ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་།
དྲ་ཚིགས་དོ་དམ་པས།
འབྱུང་ཁུངས། སྤེལ་མཁན། སྤེལ་དུས།2016-10-24

ངོ་སྤྲོད་ཉུང་བསྡུས།

      མཚན། བརྩོན་འགྲུས་གཡུང་དྲུང་།  འཁྲུངས་ཡུལ། ཡར་ལུང་། འཁྲུངས་འདས། ༡༠༡༡-༡༠༧༥ ཐོབ་ཐང་། བཀའ་གདམས་པ། སློབ་སྦྱོང་།  ཁོང་གིས་ཐོས་བརྩོན་རིམ་བཞིན་བྱས་ཏེ་བར་སྐབས་སུ་རྔོགས་ལེགས་པའི་ཤེས་རབ་དང་མཉམ་དུ་ཁམས་ཕྱོགས་མདན་མའི་ཡུལ་དུ་ཕེབས་ནས། བླ་མ་སེ་བཙུན་དང་གར་མི་ཡོན་ཏན་གཡུང་དྲུང་སོགས་ཀྱི་མདུན་དུ་མངོན་པ་སོགས་ཆོས་ཀ་མང་དུ་བསླབས་ནས་མཁས་པའི་སྙན་པ་རྒྱས། ཕྱིས་སུ་མངའ་རིས་སུ་བརྟོལ་ཏེ་ཇོ་བོ་རྗེ་ཡུན་དུ་བསྟེན་ནས་གདམས་ཟབ་མན་ངག་མང་དུ་གསན། ཁྱད་པར་དུ་ཕ་རོལ་ཏུ་ཕྱིན་པའི་གདམས་པ་དང་། གཤིན་རྗེའི་མན་ངག་ལ་རྩལ་ཐོན། ཁུ་རྔོག་འབྲོམ་གསུམ་ཞེས་ད་ལྟའི་བར་དུ་མཁས་གྲུབ་ཀྱི་སྙན་པ་མ་ཉམས་པར་བཞུགས་པ་འདི་ཀའོ། །གསུང་རྩོམ། བོད་ཀྱི་ལོ་རྒྱུས་ལོག་གནོན་ཆེན་མོ་ཞེས་པ་ཞིག་ཡོད་པར་གྲགས། མཛད་སྤྱོད། རང་གི་བླ་མ་དམ་པ་དཔལ་ལྡན་ཨ་ཏི་ཤ་ཐང་པོ་ཆེ་རུ་སྤྱན་དྲངས་ནས་སྐལ་ལྡན་སློབ་ཚོགས་ལ་ཆོས་ཀྱི་འཁོར་ལོ་བསྐོར་དུ་བཅུག མ་ཟད་ཁོང་གིས་སྙེ་ཐང་དུ་ཕར་ཕྱིན་བཤད་པས་ཆོས་ཉན་སྟོང་ཙམ་འདུས་པ་བྱུང་། སློབ་མ་དྭགས་པོ་དབང་རྒྱལ་དང་པོ་ཏོ་བ། ཁྲི་བཟང་འབར། བྲང་ཏི་དར་མ་སྙིང་བོ་སོགས་མང་དུ་བསྐྱངས། ལྷག་པར་དུ་ཆོས་མངོན་པའི་བཤད་རྒྱུན་རྒྱ་ཆེར་སྤེལ།




༡༽ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་།

      ཇོ་བོ་རྗེའི་སློབ་མ་གཙོ་བོ་ཁུ་རྔོག་འབྲོམ་གསུམ་གྱི་ཡ་གྱལ། འདི་ཉིད་ཁུའི་རིགས་སུ་བོད་ལྕགས་ཕག ༼སྤྱི་ལོ ༡༠༡༡༽ལོར་སྐུ་འཁྲུངས། གྲུ་མེར་ཚུལ་ཁྲིམས་འབྱུང་གནས་ལས་རབ་ཏུ་བྱུང་། ཐོག་མར་མདོ་ཁམས་འདན་མའི་ཡུལ་དུ་བླ་མ་སེ་བཙུན་གྱི་སྐུ་མདུན་ནས་ཆོས་ཞུ་སྐབས་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་དང་རྔོག་ལེགས་པའི་ཤེས་རབ་དང་མཇལ་ཏེ་ཁུ་རྔོག་འབྲོམ་གསུམ་ཞེས་པའང་དེ་དུས་གྲགས་པ་ཡིན། ཇོ་བོ་རྗེ་དབུས་སུ་ཕེབས་སྐབས་ཁུ་སྟོན་གྱིས་ཇོ་བོ་ཁོང་གི་བཞུགས་གནས་ཐང་པོ་ཆེར་གདན་དྲངས་ཏེ་ཟླ་གཅིག་ཙམ་བཞུགས། འོན་ཀྱང་དེའི་རིང་ཞབས་ཏོག་ཚུལ་བཞིན་དུ་མ་བྱུང་བས་ཇོ་བོ་དཔོན་སློབ་རྣམས་དེ་ནས་གསང་སྟབས་ཀྱིས་ཞལ་གྱེས་ཏེ་མྱང་བོའི་གྲུ་ལ་ཞུགས་ནས་གཙང་བོའི་སུམ་ཆ་ཙམ་དུ་ཕེབས་པ་ན་ཁུ་སྟོན་རྗེས་སྙེག་ཏུ་བྱོན་ཏེ་ཁོང་གི་སར་ཡང་བསྐྱར་ཕྱིར་ལོག་ཏུ་བྱོན་པའི་རེ་བ་ཞུས་ཀྱང་ཞལ་གྱིས་མ་བཞེས་པར་དབུ་ཞྭ་ཕྱིར་འཕངས་ནས་བྱིན་རླབས་ཀྱི་རྟེན་དུ་གནང་། ཁུ་སྟོན་ཐང་པོ་ཆེར་བཞུགས་ནས་ཕར་ཕྱིན་གྱི་བཤད་པ་མཛད། གྲྭ་བོ་མང་དུ་འཕེལ། རྗེས་སུ་འདི་དང་རྔོག་ལེགས་པའི་ཤེས་རབ་གཉིས་ཀྱིས་ཇོ་བོའི་དྲུང་ནས་གསང་ཆོས་བཀའ་གདམས་གླེགས་བམ་ཞུགས་པ་ལས་བཀའ་གདམས་བུ་ཆོས་སུ་གྲགས་པ་ལགས། མཐར་རབ་བྱུང་དང་བོའི་ཤིང་ཡོས ༼སྤྱི་ལོ ༡༠༧༥༽ལོར་སྐུ་གཤེགས།

 
༢༽ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་།

      ཁོང་ནི་རབ་བྱུང་མ་ཚུགས་གོང་གི་ལྕགས་མོ་ཕག་ལོ་སྟེ་སྤྱི་ལོ ༡༠༡༡ ལོར་སྐུ་འཁྲུངས། རབ་བྱུང་དང་བོའི་ཤིང་མོ་ཡོས་ལོ་སྟེ་སྤྱི་ལོ ༡༠༧༥ ལོར་སྐུ་གཤེགས། ཁོང་དང་རྔོག་ལེགས་པའི་ཤེས་རབ་དང་། འབྲེ་ཆེན་པོ་ཤེས་རབ་འབར་རྣམས་འགྲོགས་ནས་ཁམས་སུ་ཕེབས་ཏེ་ཇོ་བོ་སེ་བཙུན་གྱི་ཞབས་ལ་གཏུགས་ཏེ་ཆོས་མང་དུ་གསན་པར་མཛད། དེ་ནས་མཁས་པར་གྱུར་ཏེ་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་མངའ་རིས་སུ་ཕེབས་པའི་ཕྱི་ལོ་ལ་དབུས་སུ་ཆིབས་བསྒྱུར་མཛད། དེ་ནས་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་ཞབས་ལ་གཏུགས་ཤིང༼བྱང་ཆུབ་ལམ་སྒྲོན༽གཙོ་མཛད་པའི་མདོ་སྔགས་ཀྱི་ཆོས་སྐོར་མང་དུ་གསན་པར་མཛད། དེ་ནས་ཐང་པོ་ཆེར་བྱོན་ཏེ་བཞུགས་པར་མཛད། སློབ་མ་རྣམས་ལ་ཕར་ཕྱིན་གྱི་འཆད་ཉན་མཛད། གྲྭ་བ་ཡང་མང་དུ་འདུས། དྭགས་པོ་དབང་རྒྱལ་གྱིས་ཀྱང་ཁོང་གི་ཞབས་ལ་གཏུགས་ཤིང་ཕར་ཕྱིན་ལེགས་པར་སྦྱོང་བ་མཛད། དུས་ཕྱིས་སུ་ཁོང་དང་ཚད་མ་རྙིང་བ་ལ་ཤིན་ཏུ་མཁས་པའི་ཁྱུང་བོ་གྲགས་སེ་གཉིས་ཀྱིས་ལྕགས་པོ་རི་དང་དམར་བོ་རི་གཉིས་ལ་ཕེབས་ཏེ་འགྲན་བཤད་མཛད་ཟེར། དེ་ནས་བསྟན་འགྲོའི་དོན་ཆེན་ལེགས་པར་གྲུབ་སྟེ། དགུང་ལོ་དྲུག་ཅུ་རྩ་ལྔ་བར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་གིས་གདན་ས་དབོན་པོ་འབྱུང་གནས་རྒྱལ་མཚན་ལ་གཏད་པ་མཛད། ཁོང་ནི་ཁུ་རྔོག་འབྲོམ་གསུམ་ཞེས་པའི་སྙན་གྲགས་ཆེ་བའི་ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་དེ་བ་ཡིན་ནོ། །༼ཡོང་ཁུངས། བོད་རིག་པའི་དྲ་བ།༽

 
༣༽ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་།

      དབུས་ཀྱི་སློབ་མའི་གཙོ་བོ་ཁུ་རྔོག་འབྲོམ་གསུམ་གྱི་ནང་ནས་དགེ་བཤེས་ཁུ་སྟོན་ནི༼༡༨༨༽ཡུལ་ཡར་ལུང་། མཚན་བརྩོན་འགྲུས་གཡུང་དྲུང་། ལྕགས་མོ་ཕག་ལ་སྐུ་འཁྲུངས་ཏེ་ནག་ཚོ་དང་འཁྲུངས་ལོ་གཅིག ཁོང་དང་རྔོག་ལེགས་པའི་ཤེས་རབ་བང་སྟོན་གསུམ་ཁམས་སུ་བྱོན་ཏེ། ཇོ་བོ་སེ་བཙུན་ལས་ཆོས་མང་དུ་གསན། གར་མི་ཡོན་ཏན་གཡུང་དྲུང་ལས་མངོན་པ་བསླབས་ཏེ་མཁས་པར་གྱུར། ཀླུ་མེས་ཐམས་ཅད་ཀྱི་གནས་བརྟན་མཛད། དེའི་དུས་སུ་ཁོང་ལ་མི་ཆེ་བ་མེད་པ་ཡིན་པ་ལ། དགེ་བཤེས་སྟོན་པས་དབུས་ཀྱི་མི་ཆེན་རྣམས་ལ་གནང་བའི་བཀའ་ཤོག་ན་ཁུའི་མཚན་མ་ཆུད་པས། ཐུགས་རྒྱལ་སྐྱེས་ཏེ་ཇོ་བོ་ང་རང་གིས་ཐོབ་པ་ཅིག་བྱའོ་སྙམ་ནས་སྔོན་ལ་ལྕག་བཏབ་སྟེ་བྱོན་པས། གཞན་རྣམས་ཀྱིའང་བསྐུལ་མར་གྱུར་ཏེ། ཞང་རོམ་གྱི་ཞལ་ནས། ཁུ་མ་ཚུད་པ་དེ་གོ་བཅད་གསུངས་ཏེ། དེ་ཡང་དགེ་བཤེས་སྟོན་པ་དཀྱེལ་ཆེ་བའི་ཡོན་ཏན་ཡིན། དགེ་བཤེས་དེས་ཇོ་བོ་ཡུན་དུ་བསྟེན་ནས་གདམས་པ་མང་དུ་གསན། ཁྱད་པར་དུ་ཕ་རོལ་ཏུ་ཕྱིན་པའི་གདམས་པ་དང་། གཤིན་རྗེའི་མན་ངག་ལ་རྩལ་ཐོན། ཐང་པོ་ཆེར་སྤྱན་དྲངས་ཏེ་ཆོས་ཀྱི་འཁོར་ལོ་བསྐོར། སྙེ་ཐང་དུ་ཁུས་ཕར་ཕྱིན་བཤད་པས་ཆོས་ཉན་སྟོང་ཙམ་འདུས་པ་བྱུང་། མཐར་དགུང་ལོ་དྲུག་ཅུ་རྩ་ལྔ་བཞེས་པ་ཤིང་མོ་ཡོས་ལ་གཤེགས་སོ། །༼ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས་བཏུས།༽

 
༤༽ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་།

      ཡུལ་ཡར་ལུང་། མཚན་བརྩོན་འགྲུས་གཡུང་དྲུང་། ལྕགས་མོ་ཕག་ལ་སྐུ་འཁྲུངས་ཏེ་ནག་ཚོ་དང་འཁྲུངས་ལོ་གཅིག ཁོང་དང་རྔོག་ལེགས་པའི་ཤེས་རབ་བང་སྟོན་གསུམ་ཁམས་ས་སུ་བྱོན་ཏེ། ཇོ་བོ་སེ་བཙུན་ལས་ཆོས་མང་དུ་གསན། གར་མི་ཡོན་ཏན་གཡུང་དྲུང་ལས་མངོན་པ་བསླབས་ཏེ་མཁས་པར་གྱུར། ཀླུ་མེས་ཐམས་ཅད་ཀྱི་གནས་བརྟན་མཛད། དེའི་དུས་སུ་ཁོང་ལས་མི་ཆེ་བ་མེད་པ་ཡིན་པ་ལ། དགེ་བཤེས་སྟོན་པས་དབུས་ཀྱི་མི་ཆེན་རྣམས་ལ་གནང་བའི་བཀའ་ཤོག་ན་ཁུའི་མཚན་མ་ཚུད་པས། ཐུགས་རྒྱལ་སྐྱེས་ཏེ། ཇོ་བོ་ང་རང་གིས་ཐོབ་པ་ཅིག་བྱའོ་སྙམ་ནས་སྔོན་ལ་ལྕག་བཏབ་སྟེ་བྱོན་པས། གཞན་རྣམས་ཀྱིའང་བསྐུལ་མར་གྱུར་ཏེ། ཞང་རོམ་གྱི་ཞལ་ནས། ཁུ་མ་ཚུད་པ་དེ་གོ་བཅད་གསུང་སྟེ། དེ་ཡང་དགེ་བཤེས་སྟོན་པ་དཀྱེལ་ཆེ་བའི་ཡོན་ཏན་ཡིན། ཇོ་བོ་དང་མཇལ་མ་ཁད་དུ། དཀོན་ཅོག་གསུམ་མཆོད་ངོ་བོ་གཉིས་མེད་སྒོམ། །བྱ་བའི་གདམས་ངག་དེ་གསུང་སྐད། །དེའི་དུས་སུ་ཁུ་སྟོན་ན་རེ། སྟོན་པ་ལ་ཁྱོད་བོད་ཀྱི་མི་ཆེན་རྣམས་ཀྱི་གསེབ་ཏུ་ང་མི་འཇུག་པ་ཟེར་བས། ལེགས་པའི་ཤེས་རབ་ལ་སོགས་པ་བྱ་བའི་སོགས་ཁོང་ན་བདོག་པ་ཞུས་པས། སོགས་ཁོངས་སུ་འཇུག་པའི་མི་དེ་ང་ཡིན་ནམ་ཟེར་ནས། དེ་བས་ཀྱང་མ་མཉེས་ནས། ཁོང་དགེ་བཤེས་སྟོན་པ་ལ་ནན་ཏར་མི་མགུ་སྐད། ཇོ་བོ་ཡུན་དུ་བསྟེན་ནས་གདམས་པ་མང་དུ་གསན། ཁྱད་པར་དུ་ཕ་རོལ་ཏུ་ཕྱིན་པའི་གདམས་པ་དང་། གཤིན་རྗེའི་མན་ངག་ལ་རྩལ་ཐོན། ཐང་པོ་ཆེར་སྤྱན་དྲངས་ཏེ་ཆོས་ཀྱི་འཁོར་ལོ་བསྐོར། སྙེ་ཐང་དུ་ཁུས་ཕར་ཕྱིན་བཤད་པས་ཆོས་ཉན་སྟོང་ཙམ་བྱུང་། དགེ་བཤེས་ལོ་ཙཱ་བས་ཕྱེ་གཏོར་བས། ཤེར་ཕྱིན་འདི་ལ་ཨ་པོ་ཁུ་སྟོན་རང་ཡིན་གསུང་སྐད། དྭགས་པོ་དབང་རྒྱལ་གྱིས་ཀྱང་ཁོང་ལ་ཕར་ཕྱིན་བསླབས། པོ་ཏོ་བས་ཀྱང་ཁོང་ལ་སྡེ་སྣོད་གསན། སློབ་མར་ཁྲི་བཟང་འབར། དེའི་སློབ་མ་བྲང་ཏི་དར་མ་སྙིང་པོ་སྟེ་འདི་ལ་བརྟེན་ནས་ཆོས་མངོན་པའི་བཤད་ཉན་དར་རྒྱས་ཆེ་བར་བྱུང་ངོ་། །དགུང་ལོ་དྲུག་ཅུ་རྩ་ལྔ་བཞེས་པ་ཤིང་མོ་ཡོས་ལ་གཤེགས་ཞེས་ཁ་ཅིག་བཞེད་ལ། དགྱེར་ཁུ་དབོན་གྱི་སློབ་མ་སྟོན་པ་ཚེ་མའི་གསུང་ལས་ནི། ཁུ་མི་ཆེ་ལ་མངའ་ཐང་དང་སྐུ་བསོད་ཀྱིས་དེ་དུས་ན་གཙོ་ཆེ་བར་བགྲང་ཡང་། ཉིད་ཀྱི་ཚེ་སྟོད་ལས་མ་ཐུབ་ཅེས་གསུངས་པ་ལྟར་ན། ཇོ་བོ་གཤེགས་ནས་ཡུན་རིང་དུ་མ་བཞུགས་པ་འདྲ་བས་དཔྱད་པར་བྱའོ། །ཁུས་མཛད་པའི་ལོ་རྒྱུས་ཆེན་མོ་བྱ་བ་ཞིག་ཀྱང་ཡོད་པར་གྲགས་སྣང་ངོ་། །དེ་ནས་གདན་ས་དབོན་པོ་འབྱུང་གནས་རྒྱལ་མཚན་གྱིས་བཟུང་ངོ་། ། ༼བཀའ་གདམས་ཆོས་འབྱུང་ལས་བཏུས།༽

 
༥༽ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་།

      ཇོ་བོ་རྗེ་ཨ་ཏི་ཤའི་སློབ་མའི་གཙོ་བོ་ཁུ་རྔོག་འབྲོམ་གསུམ༼༡.ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་། ༢.རྔོག་ལེགས་པའི་ཤེས་རབ། ༣.འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས༽གྱི་ནང་གསེས། མཚན་གཞན་དགེ་བཤེས་ཁུ་ཆེན་ཡང་ཟེར། རབ་བྱུང་དང་བོའི་གོང་གི་ལྕགས་ཕག༼༡༠༡༡༽ལོར་ཡར་ལུང་དུ་སྐུ་འཁྲུངས། དགེ་བཤེས་ནག་ཚོ་ལོ་ཙཱ་བ་དང་དགུང་མཉམ་ཡིན། གྲུ་མེར་ཚུལ་ཁྲིམས་འབྱུང་གནས་ཀྱི་དྲུང་དུ་རབ་ཏུ་བྱུང་། དགེ་བཤེས་གྲྭ་བ་མངོན་ཤས་ལ་ཡང་ཆོས་འགའ་ཞིག་གསན། རྗེས་སུ་རྔོག་ལེགས་པའི་ཤེས་རབ་དང་། འབྲེ་ཤེས་རབ་འབར་གཉིས་དང་མཉམ་དུ་བར་ཁམས་ལྡན་ཀློང་ཐང་དུ་བྱོན་ནས་བླ་མ་སེ་བཙུན་གྱི་སློབ་མ་མཛད་དེ་ཆོས་མང་དུ་གསན། འབྲོམ་སྟོན་པ་ཇོ་བོ་རྗེ་ཨ་ཏི་ཤ་མཇལ་བར་མངའ་རིས་སུ་ཕེབས་པའི་ཕྱི་ལོ་དབུས་སུ་ཕེབས། ཐང་པོ་ཆེར་བཞུགས་ནས་མཚན་ཉིད་ཀྱི་བཤད་པ་མཛད་པས་སློབ་མ་མང་དུ་བྱུང་ཞིང་། དྭགས་པོ་དབང་རྒྱལ་གྱིས་ཁོང་གི་དྲུང་དུ་ཕར་ཕྱིན་གསན། ཇོ་བོ་རྗེ་ཨ་ཏི་ཤ་འབྲོམ་སྟོན་པས་དབུས་སུ་གདན་དྲངས་སྐབས་ཕེབས་བསུར་རྟ་བ་མང་བོ་དང་བཅས་ཏེ་བསུ་བ་ཞུ་མཁན་ཚང་མའི་སྔོན་ལ་ཕེབས་ནས་ཐང་པོ་ཆེར་གདན་དྲངས། རྗེས་སུ་འབྲོམ་སྟོན་པས་ཁུ་སྟོན་གྱིས་མ་མཁྱེན་པ་མཛད་དེ་ལྐོག་ཏུ་བསམ་ཡས་དང་སྙེ་ཐང་དུ་གདན་དྲངས་པས་འབྲོམ་སྟོན་པར་ཤིན་ཏུ་མ་མཉེས། དེ་ནས་འབྲོམ་སྟོན་པས་མངོན་ལྐོག་གང་སར་དགེ་བཤེས་ཁུ་སྟོན་ཆེན་པོར་བསྔགས་བརྗོད་ཡང་ཡང་མཛད་པ་གསན་ནས་ཇོ་བོ་རྗེ་དང་འབྲོམ་སྟོན་པར་དགོངས་སེལ་ཞུ་བར་ཐང་པོ་ཆེ་ནས་བྲག་ཡེར་པ་བར་ཞབས་ཐང་གིས་ཕེབས། འབྲོམ་སྟོན་པ་དང་མཇལ་མ་ཐག་སྐུ་ཕྱག་ཕུལ་ནས་བཟོད་གསོལ་མཛད་དེ་དེ་ནས་བཟུང་འབྲོམ་སྟོན་པ་ལ་གུས་བཀུར་གཞན་དང་མི་འདྲ་བ་གནང་། མཐར་དགུང་ལོ་རེ་ལྔ་བ་རབ་བྱུང་དང་བོའི་ཤིང་ཡོས༼༡༠༧༥༽ལོར་སྐུ་གཤེགས། དགེ་བཤེས་ཆེན་པོ་འདིས་མཛད་པའི་བོད་ཀྱི་ལོ་རྒྱུས༼ལོག་གནོན་ཆེན་མོ༽ཞེས་ཁ་བྱང་དུ་འཁོད་པ་ཞིག་དཔའ་བོ་གཙུག་ལག་ཕྲེང་བས་གཟིགས་མྱོང་ཚུལ༼ཆོས་འབྱུང་མཁས་པའི་དགའ་སྟོན༽བོད་ཀྱི་རྒྱལ་རབས་ཀྱི་མཇུག་ཏུ་གསུངས་འདུག་ན་ཡང་། དེང་སང་དེའི་དཔེ་རྒྱུན་གཏན་ནས་མ་རྙེད། འདིར་བཀོད་པའི་ལོ་རྒྱུས་ནི༼དེབ་སྔོན༽དེབ་གཟུགས་ལྕགས་དཔར་མ་སྟོད་ཆའི་ཤོག་གྲངས ༡༢༢ ནས ༡༢༣ བར་གསལ་བ་ནས་དྲངས་པ་ལགས། ༼དུང་དཀར་ཚིག་མཛོད་ལས་བཏུས།༽