ནག་ཚོ་ལོ་ཙཱ་བ།
དྲ་ཚིགས་དོ་དམ་པས།
འབྱུང་ཁུངས། སྤེལ་མཁན། སྤེལ་དུས།2016-10-24

ངོ་སྤྲོད་ཉུང་བསྡུས།

      མཚན། ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ། འཁྲུངས་ཡུལ། གུང་ཐང་། འཁྲུངས་འདས།  ༡༠༡༡-༡༠༦༤  ཐོབ་ཐང་། ལོ་ཙཱ་བ། སློབ་སྦྱོང་། ཐོས་བརྩོན་རིམ་བཞིན་བྱས་ཏེ་འདུལ་འཛིན་དམ་པར་གྱུར། བར་སྐབས་ཤིག་ལ་རྒྱ་གར་དུ་ཕེབས་ནས་པཎྜི་ཏ་མང་བོའི་དྲུང་དུ་སྒྲ་རིག་པ་དང་ཆོས་གཞུང་མང་དུ་གསན་ནས་སྦྱོང་བ་མཐར་ཕྱིན་པར་མཛད། ཇོ་བོ་རྗེ་སྔ་ཕྱིར་ལོ་ངོ་བཅུ་དགུའི་རིང་ལ་ཚུལ་བཞིན་བསྟེན་ཏེ་འདུལ་བའི་མདོ་རྩ་དང་། གསང་འདུས་རྒྱུད་དཔེ། སྤྱན་རས་གཟིགས་ཀྱི་སྒྲུབ་ཐབས་སྐོར་སོགས་སྦས་ཆོས་ཉི་ཤུ་སོགས་གདམས་པ་མ་ལུས་པ་མནོས་ནས་མཁས་བཙུན་བཟང་གསུམ་མཆོག་ཏུ་གྱུར། གསུང་རྩོམ། དཔལ་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་རབ་བྱེད་བཞི་བཅུ་རྩ་གཅིག་པ་དང་ཆོས་དབྱིངས་བསྟོད་པ་སོགས་བཀའ་བསྟན་གྱི་ཁྲོད་དུ་འགྱུར་མ་མང་དུ་བཞུགས། མཛད་སྤྱོད། མདོ་སྔགས་ཀྱི་རྒྱ་གཞུང་མང་བོ་བོད་དུ་བསྒྱུར། ལྷ་བླ་མ་བྱང་ཆུབ་འོད་ཀྱི་བཀའ་བཞིན་ཇོ་བོ་རྗེ་བོད་དུ་གདན་དྲངས་ནས་གདམས་ངག་ཡོངས་རྫོགས་གནང་བར་བསྐུལ། ཇོ་བོའི་ལུང་བསྟན་བཞིན་སྒྲུབ་པ་ཉམས་བཞེས་མཛད་ནས་ཡི་དམ་གྱི་ཞལ་གཟིགས་ཏེ་མཆོག་གི་དངོས་གྲུབ་བརྙེས།




དགེ་བཤེས་གུང་ཐང་བ།

      ༼དགེ་བཤེས་གུང་ཐང་བའང་ཞུ༽ འདི་ཉིད་བོད་ལྕགས་ཕག ༼སྤྱི་ལོ ༡༠༡༡༽ལོར་མངའ་རིས་རྫོང་དགའི་ལྷ་གདོང་ཞེས་པའི་ས་ཆར་ནག་ཚོའི་གདུང་རྒྱུད་དུ་སྐུ་འཁྲུངས། རབ་ཏུ་བྱུང་བའི་མཚན་ལ་ཚུལ་ཁྲིམས་རྒྱལ་བ་དང་། འདུལ་བ་མཁས་པར་མཁྱེན་པས་འདུལ་འཛིན་པར་ཡང་གྲགས། རྒྱ་གར་དུ་སློབ་གཉེར་ལ་བྱོན་པ་ན་རྒྱ་བརྩོན་འགྲུས་སེང་གེས་འགོ་གཉེར་མཛད་དེ་ཇོ་བོ་ལ་སོགས་པའི་པཎྜི་ཏའི་ས་ནས་ཆོས་མང་དུ་གསན་པ་དང་། རྒྱ་བརྩོན་འགྲུས་སེང་གེ་ལ་མངོན་པ་གསན། སླར་བོད་དུ་ཕེབས་པ་ན་ལྷ་བླ་མ་བྱང་ཆུབ་འོད་ཀྱི་བཀའ་བཞིན་རབ་བྱུང་དང་བོའི་མེ་གླང ༼སྤྱི་ལོ ༡༠༣༧༽ལོར་འདི་ཉིད་འཁོར་ལྔ་དང་བཅས་ཕྱག་རྟེན་གསེར་སྲང་སུམ་ཅུ་སོ་གཉིས་དང་། གསེར་ལིང་བ་གཅིག་བསྐུར་བ་རྣམས་བསྣམས་ཏེ་རྒྱ་གར་དུ་ཇོ་བོ་རྗེ་གདན་འདྲེན་པར་ཕེབས། ཇོ་བོ་རྗེ་ལོ་བཅུ་དགུའི་བར་ཚུལ་བཞིན་དུ་བསྟེན་ཅིང་། མཐར་ནག་ཚོས་བི་ཀྲ་མ་ལ་ཤཱི་ལའི་གནས་བརྟན་ལ། ཇོ་བོ་རྗེ་བོད་དུ་ལོ་གསུམ་བཞུགས་ནས་རྒྱ་གར་དུ་ཕར་གདན་དྲང་རྒྱུའི་མནའ་དམ་ཕུལ་ཏེ་བོད་དུ་གདན་དྲངས། འདི་ཉིད་ཀྱིས་ཇོ་བོ་སྤྱན་དྲངས་ནས་བོད་ཁམས་ལ་བཀའ་དྲིན་ཆེ་བས་སྐབས་དེར་བོད་སྟོན་ཐམས་ཅད་ཀྱིས་འདི་ཉིད་ལ་སློབ་དཔོན་ཞེས་བརྗོད། ནག་ཚོ་སྙེ་ཐང་ནས་མངའ་རིས་སུ་འབྱོན་ཁར་ཇོ་བོས་བསླབ་བྱ་མང་བོ་མཛད་པ་དང་དམ་ཚིག་གསུམ་བཀོད་ཀྱི་སྐུ་ཕྱག་ཏུ་བཟུང་ནས་བྱིན་རླབས་མཛད། འདུལ་བའི་མདོ་རྩ་དང་། གསང་འདུས་རྒྱུད་དཔེ། སྤྱན་རས་གཟིགས་ཀྱི་སྒྲུབ་ཐབས་སྐོར་སོགས་སྦས་ཆོས་ཉི་ཤུ་གནང་། དེ་རྗེས་ཇོ་བོ་རྗེས་ལུང་བསྟན་པ་བཞིན་སྒྲུབ་པ་མཛད་པས་ཉམས་རྟོགས་ཁྱད་པར་ཅན་འཁྲུངས་པར་གྲགས། མཐར་རབ་བྱུང་དང་བོའི་ཤིང་འབྲུག ༼སྤྱི་ལོ ༡༠༦༤༽ལོར་སྐུ་གཤེགས། འདི་ཉིད་ཀྱི་འགྱུར་ལ། མདོ་མང་སྐོར་ལས། མ་ག་དྷཱ་བཟང་མོའི་རྟོགས་མརྗོད། འཕགས་པ་སྒྲོལ་མ་ཀུ་རུ་ཀུ་ལླེའི་རྟོགས་པ་ལེའུ་ལྔ། དཔལ་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་རབ་བྱེད་བཞི་བཅུ་རྩ་གཅིག་པ་སོགས་དང་། བསྟན་འགྱུར་ལས། བདུད་བཏུལ་བ་ལ་བསྟོད་པ། ཆོས་དབྱིངས་བསྟོད་པ། དཔེ་མེད་པར་བསྟོད་པ། འཇིག་རྟེན་ལས་འདས་པར་བསྟོད་པ། སེམས་ཀྱི་རྡོ་རྗེའི་བསྟོད་པ། དོན་དམ་པར་བསྟོད་པ། སྐུ་གསུམ་ལ་བསྟོད་པ། དགེ་བ་རྡོ་རྗེའི་དཀའ་འགྲེལ་རྣལ་འབྱོར་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ་སོགས་མང་ངོ་། །

 

དགེ་བཤེས་ནག་ཚོ་ལོ་ཙཱ་བ།

      དགེ་བཤེས་ནག་ཚོ་ལོ་ཙཱ་བ་ནི་ལྕགས་མོ་ཕག་ལ་གུང་ཐང་ཞེས་གྲགས་པ་མངའ་རིས་རྫོང་དགའི་ལྷ་གདོང་དུ་སྐུ་འཁྲུངས། གདུང་ནག་ཚོ། རབ་ཏུ་བྱུང་བའི་མཚན་ཚུལ་ཁྲིམས་རྒྱལ་བ། འདུལ་བ་མཁས་པར་མཁྱེན་པས་འདུལ་བ་འཛིན་པར་གྲགས། རྒྱ་བརྩོན་སེང་ལ་མངོན་པ་གསན། དགུང་ལོ་ཉེར་བདུན་པ་ལ་ཇོ་བོ་སྤྱན་འདྲེན་ལ་རྒྱ་གར་དུ་བྱོན། ཇོ་བོ་རྗེ་ལོ་བཅུ་དགུའི་བར་ཚུལ་བཞིན་བསྟེན། ཡོན་ཏན་ཐམས་ཅད་རྫོགས་པར་མཛད། ཇོ་བོ་རྗེ་བོད་དུ་སྤྱན་དྲངས་པས་བོད་ཁམས་སྤྱི་ལ་བཀའ་དྲིན་ཆེ་བ་ཡིན་པས། བོད་སྟོན་ཐམས་ཅད་ཀྱིས་ཀྱང་སློབ་དཔོན་ཞེས་བརྗོད་པ་ཡིན། ཇོ་བོའི་ཆོས་རྣམས་ཁོང་གིས་ཁུངས་ཕྱག་ནས་ཞུར་བཅུག་པས་གཞན་རྣམས་ཀྱིས་ཀྱང་གདམས་པ་ཕལ་ཆེ་བ་ཐོབ་པས་ཁོང་བཀའ་དྲིན་ཤིན་ཏུ་ཆེ་བར་བཤད། ནག་ཚོ་སྙེ་ཐང་ནས་མངའ་རིས་སུ་འབྱོན་ཁར་ཇོ་བོས་བསླབ་བྱ་མང་བར་མཛད་དེ། དམ་ཚིག་གསུམ་བཀོད་ཀྱི་སྐུ་ཕྱག་ཏུ་བཟུང་ནས་བྱིན་རླབས་མཛད། འདུལ་བ་མདོ་རྩ་དང་། གསང་བ་འདུས་པའི་རྒྱུད་དཔེ་དང་། འགྲོ་ཆོས་སུ་ཐུན་མོང་མ་ཡིན་པའི་སྤྱན་རས་གཟིགས་ཀྱི་སྒྲུབ་སྐོར་སོགས་སྦས་ཆོས་ཉི་ཤུ་གནང་ལུང་བསྟན་མང་དུ་མཛད་དེ་ཇོ་བོ་ཉིད་ཀྱི་སྐུ་མཐེ་བོང་ཙམ་སེང་ལྡེང་ལ་བྲིས་ཏེ་གའུར་བཅུག་ནས་དཔུང་བ་ལ་བཏགས། མཉེས་མཉེས་རྒྱ་ཆེན་མཛད། དེ་ནས་ཡར་བྱོན་ནས་རས་ཁྲུ་བཅུ་དྲུག་པ་གཅིག་ལ་རི་མོ་མཁན་མཁས་པ་ཀྲིཥྞ་བྱ་བ་རྒྱ་གར་བ་ཅིག་ཡོད་པ་འདྲིར་བཅུག་ནས། སྟོད་ལ་ཇོ་བོའི་ཡི་དམ་གྱི་ལྷ་རྣམས་བྲིས། དེའི་འོག་ན་ཕར་ལ་ཇོ་བོའི་བླ་མ་བཅུ་གཉིས་པོ་བྲིས། དེ་ནས་ཇོ་བོ་རྗེ་ཉིད་ཀྱི་སྐུ་ཚད་ཁྲུས་གཞལ་ཏེ་བྲིས། གཡས་གཡོན་གཉིས་ན་ཉེ་གནས་རེ་ལྡེམ་སྐུར་བྲིས། གཡས་གཡོན་གྱི་མཐའ་རས་ལ་ཇོ་བོའི་མཛད་པ་རྣམས་དང་། འོག་ན་ཚུར་ཁུ་རྔོག་འབྲོམ་གསུམ་ལ་སོགས་པ་བོད་སྟོན་རྣམས་ཆོས་གྲྭའི་ཚུལ་དུ་བྲིས། དེའི་མདུན་དུ་ལོ་ཙཱ་བ་ཉིད་གསོལ་བ་འདེབས་པའི་ཚུལ་དུ་བྲིས། དེའི་རྒྱབ་ལ་ཇོ་བོའི་བསྟོད་པ་བརྒྱད་ཅུ་བ་བྲིས། རབ་གནས་མཛད་པའི་ཚེ། ཇོ་བོ་རྗེ་ཉིད་དགའ་ལྡན་ནས་འབྱོན་པར་ཞལ་གྱིས་བཞེས་པས་འདི་ཇོ་བོ་རྗེ་ཉིད་དང་ཁྱད་མེད་པ་ཡིན། མངའ་རིས་སྐོར་གསུམ་གྱི་རྟེན་ལ་བྱིན་རླབས་ཆེ་ཤོས་ཡིན་གསུངས། དེའི་རྗེས་སུ་ཛྙཱ་ན་ཨཱ་ཀ་ར་དང་། བལ་པོ་ཤྲིནྟཾ་བྷ་དྲ། ནག་པོ་དམ་ཚིག་རྡོ་རྗེ་ལ་སོགས་པ་བསྟེན་ནས་འགྱུར་ཡང་མང་དུ་མཛད་དོ། །དེ་ནས་ཇོ་བོས་ལུང་བསྟན་པ་བཞིན་སྒྲུབ་པ་མཛད་པས་ཇོ་བོ་ཡི་གེ་དྲུག་པ། སྒྲོལ་མ། འཇམ་དཔལ་རྡོ་རྗེ་རྣམས་ཞལ་གཟིགས། ཁོང་རང་གི་ཡི་གེ་ལས་ཀྱང་། ནག་ཚོ་བདག་ཉིད་གཅིག་པུ་མ་གཏོགས་པ། ཇོ་བོའི་སློབ་མ་གཞན་ལ་ཡོད་རེ་སྐན། །ཞེས་ངོ་བོའི་མན་ངག་ཐུན་མོང་མ་ཡིན་པ་རྣམས་ཁོང་རང་ལ་ཡོད་པར་ཞལ་གྱིས་བཞེས་ཤིང་ཇོ་བོ་རྗེ་བོད་དུ་གདན་འདྲེན་མཛད་པས་ལོ་ཙཱ་བ་འདི་ནི་བོད་ཁམས་ཡོངས་ལ་བཀའ་དྲིན་བླ་ལྷག་ཏུ་ཆེ་བ་ཞིག་གོ །༼ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས་དྲངས།༽


ནག་ཚོ་ཚུལ་ཁྲིམས་རྒྱལ་བ།

      ལྕགས་མོ་ཕག་ལ་སྐུ་འཁྲུངས། ཡུལ་གུང་ཐང་བ། གདུང་ནག་ཚོ། མཚན་ཚུལ་ཁྲིམས་རྒྱལ་བ། འདུལ་བ་མཁས་པར་མཁྱེན་པས་འདུལ་བ་འཛིན་པར་གྲགས། རྒྱ་བརྩོན་སེང་ལ་མངོན་པ་གསན། དགུང་ལོ་ཉེར་བདུན་པ་ལ་ཇོ་བོ་སྤྱན་འདྲེན་དུ་བྱོན། ལོ་བཅུ་དགུའི་བར་ཚུལ་བཞིན་བསྟེན། ཐུན་མོང་གི་ཡོན་ཏན་རྫོགས་པར་མཛད། བོད་སྟོན་ཐམས་ཅད་ཀྱིས་ཀྱང་སློབ་དཔོན་ཟེར་བ་ཡིན། ཇོ་བོའི་ཆོས་རྣམས་ཁོང་གིས་ཁུངས་ཕྱུང་ནས་ཞུར་བཅུག་པས། གཞན་རྣམས་ཀྱིས་ཀྱང་གདམས་པ་ཕལ་ཆེ་བ་ཐོབ་པས་ཁོང་བཀའ་དྲིན་ཤིན་ཏུ་ཆེ་བར་བཤད། ནག་ཚོ་སྙེ་ཐང་ནས་མངའ་རིས་སུ་འབྱོན་ཁར། ཇོ་བོས་བསླབ་བྱ་མང་བར་མཛད་དེ། དམ་ཚིག་གསུམ་བཀོད་ཀྱི་སྐུ་ཕྱག་ཏུ་བཟུང་ནས་བྱིན་རླབས་མཛད། འདུལ་བ་མདོ་རྩ་དང་། གསང་བ་འདུས་པའི་རྒྱ་དཔེ་དང་། འགྲོ་ཆོས་སུ་ཐུན་མོང་མ་ཡིན་པའི་སྤྱན་རས་གཟིགས་ཀྱི་སྒྲུབ་སྐོར་སོགས་སྦས་ཆོས་ཉི་ཤུ་གནང་སྟེ་ལུང་བསྟན་མང་དུ་མཛད་དེ། ཇོ་བོ་ཉིད་ཀྱི་སྐུ་མཐེ་བོང་ཙམ་སེང་ལྡེང་ལ་བྲིས་ཏེ་གའུར་བཅུག་ནས་དཔུང་བ་ལ་བཏགས། མཉེས་མཉེས་རྒྱ་ཆེན་མཛད། དེ་ནས་ཡར་བྱོན་ནས་རས་ཁྲུ་བཅུ་དྲུག་པ་གཅིག་ལ་རོ་མོ་མཁན་མཁས་པ་ཀྲིཥྞ་བྱ་བ་རྒྱ་གར་བ་ཅིག་ཡོད་པ་འདྲིར་བཅུག་ནས། སྟོད་ལ་ཇོ་བོའི་ཡི་དམ་གྱི་ལྷ་རྣམས་བྲིས། དེའི་འོག་ན་ཕར་ལ་ཇོ་བོའི་བླ་མ་བཅུ་གཉིས་པོ་བྲིས་དེ་ནས་བླ་མ་ཉིད་ཀྱི་སྐུ་ཚད་ཁྲུས་གཞལ་ཏེ་བྲིས། གཡས་གཡོན་གཉིས་ན་ཉེ་གནས་རེ་ལྡེམ་སྐུར་བྲིས། གཡས་གཡོན་གྱི་ཁ་རས་ཇོ་བོའི་མཛད་པ་རྣམས་དང་། འོག་ན་ཚུར་ཁུ་རྔོག་འབྲོམ་གསུམ་ལ་སོགས་པ་བོད་སྟོན་རྣམས་ཆོས་གྲྭའི་ཚུལ་དུ་བྲིས། དེའི་མདུན་དུ་ལོ་ཙཱ་བ་ཉིད་གསོལ་བ་འདེབས་པའི་ཚུལ་དུ་བྲིས། དེའི་རྒྱབ་ལ་ཇོ་བོའི་བསྟོད་པ་བརྒྱད་ཅུ་བ་བྲིས། རབ་གནས་མཛད་པའི་ཚེ། བླ་མ་ཉིད་དགའ་ལྡན་ནས་འབྱོན་པར་ཞལ་གྱིས་བཞེས་པས། འདི་བླ་མ་ཉིད་དང་ཁྱད་མེད་པ་ཡིན། མངས་རིས་སྐོར་གསུམ་གྱི་རྟེན་ལ་བྱིན་རླབས་ཆེ་ཤོས་ཡིན་གསུངས། དེའི་རྗེས་སུ་ཛྙཱ་ན་ཨཱ་ཀཱ་ར་དང་། བལ་བོ་ཤཱིནྟིཾ་བྷ་དྲ། ནག་པོ་དམ་ཚིག་རྡོ་རྗེ་ལ་སོགས་པ་བསྟེན་ནས་འགྱུར་ཡང་མང་དུ་མཛད་དོ། །དེ་ནས་ཇོ་བོས་ལུང་བསྟན་པ་བཞིན་སྒྲུབ་པ་མཛད་པས། ཇོ་བོ་ཡི་གེ་དྲུག་པ། སྒྲོལ་མ། འཇམ་པའི་རྡོ་རྗེ་རྣམས་ཞལ་གཟིགས། ཁོང་རང་གི་ཡི་གེ་ལས་ཀྱང་། ནག་ཚོ་བདག་ཉིད་གཅིག་པུ་མ་གཏོགས་པ། ཇོ་བོའི་སློབ་མ་གཞན་ལ་ཡོད་རེ་རྐན། །བྱ་བ་ཡོད་སྐད་དོ། །འདིའི་སློབ་མ་ལག་སོར་བ་ལ་བརྟེན་ནས་དབུས་སུ་ནག་ཚོའི་བཀའ་བརྒྱུད་ཇི་ལྟར་བྱུང་བ་ནི་འོག་ཏུ་བཤད་པར་བྱའོ། །༼བཀའ་གདམས་ཆོས་འབྱུང་ལས་བཏུས།༽