་པ་དང་མ་ཧཱ་མཱ་ཡ་གསན་ནས་གསེར་འཚོལ་བའི་ཆེད་དུ་ཕྱིར་བོད་དུ་ཕེབས། གསེར་མང་བོ་བཙལ་ནས་རྒྱ་གར་དུ་ཕེབས་སྐབས་ནཱ་རོ་བ་སྤྱོད་པ་ལ་གཤེགས༼རྣལ་འབྱོར་སྒོམ་དུ་བྱིན༽ཟིན་ཡང་དཀའ་བ་མང་བོ་སྤྱད་ནས་བཙལ་བས་ནགས་གསེབ་ཤིག་ཏུ་མཇལ། དགུང་ལོ་ཞེ་གཉིས་པ་ལ་བོད་དུ་ཕྱིར་ཕེབས་ཏེ་བདག་མེད་མ་ཁབ་ཏུ་བཞེས། ལོ་ཤས་ནས་སླར་ཡང་གསེར་བསྣམས་ཏེ་རྒྱ་གར་དུ་ཕེབས་ནས་བླ་མ་མཻ་ཏྲི་བ་དང་མཇལ་ནས་གསང་སྔགས་ཀྱི་ཆོས་མང་བོ་གསན། ཁོང་གིས་དཀའ་སྤྱད་ཚད་མེད་པ་མྱངས་ཏེ་སྔ་ཕྱིར་རྒྱ་གར་དང་བལ་བོ་ལ་ཐེངས་གསུམ་ཕྱིན་ནས་ཆོས་དཔེ་མང་བོ་བསྣམས་ཤིང་དེ་དག་བོད་སྐད་དུ་བསྒྱུར། ལོ་རྒྱུས་ཞིབ་པ་བོད་ཀྱི་ལོ་རྒྱུས་ཆོས་འབྱུང་ཕལ་ཆེ་བའི་ནང་མ་འཁོད་པ་མེད་ཅིང་། རྒྱས་ཤོས་ནི་རྒོད་ཚང་བ་སྣ་ཚོགས་རང་གྲོལ་གྱིས་མཛད་པའི༼མར་བའི་རྣམ་ཐར་མཐོང་བ་དོན་ལྡན༽དུ་གསལ། ༼བོད་སྤྱི་བཤད་ལས་བཏུས། ༽

 

མར་བ་ལོ་ཙཱ།

      སྒྲུབ་རྒྱུད་བསྟན་པའི་བདག་པོ་མར་བ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས་ནི་ཡབ་མར་བ་དབང་ཕྱུག་འོད་ཟེར་དང་ཡུམ་རྒྱལ་མོ་འོད་ཟེར་གཉིས་ཀྱི་སྲས་སུ་བོད་ཆུ་བྱི༼༡༠༡༢༽ལོར་ལྷོ་བྲག་ཕུ་ཆུ་ཁྱེར་གྱི་གྲོ་བོ་ལུང་དུ་སྐུ་འཁྲུངས། ཡབ་ཡུམ་འདི་གཉིས་ལ་སྲས་ལྔ་ཡོད་པའི་གསུམ་པ་དེ་ཡིན་ཞིང་། ཁྱིམ་ཚང་འབྱོར་པ་ཤིན་ཏུ་ཆེ་བས་ཡུལ་ཁག་གསུམ་དུ་འཛིན་སྐད། སྐུ་གཞོན་ནུའི་དུས་སུ་ཆང་དང་འཐབ་རྩོད་ལ་དགའ། ཐུགས་གཤིས་རྩུབ་པས་མི་རྣམས་མི་དགའ་བའི་ཡུལ་དུ་གྱུར། དགུང་ལོ་བཅུ་གཉིས་སྐབས་སུ་སློབ་དཔོན་ཀླུ་བརྒྱད་པ་ཞིག་ལ་ཡི་གེ་འབྲི་ཀློག་སྦྱངས་པས་ཚེགས་མེད་དུ་མཁྱེན། དགུང་ལོ་བཅོ་ལྔར་ཕེབས་སྐབས་འབྲོག་མི་ལོ་ཙཱ་བ་ཤཱཀྱ་ཡེ་ཤེས་ཀྱི་དྲུང་ནས་སྒྲ་རིག་པར་སྦྱོང་བ་མཛད་དེ་གཟེངས་སུ་ཐོན་པ་བྱུང་། རྒྱ་གར་འཕགས་པའི་ཡུལ་དུ་འབྱོན་པར་དགོངས་སྟེ། བམ་པོ་སྤྱི་ཐེར་བ་ལ་དགྱེས་རྡོར་གདན་བཞི་དུད་སོལ་སོགས་ཞུས། དེ་ནས་པཎྜི་ཏ་ཡེ་ཤེས་སྙིང་བོ་དང་མཇལ་ཀྲི་ཡ་དང་ཨུ་པའི་སྐོར་ཞུས། དེ་རྗེས་དགེ་ཚུལ་ཤེས་རབ་སེང་གེས་ལམ་རྒྱུས་བྱས་ཏེ་རྒྱ་གར་འཕགས་ཡུལ་གྱི་རྟེན་གནས་ནཱ་ལེནྡྲར་ཕེབས། མེ་ཏོག་སྣ་ལྔས་བརྒྱན་པའི་གྲོང་ཁྱེར་རི་བོ་གསེར་གྱི་དགོན་པར་སློབ་དཔོན་ཆེན་པོ་ནཱ་རོ་བ་དང་མཇལ། དད་གུས་ཅིག་ཅར་དུ་འཆར། དེ་མ་ཐག་ཏུ་སློབ་དཔོན་ཆེན་པོས་ཕྱག་སྤྱི་བོར་བཞག་ནས། བླ་མས་ལུང་བསྟན་བདག་གིས་བུ། །སྣོད་ལྡན་མར་བ་བློ་གྲོས་ཀྱིས། །ཁ་བ་ཅན་ལྗོངས་བྱང་ཕྱོགས་ནས། རྒྱལ་ཚབ་འཛིན་ཕྱིར་སླེབས་པ་ལེགས། །ཞེས་གསུངས། ཐུགས་ཤིན་ཏུ་དགྱེས་བཞིན་དགྱེས་རྡོར་རྩ་བཤད་ལ་ཚོགས་བཤད་དང་། སློབ་བཤད། མན་ངག་དང་བཅས་པ་སོགས་གནང་། སྔར་གྱི་བླ་མ་པཎྜི་ཏ་ཡེ་ཤེས་སྙིང་བོ་ལས་གསང་བ་འདུས་པའི་དབང་རྒྱུད་མན་ངག་འཕགས་ལུགས་མཐའ་དག་གསན། དེ་ནས་སློབ་དཔོན་ཀུ་ཀུ་རི་བ་དང་མཇལ། མ་ཧཱ་མཱ་ཡའི་དབང་བསྐུར་ཏེ་གསང་མཚན་དུ་བདེ་བའི་རྡོ་རྗེ་ཞེས་བཏགས། རྒྱུད་འགྲེལ་མན་ངག་མ་ལུས་པ་གནང་། དེ་ནས་རི་མེ་ལྟར་འབར་བའི་དུར་ཁྲོད་ན་སློབ་དཔོན་ཆེན་པོ་མེེ་ཏྲི་བ་དང་མཇལ། རང་དབང་མེད་པར་མོས་གུས་སྐྱེས། དབང་བསྐུར་ཏེ་གསང་མཚན་ཐུགས་ཀྱི་རྡོ་རྗེར་བཏགས། མཚན་བརྗོད་དང་། དོ་ར། ཕྱག་རྒྱ་ཆེན་པོ་རྣམས་གསན། གཅིག་ཆར་བའི་རྟོགས་པ་ནམ་མཁའ་དང་མཉམ་པར་ཤར། དེ་ནས་བོད་དུ་ཚུར་ཕེབས་སྐབས་བྲམ་ཟེ་ཆེན་པོ་ས་ར་ཧ་དང་མཇལ་ཏེ་སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་བརླབས། ཡི་གེ་བཞིའི་ཆོས་གསུངས། ཐུགས་དམ་ཀྱི་རྟོགས་པ་མཐར་ཕྱིན་པར་གྱུར། བོད་དུ་ཕེབས་ཏེ་གྲོ་བོ་ལུང་དུ་བཞུགས། སྔ་རྗེས་སུ་བདག་མེད་ལ་སོགས་བཙུན་མོ་དགུ་ཁབ་ཏུ་བཞེས། བདག་མེད་མ་ལ་ཇོ་སྲས་མདོ་སྡེ་འཁྲུངས། སླར་བལ་ཡུལ་བརྒྱུད་རྒྱ་གར་འཕགས་པའི་ཡུལ་དུ་བྱོན། རྣལ་འབྱོར་པ་ཆེན་པོ་ནཱ་རོ་བ་སོགས་རྩ་བའི་བླ་མ་རྣམས་མཇལ། སྔར་གསན་པའི་ཆོས་རྣམས་ལ་དོགས་དཔྱོད་མཛད། སྤྱིར་མར་བ་ལོ་ཙཱ་བ་འདི་ཉིད་རྒྱ་གར་ཤར་ནུབ་ལྷོ་བྱང་དང་། ཁ་ཆེ། བལ་ཡུལ་སོགས་ནས་པནྜི་ཏ་དང་། ཀུ་ས་ལི་རྣལ་འབྱོར་པའི་བླ་མ་བརྒྱ་དང་བཅུ་གཉིས་བརྒྱུད་པ་འཛིན་ངེས་ཀྱི་བླ་མ་ལྔ་བཅུ། སྣང་བ་འགྱུར་ངེས་བཅུ་གསུམ། ཁྱད་པར་གྲུབ་ཐོབ་ཞལ་ལྔ། རྗེ་འགྲན་ཟླ་དོ་མེད་གཉིས་ཞེས་གྲགས་པ་ལ། འགྲན་ཟླ་དོ་མེད་གཉིས་ནི་སློབ་དཔོན་ཆེན་པོ་ནཱ་རོ་བ་དང་། མེེ་ཏྲི་བའོ། ཁྱད་པར་གྲུབ་ཐོབ་ཞལ་ལྔ་ནི། སློབ་དཔོན་འདི་ཉིད་དང་། ཡེ་ཤེས་སྙིང་བོ། ཀུ་ཀུ་རི་བ། ཊ་ཀི་མ་ཆུ་ཤིང་གི་སྙེ་མ་ཅན་བཅས་ལྔའོ། སྣང་བ་འགྱུར་ངེས་བཅུ་གསུམ་ལས་འཇམ་དཔལ་རྡོ་རྗེ་དང་། བདེ་མཆོག གཤིན་རྗེའི་གཤེད། རྡོ་རྗེ་བདུད་རྩི་ལ་སོགས་ལ་གསང་སྔགས་ཀྱི་ཆོས་མང་དུ་གསན། བོད་དུ་ཕྱིར་ལོག་ཕེབས་ཁར་གཏང་རག་གི་ཚོགས་གྲལ་དུ་སྒྲུབ་བརྒྱུད་བསྟན་པའི་བདག་པོ་ནཱ་རོ་བས་ཕྱག་ལྷོ་བྲག་མར་བའི་དབུ་ཐོག་ཏུ་བཞག་ནས་བརྡའི་མགུར་ཞེས་སླར་ཡང་མཇལ་བའི་སྨོན་འདུན་ཡང་ཡང་མཛད། དེ་ནས་མགོ་ལེགས་སོགས་ཀྱིས་བསུ་བ་ཞུས་ཏེ་བོད་དུ་ཕྱིར་ཕེབས། དབུ་རུ་བྱང་དུ་གསེར་གྱི་འབུལ་འདོད་དུ་བྱོན། དེ་ནས་ཡུན་རིང་མ་སོང་བར་གསེར་མང་བོ་བསྣམས་ཏེ་སླར་ཡང་བལ་ཡུལ་བརྒྱུད་རྒྱ་གར་དུ་ཕེབས། སློབ་དཔོན་ཆེན་པོ་ནཱ་རོ་བ་སོགས་སྐྱེས་ཆེན་འགའ་ཞིག་དགོངས་པ་མྱ་ངན་ལས་འདས་པའི་གནས་ཚུལ་ཐོས་རྗེས་ཐུགས་ཤིན་ཏུ་སྐྱོ་བའི་གནས་སུ་ལྷུང་། དེ་ནས་རྣལ་འབྱོར་བ་ཆེན་པོ་མེེ་ཏྲི་བའི་དྲུང་དུ་བྱོན། དབང་གནང་བའི་ཚེ། དྲི་བཟང་བོའི་ངད་ལྡང་། སྒྲོན་ཤིང་མར་བསེ་མཛུབ་གང་གིས་ཞག་བདུན་ཐུབ། བཀའ་གདམས་མན་ངག་མང་དུ་གསན། དེ་ནས་སློབ་དཔོན་ཆེན་པོ་ཡེ་ཤེས་སྙིང་བོའི་དྲུང་དུ་བྱོན། གསང་སྔགས་ཀྱི་ཆོས་མང་དུ་གསན། ལྷོ་བྲག་མར་བ་ལོ་ཙྰ་བ་འཕགས་ཡུལ་དུ་ཐེངས་གསུམ་པ་ཕེབས་སྐབས་སློབ་དཔོན་ཆེན་པོ་ནྰ་རོ་བ་དང་ཞལ་མི་འཇལ་བ་དང་། ཁོང་རང་ཉིད་སྐུ་གཟུགས་ལ་སྙུང་གཞི་ཕོག་པ་སོགས་དཀའ་སྡུག་ཚད་མེད་བྱུང་ཡང་། ཁོང་གི་དཀའ་ངལ་ཁྱད་གསད་མཛད་ནས་སློབ་དཔོན་ཆེན་པོ་མེེ་ཏྲི་བ་དང་ཡེ་ཤེས་སྙིང་བོ་སོགས་ཀྱི་དྲུང་ནས་བཀའ་གདམས་མན་ངག་མང་དུ་གསན་ཐུབ་པ་བྱུང་བས་ཐུགས་འདུན་ཡོངས་སུ་འགྲུབ།

      མར་བ་ལོ་ཙཱ་བ་སྔ་རྗེས་སུ་རྒྱ་གར་འཕགས་པའི་ཡུལ་དུ་ལན་གསུམ་དང་བལ་ཡུལ་དུ་ལན་བཞི་ཙམ་བྱོན་ནས་ལོ་ངོ་ཉི་ཤུ་རྩ་གཅིག་ཙམ་རིང་སློབ་དཔོན་ཆེན་པོ་ནཱ་རོ་བ་དང་། ཡེ་ཤེས་སྙིང་བོ། མེེ་ཏྲི་བ་སོགས་བསྟན་པའི་བདག་པོ་བདག་ཉིད་ཆེན་པོ་རྣམས་ཀྱི་བཀའ་དང་གདམས་ངག་མང་དུ་ཐོབ། བོད་དུ་ཕྱིར་ལོག་ཕེབས་རྗེས་བསྟན་པ་རྒྱ་ཆེར་སྤེལ་བས་སློབ་མ་ཤིན་ཏུ་མང་། དེ་དག་གི་ནང་ནས་གཙོ་བོར་གྱུར་པ་ནི། དོལ་བ་གོག་སྟོན་དང་། གྲེའི་མིའུ་ཆུང་། ཆུ་གོང་དཔལ་ལེ། དགེ་བཤེས་ཁེ་གད་བཅས་ཐུགས་སྲས་བཞི་དང་། རྔོག་ཆོས་སྐུ་རྡོ་རྗེ། མཚུར་སྟོན་དབང་གི་རྡོ་རྗེ། མེས་ཚོན་པོ་བསོད་ནམས་རྒྱལ་མཚན། མི་ལ་རས་པ་བཅས་ཀ་ཆེན་བཞི་སོགས་ཡིན། ལྷོ་བྲག་མར་བས་ཁ་བ་ཞི་ལ་སློབ་མ་སོ་སོའི་ཁྱད་ཆོས་ལ་ཞིག་སྟེ་ཁག་སོ་སོར་གདམས་ངག་མང་བོ་གནང་། མར་བ་ལོ་ཙཱ་བས། དཔལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་རྣལ་འབྱོར་ཆེན་པོ་རྣམ་པར་རྒྱལ་བ་ཞེས་བྱ་བ་མཉམ་པ་ཉིད་གཉིས་སུ་མེད་པའི་རྒྱུད་ཀྱི་རྒྱལ་བོ་རྡོ་རྗེ་དཔལ་མཆོག་ཆེན་པོ་བརྟག་པ་དང་བོ་ལེའུ་བདུན་ཅུ་རྩ་བདུན་པ་དང་། རྣལ་འབྱོར་ཕ་དང་རྣལ་འབྱོར་མ་རྣམས་ལ་ཐུན་མོང་མ་ཡིན་པའི་དོན་ལ་གདམས་པ། ཚོགས་ཀྱི་འཁོར་ལོའི་ཆོ་ག དཔལ་ཧེ་རུ་ཀ་མངོན་པར་འབྱུང་བ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་བོ་ཆེན་པོའི་དཀའ་འགྲེལ་ཡི་གེ་ཉུང་དུ་ཞེས་བྱ་བ་སོགས་བཀའ་བསྟན་མང་བོ་བོད་ཡིག་ཏུ་བསྒྱུར། བཀའ་བརྒྱུད་པའི་སྲོལ་གཏོད། མཐར་དགུང་ལོ་གྱ་དྲུག་པ་རབ་བྱུང་གཉིས་པའི་མེ་གླང༼༡༠༩༧༽ལོར་སྐུ་བདེ་བར་གཤེགས་པ་བཅས་སོ། ། ༼ཆོས་འབྱུང་མཁས་པའི་དགོངས་རྒྱན་ལས་དྲངས།༽