རྔོག་བློ་ལྡན་ཤེས་རབ།
དྲ་ཚིགས་དོ་དམ་པས།
འབྱུང་ཁུངས། སྤེལ་མཁན། སྤེལ་དུས།2016-10-24

ངོ་སྤྲོད་ཉུང་བསྡུས།

      མཚན། རྔོག་བློ་ལྡན་ཤེས་རབ།  འཁྲུངས་ཡུལ། ཡར་འབྲོག འཁྲུངས་འདས། ༡༠༥༩-༡༡༠༩ ཐོབ་ཐང་། ལོ་ཙཱ་བ། སློབ་སྦྱོང་། ཆུང་ངུའི་དུས་ནས་རྔོག་ལེགས་པའི་ཤེས་རབ་ཀྱི་མདུན་ནས་གསན་པ་མང་དུ་མཛད། ཁོང་གི་ལྷན་སྐྱེས་ཀྱི་ཤེས་རབ་ལ་ཁུ་བོ་ཐུགས་མཉེས་ནས་ཆེད་དུ་སློབ་གཉེར་བྱ་བར་རྒྱ་གར་དུ་བརྫངས། ཁོང་གིས་ཡུལ་དབུས་དང་ཁ་ཆེ་བཅས་སུ་ལོ་བཅུ་བདུན་རིང་མདོ་དང་སྔགས། སྒྲ་རིག་པ། ཚད་མ་རིག་པ་སོགས་ལ་དཀའ་སྤྱོད་དྲག་པོས་སྦྱོང་བ་མཐར་ཕྱིན་པར་མཛད། ལོ་ཙཱ་བ་ཕུལ་དུ་ཕྱིན་པ་ཆགས།  གསུང་རྩོམ།  བྱང་ཆུབ་ལམ་གྱི་སྒྲོན་མའི་དགོངས་པ་འགྲེལ་བ་དང་བརྒྱད་སྟོང་བའི་འགྲེལ་བ། བྱམས་ཆོས་སྡེ་ལྔའི་འགྲེལ་བ་སོགས་དང་འགྱུར་མ་མང་དུ་བཞུགས། མཛད་སྤྱོད། ཚད་མ་དང་ཕར་ཕྱིན་སོགས་གཞུང་ལུགས་མི་འདྲ་བ་སྟོང་ཕྲག་ལྷག་བསྒྱུར་བར་མཛད་ཅིང་འགྱུར་རྙིང་ལ་ཞུ་དག་ཞུས། གཞུང་ཆེན་པོའི་བཤད་པ་མཛད་ནས་སློབ་མ་ཁྲི་སྟོང་མང་བོ་བསྡུས།




རྔོག་བློ་ལྡན་ཤེས་རབ།

      རྗེ་འདི་ཉིད་རྔོག་ཆོས་སྐྱབས་ཀྱི་སྲས་སུ་རབ་བྱུང་དང་བོའི་ས་ཕག ༼སྤྱི་ལོ ༡༠༥༩༽ལོར་སྐུ་འཁྲུངས། རྔོག་ལེགས་པའི་ཤེས་རབ་ཀྱི་དབོན་དང་སློབ་མ་ཡང་ཡིན། གཞོན་ནུའི་དུས་ནས་ཁུ་བོའི་དྲུང་དུ་བྱོན་ཞིང་། ཁུ་བོ་དང་གཟུས་ཀྱི་སློབ་མ ༼སྤོ༽སྦོ་ཆུང་བ་ཚུལ་ཁྲིམས་ཤེས་རབ་གཉིས་ལས་རབ་ཏུ་བྱུང་། ཁོང་གཉིས་ལ་གསན་པ་མང་དུ་མཛད་པས་འདི་ཉིད་ཀྱི་ཤེས་རབ་ལ་ཁུ་བོ་མཉེས་ནས་དགུང་ལོ་བཅུ་བདུན་བཞེས་པའི་ཚེ་ཁ་ཆེར་སློབ་གཉེར་དུ་བརྫངས། ཁ་ཆེར་ལོ་བཅུ་བདུན་བཞུགས་ནས་ལོ་པཎ་དུ་མ་བསྟེན། མཁས་པའི་རྩེ་མོར་སོན། ཚད་མ་རྒྱན་སོགས་བསྟན་ཆོས་མང་དུ་བསྒྱུར་ཅིང་འགྱུར་རྙིང་མང་བོར་ཞུས་དག་མཛད། རྔོག་བློ་ལྡན་ཤེས་རབ་ཀྱིས་ལྷ་ས་དང་། བསམ་ཡས། གཉལ་སྒང་སོགས་སུ་གཞུང་ཆེན་པོའི་བཤད་པ་རྒྱ་ཆེར་སྤེལ་སྐབས་དགེ་འདུན་ཁྲི་སྟོང་མང་བོ་བསྡུས་པ་བཅས་མཐར་དགུང་ལོ་ལྔ་བཅུ་ང་གཅིག་པ་རབ་བྱུང་གཉིས་པའི་ས་གླང ༼སྤྱི་ལོ ༡༡༠༩༽ལོར་བསམ་ཡས་མ་རིའི་དྲུང་དུ་སྐུ་གཤེགས་སོ། །

      འདི་ཉིད་ཀྱི་འགྱུར་ལ། བཀའ་འགྱུར་ལས། འཕགས་པ་དོན་ཡོད་ཞགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་པའི་གཟུངས། དོན་ཡོད་ཞགས་པའི་རྟོགས་པའི་རྒྱལ་བོའི་ཆོ་ག བསྟན་འགྱུར་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བསྟོད་པ། དཔལ་མངོན་པར་རྟོགས་པ་ཞེས་བྱ་བའི་དཀའ་འགྲེལ། དཔལ་འཁོར་ལོ་སྡོམ་པའི་ཕྱི་རོལ་གྱི་མཆོད་པའི་ཆོ་ག དཔལ་འཁོར་ལོ་སྡོམ་པའི་གཏོར་མའི་ཆོ་ག དཔལ་འཁོར་ལོ་སྡོམ་པའི་ལག་མཆོད་ཀྱི་ཆོ་ག དེ་ཁོ་ན་ཉིད་ཀྱི་སྙིང་བོ་ཞེས་བྱ་བའི་སྒྲུབ་པའི་ཐབས། དོན་ཐམས་ཅད་གྲུབ་པ་ཞེས་བྱ་བའི་སྒྲུབ་ཐབས། ཡེ་ཤེས་འཕོ་བ་ཞེས་བྱ་བ། རྡོ་རྗེ་ཕག་མོ་དབུ་བཅད་མའི་སྒྲུབ་ཐབས་ཆུང་བ། དཔལ་རྡོ་རྗེ་རྣལ་འབྱོར་མའི་སྦྱིན་སྲེག་གི་ཆོ་ག་སོགས་མང་ངོ་། །

 

ལོ་ཙྰ་བ་བློ་ལྡན་ཤེས་རབ།

      བོད་ཀྱི་ལོ་རྒྱུས་ཐོག་སྐད་གྲགས་ཡོད་པའི་ལོ་ཙྰ་བ་ཆེན་པོ་ཞིག་སྟེ། བོད་ཀྱི་རབ་བྱུང་དང་བོའི་ས་ཕག༼༡༠༥༩༽ལོར་འཁྲུངས་ཤིང་། རབ་བྱུང་གཉིས་པའི་ས་གླང༼༡༡༠༩༽ལོར་སྐུ་གཤེགས། རྔོག་ནི་རུས་མིང་ཡིན་ཞིང་རྔོག་ལོ་ཙྰ་བ་ལེགས་པའི་ཤེས་རབ་ཀྱི་གཅུང་བོ་ཆེ་ཆུང་བཞིའི་ནང་ནས་གསུམ་པ་ཆོས་སྐྱབས་ཀྱི་སྲས་ཡིན། ཆུང་དུས་སྐུ་ངལ་ཤིན་ཏུ་ཆེ་བས་དགུང་ལོ་བཅུ་བདུན་སྐབས་ཁུ་བོ་རྔོག་ལེགས་པའི་ཤེས་རབ་ཀྱི་དྲུང་དུ་བྲོས་ནས་ལོ་གཅིག་ཙམ་བཞུགས། དེའི་ཕྱི་ལོ་ཁུ་བོས་བཀའ་སློབ་དང་མཐུན་རྐྱེན་གནང་སྟེ་རྒྱ་གར་དུ་སློབ་གཉེར་ལ་བརྫངས་པ་ལྟར་མངའ་རིས་བརྒྱུད་ནས་རྒྱ་གར་དུ་བྱོན་པའི་ལམ་གྲོགས་སུ་རྒྱ་གར་དུ་ཆོས་སློབ་པར་ཕེབས་པའི་ལོ་ཙྰ་བ་བཙན་ཁ་བོ་ཆེ། ཁྱུང་བོ་ཆོས་བརྩོན། རྭ་ལོ་ཙྰ་བ། གཉན་ལོ་ཙྰ་བ་རྣམས་མཉམ་དུ་བྱུང་། རྒྱ་གར་ཡུལ་དབུས་དང་ཁ་ཆེ་བཅས་སུ་ལོ་བཅུ་བདུན་རིང་མདོ་དང་། སྔགས། སྒྲ་རིག་པ། ཚད་མ་རིག་པ་སོགས་ལ་དཀའ་སྤྱད་འབད་བརྩོན་བློ་ཡུལ་དུ་མི་ཤོང་བ་གནང་ནས་སྦྱངས་པ་མཐར་ཕྱིན་ཏེ། དགུང་ལོ་སོ་ལྔ་བ་རབ་བྱུང་དང་བོའི་ཆུ་སྤྲེལ༼༡༠༩༢༽ལོར་བོད་དུ་ཕྱིར་ཕེབས། ཚད་མ་རིག་པ་དང་ཕར་ཕྱིན་སོགས་གཞུང་རིགས་མི་འདྲ་བ་སྟོང་ཕྲག་ཁ་ཤས་རྒྱ་གར་སྐད་ནས་བོད་སྐད་དུ་བསྒྱུར་བར་མཛད་པས། བོད་ཀྱི་ལོ་ཙྰ་བའི་ནང་ནས་གཞུང་བསྒྱུར་མང་ཤོས་དང་མཁས་ཤོས་ཡིན།      འོན་ཀྱང་ང་རྒྱལ་དང་ཁེངས་སེམས་མི་གནང་བར་སྔོན་བྱོན་བོད་ཀྱི་ལོ་ཙྰ་བ་མཁས་པ་ཉི་ཟླ་ལྟ་བུའི་དྲུང་ན་རང་ཉིད་རྒྱུ་སྐར་ཆུང་ངུ་ཞིག་གི་གྲས་སུ་ཚུད་པ་ཙམ་ཡིན་ཞེས་གསུངས། ཆོས་གསུང་བ་ལ་ཤིན་ཏུ་མཁས་པས་ཆོས་ཐེངས་རེ་གསུང་དུས་ཉན་མཁན་ཁྲི་ལྷག་དང་ཉུང་མཐར་སྟོང་ཕྲག་ལས་མི་ཉུང་བ་འདུས། ཟུར་ཁྲིད་ཀྱི་འཆད་ཉན་བྱེད་ཐུབ་པའི་སློབ་མ་རྐྱང་བ་ཡང་ཆིག་སྟོང་བརྒྱད་བརྒྱ་ཙམ་ཡོད་ཟེར། དགུང་ལོ་ང་གཉིས་པ་ལ་སྐུ་གཤེགས།   འདིའི་ལོ་རྒྱུས་ཅུང་ཟད་རྒྱས་པ་ཉི་ཐང་སྤྲུལ་སྐུ་ངག་དབང་གཞོན་ནུས་མཛད་པའི༼གསང་ཕུའི་དཀར་ཆག༽གསལ། ༼དུང་དཀར་ཚིག་མཛོད་ལས་བཏུས།༽

 

རྔོག་ལོའི་བཤད་རྒྱུད།

      རྔོག་ལོ་ཙཱ་བ་ཆེན་པོ་བློ་ལྡན་ཤེས་རབ་ནས་བརྒྱུད་པའི་ཕར་ཕྱིན་དང་། བྱམས་ཆོས། དབུ་མ། ཚད་མ། མངོན་པ་བཅས་ཀྱི་བཤད་པའི་རྒྱུན་ལ་ཟེར་ཞིང་། བཤད་རྒྱུད་དེར་འདུལ་བ་མ་གཏོགས་གཞུང་བཀའ་པོད་བཞིའི་བཤད་རྒྱུན་ཆ་ཚང་བ་ཡོད། འདིའི་སྐོར་གྱི་ལོ་རྒྱུས་ཅུང་ཟད་རྒྱས་པ་ལས་ཆེན་ཀུན་དགའ་རྒྱལ་མཚན་གྱིས་མཛད་པའི༼བཀའ་གདམས་ཆོས་འབྱུང་གསལ་བའི་སྒྲོན་མེ༽དང༼དེབ་ཐེར་སྔོན་པོ༽ལེ་ཚན༼ཆ༽པ་རྔོག་ལོ་བ་ཚབ་བརྒྱུད་པ་དང་བཅས་པ་དང་། དབུ་ཚད་བྱམས་ཆོས་སོགས་ཇི་ལྟར་བྱུང་བའི་སྐབས་གཉིས་སུ་གསལ།༼དུང་དཀར་ཚིག་མཛོད་ལས་བཏུས།༽


རྔོག་ལོ་ཆེན་པོ།

      གསང་ཕུ་བ་ཆེན་པོ་དེའི་དབོན་པོ་རྔོག་ལོ་ཆེན་པོ་བློ་ལྡན་ཤེས་རབ་ནི། ཆོས་སྐྱབས་ཀྱི་སྲས་སུ་ས་མོ་ཕག་ལ་སྐུ་འཁྲུངས། གཞོན་ནུའི་དུས་ནས་ཁུ་བོའི་དྲུང་དུ་བྱོན། ཁུ་བོ་དང་གཟུས་ཀྱི་སློབ་མ་སྤོ་ཆུང་བ་ཚུལ་ཁྲིམས་ཤེས་རབ་གཉིས་ལ་བརྟེན་ནས་རབ་ཏུ་བྱུང་སྟེ་དེ་གཉིས་ལ་གསན་པ་མང་དུ་མཛད་པས་ཁོང་གི་ཤེས་རབ་ལ་ཁུ་བོ་མཉེས་ནས། ལོ་བཅུ་བདུན་བཞེས་པའི་ཚེ་ཁ་ཆེར་སློབ་གཉེར་ལ་བརྫངས། དེའི་ཚེ་རྭ་ལོ། གཉན་ལོ། ཁྱུང་བོ་ཆོས་བརྩོན། རྡོ་སྟོན། བཙན་ཁ་བོ་ཆེ་རྣམས་དང་འགྲོགས་ནས་བྱོན་པས། མངའ་བདག་རྩེ་ལྡེས་དབུས་གཙང་ཁམས་གསུམ་གྱི་སྡེ་སྣོད་འཛིན་པ་རགས་པ་རྣམས་སྤྱན་དྲངས་ནས་མེ་ཕོ་འབྲུག་ལོའི་ཆོས་འཁོར་མཛད་པ་དང་ཐུག རྩེ་ལྡེའི་སྲས་པོ་དབང་ཕྱུག་ལྡེས་རྔོག་གི་ཡོན་བདག་བྱ་བར་ཆད་ནས་ཁ་ཆེར་བྱོན། པཎྜི་ཏ་སཛྙ་ན་དང་པ་ར་ཧི་ཏ་བྷ་དྲ་ལ་སོགས་པ་དྲུག་ཙམ་བསྟེན། བར་དུ་རྒྱགས་ཆད་ནས་ཁ་ཆེ་ནས་གསེར་སློང་བྱ་བའི་ཡི་གེ་མངས་རིས་སུ་བཏང་བ་ལས་དབང་ལྡེས་གསེར་མང་བོ་ཡང་བསྐུར། ཚད་མ་རྒྱན་སྒྱུར་ཅིག་བྱ་བའི་ཞུ་བ་བྱུང་བས། པཎྜི་ཏ་སྐལ་ལྡན་རྒྱལ་བོ་དང་། རྔོག་གིས་བསྒྱུར། དེར་ཁ་ཆེར་ལོ་བཅུ་བདུན་ཡང་དག་པར་སྦྱངས་སླར་བོད་དུ་བྱོན། བོད་དུ་ཡང་པཎྜི་ཏ་འབུམ་ཕྲག་གསུམ་པ་དང་། སུ་མ་ཏི་ཀཱིརྟི་གཉིས་ལ་ཆོས་གསན་ཞིང་བལ་བོར་ཡང་ཡུད་ཅིག་བྱོན་ནས་ཨ་རུ་ལ་བཛྲ་དང་། བ་རེནྡྲ་རུ་ཙི་ལ་སོགས་པ་ལ་སྔགས་ཀྱི་གསན་པ་ཡང་མཛད། སླར་བོད་དུ་ཕེབས་འགྱུར་མང་བོ་མཛད་པ་ཡང་དག་ཅིང་ཤིན་ཏུ་འགྱུར་བཟང་། འགྱུར་མཛད་པའི་ཚད་ནི། གྲོ་ལུང་བས། དམ་ཆོས་སྒྱུར་ལ་མངའ་བརྙེས་པ། །རྒྱལ་ཡུམ་གཉིས་དང་བསྟན་བཅོས་གཞུང་། །འབུམ་ཕྲག་གཅིག་དང་ཁྲི་ཁྲག་གསུམ། །སྟོང་ཕྲག་བདུན་ནི་ལྷག་བཅས་བསྒྱུར། །ཞེས་འབྱུང་བ་དེའོ། །ལྷ་ས་དང་བསམ་ཡས་དང་། གཉལ་སྒང་ཐོག་དང་། གཙང་རྒྱང་མཁར་དང་། ངན་ལམ་གྱི་མྱུ་གུ་སྣ་ལ་སོགས་པར་བཤད་པ་མཛད་པའི་ཚེ། མཁས་བཙུན་གྲྭ་བ་རིམ་པ་བཞིན་དུ་ལྷ་སར་ཁྲི་དང་སུམ་སྟོང་བདུན་བརྒྱ། བསམ་ཡས་དང་སྒང་ཐོག་གཉིས་སུ་སྟོང་ཚོ་བཅུ་གསུམ་རེ་དང་། རྒྱང་མཁར་དུ་ཁྲི་ཚོ་གཉིས། ངན་ལམ་དུ་དགེ་བཤེས་ཁྲི་ཚོ་གཅིག་དང་། རྣལ་འབྱོར་ཕོ་མོ་ཁྲི་ཚོ་གཉིས་ཏེ་ཁྲི་ཚོ་གསུམ་འཚོགས་སོ། །ཟུར་ཆོས་པའི་གྲངས་ཀྱང་། རྒྱན་དང་ཆོས་མཆོག་འཆད་མཁན་ལྔ་བཅུ་རྩ་ལྔ། རྣམ་ངེས་འཆད་མཁན་ཉིས་བརྒྱ་རྩ་ལྔ། ལུང་ཆོས་སྨྲ་བ་སྟོང་ལྔ་བརྒྱ་བདུན་ཅུ་དོན་ལྔ། དྲིལ་བས་ཆོས་སྨྲ་བ་སྟོང་བརྒྱད་བརྒྱ་བརྒྱད་ཅུ་རྩ་ལྔ་བྱུང་། ཚད་མ་དང་བྱམས་ཆོས་དང་། དབུ་མ་ལ་སོགས་པའི་རྣམ་པར་བཤད་པ་མང་དུ་མཛད། ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྤྱོད་པ་ཐམས་ཅད་རྫོགས་པར་སྤྱོད་པའི་སེམས་དཔའ་ཆེན་པོ་དེ་ནི་དབུས་གཙང་དུ་ལོ་བཅུ་བདུན་འགྲོ་དོན་མཛད་དེ་དགུང་ལོ་ལྔ་བཅུ་རྩ་གཅིག་བཞེས་པའི་ཚེ། བསམ་ཡས་མ་རིའི་དྲུང་དུ་ཞིང་བརྗེས་ནས་དགའ་ལྡན་ཆོས་ཀྱི་ཕོ་བྲང་དུ་ཕེབས་སོ། །གྲོ་ལུང་བ་ཆེན་པོ་བློ་གྲོས་འབྱུང་གནས་ནི། གཞོན་ནུའི་དུས་ན་ཇོ་བོ་ཡབ་སྲས་ཀྱི་ཞབས་ལ་གཏུགས་སྣང་སྟེ་ཁོང་རང་གི་བསྟན་རིམ་ལས། བདག་གིས་ཇོ་བོ་རྗེ་ལ་ཆོས་ལན་ཅིག་འཁུམས་པ་དང་། འཕགས་པ་རྟག་ཏུ་ངུའི་བརྩོན་འགྲུས་ལྟ་བུ་བྱའོ་ཞེས་གསུངས། དགེ་བཤེས་པའང་མདོར་ན་གཞན་ཅི་ཡང་མི་བསམ་པར་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་བར་བྱའོ་ཞེས་གསུངས། ཡང་སྐྱབས་འགྲོའི་སྐབས་སུ། འདི་ལ་བདག་གི་བླ་མ་ནི་མཆོད་པ་དང་བཅས་པའི་མཎྜལ་གསུམ་བྱེད་དུ་བཅུག་སྟེ། ཞེས་གསུངས་པའི་དགེ་བཤེས་དང་བླ་མ་ནི་འབྲོམ་ཉིད་ཡིན་པར་གནའ་མཆན་གྱིས་བཤད་སྣང་ངོ་། །

      སྤྱན་སྔ་ལ་ནི་རྡོ་རྗེ་ནམ་མཁའི་གོས་ཅན་མ་གསན་ཞིང་། ཁམ་པ་ལུང་བ་དང་། པོ་ཏོ་བ་ལ་ཡང་ཆོས་གསན་ཞིང་སློབ་དཔོན་ཞེས་འབོད་པ་མཛད། གཞན་ཡང་ཇོ་བོ་ནས་བརྒྱུད་པའི་ཆོས་དང་། གཞན་མདོ་སྔགས་ཀྱི་གཞུང་ཕལ་ཆེ་བ་རྔོག་ཁུ་དབོན་གཉིས་ལ་གསན་ཏེ་སྦྱངས་པས། སྔགས་མཚན་ཉིད་ལ་ཤིན་ཏུ་མཁས་ཤིང་བརྒྱད་སྟོང་བའི་འགྲེལ་བ་དང་། བྱམས་ཆོས་སྡེ་ལྔའི་འགྲེལ་བ་སོགས་ཡིག་ཆའང་མང་དུ་མཛད། ཁྱད་པར་དུ་བསྟན་པའི་རིམ་པ་ཆེ་ཆུང་གཉིས་དང་། ཇོ་བོའི་གཞུང་ཆུང་རྣམས་གཙོ་བོར་གྱུར་པའི་ཆོས་ཆུང་བརྒྱ་རྩ་ལ་དོན་གྱིས་ཁོག་འཆིང་བའི་ཊཱིཀྐ་བསྡུས་པ་ཅིག་ཀྱང་མཛད་དོ། །སྐུ་ཚེའི་སྟོད་ལ་ལོངས་སྤྱོད་ཀྱིས་ཕོངས་སེ་བྱུང་བས། གུན་པ་ལྷ་རྗེས་ཛམྦྷ་ལ་དཀར་བོའི་སྒྲུབ་སྐོར་བྱིན་པས་ལན་ཅིག་གྲོ་ལུང་པའི་དཀར་ཡོལ་གྱི་ནང་དུ་ཛམྦྷ་ལ་གཙོ་འཁོར་ལྔ་དངོས་སུ་བྱོན་པ་མི་གཞན་གྱི་མཐོང་གིས་དོགས་ནས་ཕྱག་གིས་བསྐྱོར་བས། གུན་པའི་ཞལ་ནས་དེ་ཙུག་མཛད་མི་དགོས་གཞན་གྱི་མཐོང་དོགས་མེད་གསུངས། དེ་ནས་བརྩམས་ཏེ་གྲོ་ལུང་བ་ལ་གྲྭ་ཚོགས་མང་དུ་འདུས། སྐུ་བསོད་སྐྱེས་ཏེ་བྲིན་ལྷས་ཀྱི་གཙུག་ལག་ཁང་བཏབ། དེར་རྔོག་ལོའི་ཆོས་ཁྲི་སྙིང་བོར་གྱུར་པའི་མཆོད་རྟེན་བརྩིགས། དེའི་བུམ་པར་ཟངས་ཆེན་སྟོང་བ་ཞིག་གི་ཁར་ཙན་དན་གྱི་དྲ་བས་བཀབ། དེའི་སྟེང་དུ་རྔོག་ལོའི་ཐུགས་ཟ་མ་ཏོག་ཏུ་བཞུགས། ཟངས་དེའི་ཁར་ལྷོ་ཕྱོགས་ཀྱི་བུ་ག་ནས་ཤིང་གི་ཝ་གཏད་ནས་བཞག ཕྱིས་གྲོ་ལུང་བ་དགུང་ལོ་བརྒྱད་ཅུ་པ་ལ་གཤེགས་དུས་ངའི་རིང་བསྲེལ་གང་བྱུང་མ་ཟགས་པར་མཆོད་རྟེན་གྱི་ལྷོའི་བུ་ག་ལ་སྐྱུར་ཅིག་ཅེས་ཞལ་ཆེམས་བཞག་གོ །སྐུ་གདུང་ཞུ་དུས་ཕྱག་རིན་ཚུལ་གྱི་པང་དུ་ཕྱག་གཡས་པ་དང་། ཟམ་ཁ་བའི་པང་དུ་ཐུགས་སྤུར་ཁང་ནས་ཡར་ཏེ་བྱོན། དེ་ནས་ཞལ་ཆེམས་བཞིན་རིང་བསྲེལ་རྣམས་མཆོད་རྟེན་གྱི་བུ་གར་བསྐྱུར་བས་ཟངས་གང་བ་དང་འགྲིག་པ་ཞིག་བྱུང་ཞེས་གྲགས་སོ། །བདག་ཉིད་ཆེན་པོ་འདིས་མཛད་པའི་བསྟན་རིམ་ཆེན་མོ་ནི་བྱང་ཆུབ་ལམ་གྱི་སྒྲོན་མའི་དགོངས་པ་འགྲེལ་བ་ལ་ཟླ་དང་བྲལ་བ་ཞིག་སྟེ་ཆོས་ཀྱི་རྒྱལ་བོ་ཙོང་ཁ་བ་ཆེན་པོས་ཀྱང་གྲོ་ལུང་བ་ཆེན་པོའི་བསྟན་རིམ་འདི་དང་མཇལ་བའི་ཚེ་མཆོད་པའི་བྱེ་བྲག་སྣ་ཚོགས་པས་བསུ་བ་མཛད་ཅིང་། སྐྱེས་བུ་གསུམ་གྱི་ལམ་སོ་སོའི་ངོ་བོ། གྲངས་ངེས། གོ་རིམ། སོ་སོའི་དམིགས་རྣམ་ཡིད་ལ་བྱེད་ཚུལ། བསྒོམས་པ་ལས་ཉམས་མྱོང་ཇི་ལྟར་སྐྱེ་བའི་རིམ་པ་སོགས་པ་བྱང་ཆུབ་ལམ་གྱི་རིམ་པའི་དོན་སྟོན་པ་ལ་འགྲན་ཟླ་མེད་པའི་བསྟན་བཅོས་སུ་བསྔགས་པ་མཛད་དོ། །འབྲོམ་རིན་པོ་ཆེའི་རྣམ་ཐར་ནི་ད་ལྟ་ཉིད་དུ་འཆད་པར་འགྱུར་རོ། །༼ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས་བཏུས།༽

 

དབོན་པོ་རྔོག་ལོ་ཆེན་པོ།

      ཆོས་སྐྱབས་ཀྱི་སྲས་སུ་ས་མོ་ཕག་ལ་སྐུ་འཁྲུངས། གཞོན་ནུའི་དུས་ནས་ཁུ་བོའི་དྲུང་དུ་བྱོན། ཁུ་བོ་དང་། གཟུས་ཀྱི་སློབ་མ་སྤོ་ཆུང་བ་ཚུལ་ཁྲིམས་ཤེས་རབ་གཉིས་ལ་བརྟེན་ནས་རབ་ཏུ་བྱུང་སྟེ། དེ་གཉིས་ལ་གསན་པ་མང་དུ་མཛད་པས། ཁོང་གི་ཤེས་རབ་ལ་ཁུ་བོ་མཉེས་ནས། ལོ་བཅུ་བདུན་བཞེས་པའི་ཚེ་ཁ་ཆེར་སློབ་གཉེར་ལ་བརྫངས། དེའི་ཚེ་རྭ་ལོ། གཉན་ལོ། ཁྱུང་བོ་ཆོས་བརྩོན། རྡོ་སྟོན། བཙན་ཁ་བོ་ཆེ་རྣམས་དང་འགྲོགས་ནས་བྱོན་པས། མངའ་བདག་རྩེ་ལྡེས་དབུས་གཙང་ཁམས་གསུམ་གྱི་སྡེ་སྣོད་འཛིན་པ་རགས་པ་རྣམས་སྤྱན་དྲངས་ནས། མེ་ཕོ་འབྲུག་ལོའི་ཆོས་འཁོར་མཛད་པ་དང་ཐུག རྩེ་ལྡེའི་སྲས་པོ་དབང་ཕྱུག་ལྡེས་རྔོག་གི་ཡོན་བདག་བྱ་བར་ཆད་ནས་ཁ་ཆེར་བྱོན། པཎྜི་ཏ་ས་ཛྙ་ན་དང་པ་ར་ཧི་ཏ་བྷ་དྲ་ལ་སོགས་པ་དྲུག་ཙམ་བསྟེན། བར་དུ་བརྒྱགས་ཆད་ནས་ཁ་ཆེར་གསེར་སློང་བྱ་བའི་ཡི་གེ་མངའ་རིས་སུ་བཏང་བ་ལས། དབང་ལྡེས་གསེར་མང་བོ་ཡང་བསྐུར། ཚད་མ་རྒྱན་སྒྱུར་ཅིག་བྱ་བའི་ཞུ་བ་བྱུང་བས། པཎྜི་ཏ་སྐལ་ལྡན་རྒྱལ་བོ་དང་། རྔོག་གིས་བསྒྱུར། དེར་ཁ་ཆེར་ལོ་བཅུ་བདུན་དུ་ཡང་དག་པར་སྦྱངས། སླར་བོད་དུ་བྱོན། བོད་དུ་ཡང་པཎྜི་ཏ་འབུམ་ཕྲག་གསུམ་པ་དང་། སུ་མ་ཏི་ཀཱིརྟེ་གཉིས་ལ་ཆོས་གསན་ཅིང་། བལ་བོར་ཡང་ཡུད་གཅིག་བྱོན་ནས་ཨ་ཏུ་ལ་བཛྲ་དང་། བ་རེནྡྲ་རུ་ཙི་ལ་སོགས་པ་ལ་སྔགས་ཀྱི་གསན་པ་ཡང་མཛད། སླར་བོད་དུ་ཕེབས་འགྱུར་མང་བོ་མཛད་པ་ཡང་དག་ཅིང་ཤིན་ཏུ་འགྱུར་བཟང་། འགྱུར་མཛད་པའི་ཚད་ནི། གྲོ་ལུང་བས། དམ་ཆོས་སྒྱུར་ལ་མངའ་བརྙེས་པ། །རྒྱལ་ཡུམ་གཉིས་དང་བསྟན་བཅོས་གཞུང་། །འབུམ་ཕྲག་གཅིག་དང་ཁྲི་ཁྲག་གསུམ། །སྟོང་ཕྲག་བདུན་ནི་ལྷག་བཅས་བསྒྱུར། །ཞེས་འབྱུང་བ་དེའོ། །ལྷ་ས་དང་། བསམ་ཡས་དང་། གཉལ་སྒང་ཐོག་དང་། གཙང་རྒྱལ་མཁར་དང་། ངན་ལམ་གྱི་མྱུ་གུ་སྣ་ལ་སོགས་པར་བཤད་པ་མཛད་པའི་ཚེ། མཁས་བཙུན་གྲྭ་བ་རིམ་པ་བཞིན་དུ་ལྷ་སར་ཁྲི་དང་སུམ་སྟོང་བདུན་བརྒྱ། བསམ་ཡས་དང་སྒང་ཐོག་གཉིས་སུ་སྟོང་ཚོ་བཅུ་གསུམ་རེ་དང་། རྒྱང་མཁར་དུ་ཁྲི་ཚོ་གཉིས། ངན་ལམ་དུ་དགེ་བཤེས་ཁྲི་ཚོ་གཅིག་དང་། རྣལ་འབྱོར་ཕོ་མོ་ཁྲི་ཚོ་གཉིས་ཏེ་གསུམ་འཚོགས་སོ། །ཟུར་ཆོས་པའི་གྲངས་ཀྱང་། རྒྱན་དང་ཆོས་མཆོག་འཆད་མཁན་ལྔ་བཅུ་རྩ་ལྔ། རྣམ་ངེས་འཆད་མཁན་ཉིས་བརྒྱ་ང་ལྔ། ལུང་ཆོས་སྨྲ་བ་སྟོང་ལྔ་བརྒྱ་བདུན་ཅུ་དོན་ལྔ། དྲིལ་བས་ཆོས་སྨྲ་བ་སྟོང་བརྒྱད་བརྒྱ་བརྒྱད་ཅུ་རྩ་ལྔ་བྱུང་། ཚད་མ་དང་། བྱམས་ཆོས་དང་། དབུ་མ་ལ་སོགས་པའི་རྣམ་པར་བཤད་པ་མང་དུ་མཛད། ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྤྱོད་པ་ཐམས་ཅད་རྫོགས་པར་སྤྱོད་པའི་སེམས་དཔའ་ཆེན་པོ་དེ་ནི་དབུས་གཙང་དུ་ལོ་བཅུ་བདུན་འགྲོ་དོན་མཛད་དེ་དགུང་ལོ་ལྔ་བཅུ་རྩ་གཅིག་བཞེས་པའི་ཚེ། བསམ་ཡས་མ་རིའི་དྲུང་ནས་དགའ་ལྡན་དུ་སྐུ་གཤེགས། དེ་ལྟར་ཆོས་གྲ་སྔ་ཕྱིར་མཛད་པ་རྣམས་ལས་གངས་ཅན་གྱི་ལྗོངས་སུ་སློབ་མའི་ཚོགས་མཐའ་ཡས་མོད་ནའང་། ཞང་ཚེས་སྤོང་ཆོས་ཀྱི་བླ་མ། གྲོ་ལུང་བ་བློ་གྲོས་འབྱུང་གནས། ཁྱུང་རིན་ཆེན་གྲགས། འབྲེ་ཤེས་རབ་འབར་བཞི་ལ་སྲས་ཀྱི་ཐུ་བོ་བཞིར་གྲགས། གངས་པ་ཤེའུ། གོང་བུ་ར་ཅན། ཤམ་པོ་མེད་དིག མེ་ལྷང་ཚེར། དམར་སྒས་ལང་། རྡོག་སྐྱའོ། །ཏྲེ་བོ་མཆོག་གི་བླ་མ་ལ་སོགས་པ་མང་དུ་བྱོན་ནོ། །ལོཙྪ་བ་ཉིད་ཀྱིས་ཇོ་བོའི་ཆོས་རྣམས་ཁུ་བོ་ལ་གསན་ནས་ལམ་གྱི་རིམ་པའི་བསྟན་བཅོས་ཀྱང་མཛད་དེ། ཁུ་དབོན་སློབ་བརྒྱུད་དང་བཅས་པ་རྣམས་ཇོ་བོའི་གཞུང་ལུགས་འཛིན་པ་ཡིན་ནོ། །རྔོག་ལོ་ཆེན་པོས་དབུ་མའི་མན་ངག་བདེན་ཆུང་གཉིས་ལའང་བསྡུས་དོན་རེ་མཛད་ཀྱི། དབུ་མའི་མན་ངག་ལ་འདིས་མཛད་ཟེར་བའི་ཊཱི་ཀ་རྒྱས་པ་ཅིག་སྣང་བ་ནི་གྲོ་ལུང་བའི་དཀར་ཆག་ན་མི་སྣང་ངོ་། ། ༼བཀའ་གདམས་ཆོས་འབྱུང་ལས་བཏུས།༽