འབྲོག་པའི་མཚེར་ས་དང་མནའ་སྒྲིག་ཚུལ།
ནམ་མཁའི་ནོར་བུ།
འབྱུང་ཁུངས།ཁམས་པའི་འཛུམ་རིས། སྤེལ་མཁན། སྤེལ་དུས།2019-05-22

      འབྲོག་པ་རྣམས་ལ་དབྱར་དགུན་སྟོན་དཔྱིད་ཀྱི་དུས་སོ་སོར་མཚེར་ས་སོ་སོར་ཡོད་འདུག་ཅིང་། དེ་ཡང་དབྱར་དུས་སུ་འབྲོག་སྡེ་རུ་ཤོག་སོ་སོས་རུ་བསྐོར་ཆེ་ཆུང་སྣ་ཚོགས་བྱས་ཏེ་སྤང་ཐང་ཡུལ་ཁག་སོ་སོའི་ཁོངས་གཏོགས་ཀྱི་ས་མཚམས་སམ། འགའ་ཤས་ལ་རུ་ཤོག་སོ་སོར་སྒེར་དབང་གི་ས་མཚམས་ཡོད་འདུག་པ་ཙམ་ལས་མི་ཚང་སོ་སོར་སྒེར་དབང་གི་ས་ཆ་ཡོད་སྲོལ་མི་འདུག  སྟོན་དུས་ནི་འབྲོག་མིའི་ཁ་དཔེར་སྟོན་འོ་ཕྱེད་མར་ཕྱེད་ཅེས་སུ་གྲགས་པ་བཞིན་འབྲོག་པ་ཚོས་ཤེ་གསོག་འཇོག་བྱེད་པའི་དུས་ཚིགས་ཁྱད་པར་ཅན་ཞིག་ཡིན་པར་བརྟེན། སྒོ་ཕྱུགས་རྣམས་གཟས་བུངས་ཆེ་ཞིང་གཟས་ཐག་ཐུང་བའི་གནས་ཡུལ་དག་ལ་བརྟེན་དགོས་པ་ལྟར། རུ་ཤོག་སོ་སོར་སྟོན་མཚེར་ཞེས་བྱ་བ་དབྱར་དུས་སུ་རྩ་ཁ་མ་བཅད་པ་དང་ས་ཆའི་བབས་ཀྱང་དབྱར་ས་ལས་ཅུང་ཟད་དམའ་ཞིང་། ཆར་རླུང་གིས་མི་སྡང་བའི་དྲོད་ཁུང་ཅན་དག་ཡོད་པ་རེད། 
      དེ་དག་གི་ནང་ནས་གལ་གནད་ཆེས་ཆེ་ཤོས་ནི་དགུན་མཚེར་ཞེས་བྱ་བ་དགུན་དུས་ཀྱི་གནས་ཡུལ་དག་ཡིན་ཏེ། དེ་ནི་ཤོག་ཁག་སོ་སོར་སྒེར་བདག་གི་མཚེར་ས་ཡོད་པར་མ་ཟད་མི་ཚང་ཕལ་ཆེ་བར་སྒེར་དབང་གི་མཚེར་ས་བཟང་པོ་རེ་ཡོད་པ་རེད། དབྱར་སྟོན་གྱི་དུས་གཉིས་སུ་རང་གཞན་མཆོག་དམན་གཞིས་བྱེས་སུ་ཞིག་གིས་ཀྱང་དགུན་མཚེར་གྱི་རིགས་རྣམས་སུ་སྒོ་ཕྱུགས་ཆེ་ཕྲ་མཐའ་དག་མངགས་གཏོང་བྱེད་མི་ཆོག་ཅིང་། གལ་ཏེ་སུ་ཞིག་གིས་དེར་སྒོ་ཕྱུགས་ཤིག་མངགས་གཏོང་བྱས་པ་ཡིན་ན། དཔྱིད་དུས་སུ་དགུན་མཚེར་དེར་གནས་པའི་མི་ཚང་དེའི་སྒོ་ཕྱུགས་ཇི་ཙམ་མུག་ཤིར་འགྱུར་བ་དེ་སྙེད་ཀྱི་རྐྱེན་འགན་འཁུར་དགོས་པ་དང་། འགའ་ཤས་ཀྱིས་སྒོ་ཕྱུགས་ཤི་གོད་གྱུར་པའི་སྟོང་འཇལ་དུ་ཕྱུགས་ལུག་དུ་མ་ཤོར་བའི་ལོ་རྒྱུས་ཀྱང་མང་དུ་སྣང་ངོ་། དགུན་མཚེར་གྱི་ས་ཆའི་བབས་ནི་སྤང་ཐང་གི་གོབ་དང་།རིའི་འདབ་བམ། ལུང་པའི་ཉིན་ཁུག་སོགས་དྲོད་ཁུང་ཆེས་ཆེ་ཞིང་། ཁ་ཆར་དང་བུ་ཡུག་གིས་སྡང་ཟུག་ཆུང་བའི་གནས་རྣམས་སུ་ཆགས་ཡོད་འདུག་ཅིང་། དེ་དག་ཏུ་ཕྱུགས་ལྕི་བརྩེགས་པའི་ར་བ་མཐོ་དམན་དུ་སྐྱེས་བུ་ཆེ་ཚད་ཙམ་པ་རྒྱ་མི་ཆུང་བ་དག་ཀྱང་བཟོས་འདུག་པ་དེ་དག་ནི་སྒོ་ཕྱུགས་ལ་རླུང་སེར་དང་བུ་ཡུག་གི་གནོད་པ་སྐྱོབས་ཆེད་ཡིན་པར་མ་ཟད་དགུན་དུས་གྲང་ངར་ཆེས་ཆེ་བའི་དུས་སྒོ་ཕྱུགས་ལ་ལྕེ་སྤྱང་གི་འཚེ་བ་ལྷག་ཙམ་འབྱུང་ལས་བསྲུང་སླ་བའི་ཆེད་དུའང་ཡིན་པ་རེད། དཔྱིད་དུས་ནི་འབྲོག་པ་རྣམས་དཀའ་ངལ་ཆེ་བའི་དུས་ཤིག་ཡིན་ཏེ། འབྲོག་པའི་སྒོ་ཕྱུགས་ཤ་ཤུགས་ཧ་ཅང་ཞན་པས་གཟས་ཐག་རིང་པོར་འགྲོ་མི་ནུས་ཤིང་། སྐབས་འགར་དཔྱིད་ཞོད་ཅེས་བྱ་བ་ཁ་ཆར་ཉིན་མང་དུ་བབས་ཏེ་སྒོ་ཕྱུགས་བརྒྱ་ཕྲག་མང་པོ་མུག་ཤིར་ཤོར་གྱི་ཡོད་པ་རེད། དེར་བརྟེན་དཔྱིད་ཀྱི་གནས་ཡུལ་དཔྱིད་མཚེར་ནི་དགུན་མཚེར་དང་ཤིན་ཏུ་ཁད་ཉེ་བའི་ས་ཆ་དགུན་དུས་གངས་འོག་ཏུ་ཡོད་པའི་རྩ་ཁ་རིམ་གྱིས་གངས་ཁར་ཐོན་པའི་གནས་རྣམས་སུ་ཆགས་ཡོད་པ་རེད། 
      སྤྱིར་བཏང་འབྲོག་མི་རྣམས་འདྲིས་ཟིན་པའི་རྗེས་སུ་ཡིད་བརྟན་ཆོག་པའི་གྲོགས་པོར་འགྱུར་བ་ནི་འབྲོག་མིའི་ཁྱད་ཆོས་ཐུན་མོང་མ་ཡིན་པ་ཞིག་རེད། འོན་ཀྱང་འབྲོག་མིའི་གྲོགས་པོ་ཞེས་པ་དེ་ཕན་ཚུན་ངོ་ཤེས་པའམ་ཡུན་དུ་འདྲིས་པ་ཙམ་གྱིས་མི་ཆོག་ཅིང་། འབྲོག་མི་དག་གིས་མནའ་འཇོག་ཅེས་བྱ་བའི་གྲོགས་པོ་ཐུན་མོང་མ་ཡིན་པ་ཞིག་བྱེད་སྲོལ་ཡོད་པ་རེད། དེ་ཡང་མི་སྡེ་དང་མི་སྡེའི་བར་གྱི་མནའ་འཇོག་གལ་ཆེའི་རིགས་བྱེད་དགོས་པའི་ཚེ། ཀོ་དམར་ཁྲག་བརྫིས་ཞེས་བྱ་བའི་མནའ་འཇོག་སྲོལ་ཡོད་འདུག་ཅིང་། དེའི་སྤྱོད་ཚུལ་ནི། ཡུལ་སྡེའམ་ཤོག་ཁག་ཕན་ཚུན་གྱི་རྒན་པོ་རྣམས་གནས་ཤིག་ཏུ་ལྷན་དུ་འདུས་ཤིང་། གཡག་གི་ཀོ་བ་རློན་པ་ཁྲག་དམར་དང་བཅས་པ་ཞིག་ཐང་མར་བརྡལ་བའི་སྟེང་དུ་རྒན་པོ་ཇི་ཙམ་ཡོད་པ་དེ་ཐམས་ཅད་ཀྱིས་རྐང་པ་རྗེན་པས་མཉམ་དུ་བརྫི་ཞིང་། ལག་གཡས་ཀྱི་མཛུབ་མོ་རྣམས་ལྕགས་ཀྱུ་ལྟར་བཀུག་པ་ཕན་ཚུན་བསྣོལ་ནས་སྐབས་ཀྱི་བརྗོད་བྱའི་དོན་གང་ཡིན་གསལ་པོར་སྨོས་རྗེས་ཇི་སྲིད་གནམ་མ་འཇིགས་མ་སྟོང་གི་བར་དུ་མི་འགལ་ཞེས་རྒན་པོ་རེ་རེ་བཞིན་བརྗོད་ཅིང་། ཡུལ་སྡེ་སོ་སོའི་ཡུལ་ལྷ་གཞི་བདག་རྣམས་དཔང་དུ་འཛུགས་སྲོལ་ཡོད་པ་རེད། མནའ་དེ་ནི་ཧ་ཅང་ཚབས་ཆེར་བརྩི་ཞིང་། མནའ་དེ་བཞག་ཟིན་པའི་རྗེས་སུ་མནའ་ཁོངས་སུ་གཏོགས་པའི་མི་སུས་ཀྱང་འགལ་བར་མི་བྱ་ཞིང་། གལ་ཏེ་མི་ཞིག་གིས་འགལ་བ་བྱས་པ་ཡིན་ན། འགལ་བ་བྱེད་མཁན་གྱི་མི་དེའི་ནང་དང་། དེའི་ཤོག་ཁག་བཅས་ལ་ཡུལ་གྱི་གཞི་བདག་གིས་མི་ཤེས་པའི་བཀའ་ཆད་གཏང་བའི་ཡིད་ཆེས་བྱེད་པ་དང་། དེར་མ་ཟད་འགལ་བ་བྱེད་མཁན་དེ་ནི་ཤོག་ཁག་ཕན་ཚུན་ཚང་མའི་སྤྱི་དགྲར་འགྱུར་བ་ཡིན་འདུག
      འབྲོག་མི་རེ་རེ་བཞིན་ཕན་ཚུན་མནའ་འཇོག་པའི་ཚེ། མཛུབ་མོ་བཀུག་ཅེས་བྱ་བའི་མནའ་འཇོག་ཅིང་། དེ་ཡང་གྲོགས་པོ་སྒྲིག་མཁན་ཕན་ཚུན་གཉིས་ཀྱི་ལག་གཡས་པའི་མཛུབ་མོ་གཉིས་ལྕགས་ཀྱུ་ལྟར་བཀུག་པ་བསྣོལ་ནས་དགོས་བྱའི་དོན་གང་ཡིན་བརྗོད་རེས་བྱེད་པ་དེ་ཙམ་གྱིས་འཐུས་ཀྱི་ཡོད་པ་རེད། མནའ་འཇོག་པའི་དགོས་གནས་གལ་ཆེ་ཆུང་དང་། གཞི་རྩའི་གནས་ཚུལ་མི་འདྲ་བ་མང་དུ་འབྱུང་སྲིད་ཀྱང་། དོན་དུ་དེ་ལྟ་བུའི་མནའ་བཞག་ཟིན་པ་ནས་བཟུང་མནའ་གྲོགས་ཕན་ཚུན་རྣམས་ལ་སྐྱིད་སྡུག་ལེགས་ཉེས་ཇི་ལྟར་བྱུང་ནའང་སྐྱིད་མཉམ་གསོག་སྡུག་མཉམ་འཁུར་ཞེས་པའི་ངག་སྒྲོས་ཡོད་པ་ལྟར་སྙིང་ཐག་པ་ནས་གཅིག་ཕན་གཅིག་གྲོགས་བྱེད་སྲོལ་ཡོད་པ་རེད།
      དེ་ལྟ་བུའི་མནའ་འཇོག་གི་བྱ་བ་དེ་བྱེད་སླ་བར་མཐོང་ཡང་མནའ་རྒྱབ་བསྐྱང་བ་ལ་ཧ་ཅང་ཁག་པོ་ཡོད་འདུག གང་ལགས་ཤེ་ན། འབྲོག་མི་དག་གིས་མནའ་ནི་འཇིག་རྟེན་ན་ཆེས་ཚབས་ཆེ་བའི་བྱ་བ་ཞིག་ཏུ་བརྩི་ཞིང་། སུ་ཞིག་མནའ་ལས་འགལ་བ་དེ་ནི་འཇིག་རྟེན་གྱི་ཁྲེལ་དང་བྲལ་བས་སྐྱེ་བོ་ཡ་རབས་ཀྱི་གྲལ་ནས་ཐོན་པ་དང་། མ་ཟད་ལྷ་དང་ཡུལ་ལྷ་རྣམས་ཀྱང་དེ་ལ་ཐུགས་ཁྲེལ་བས་ཚེ་འདི་དང་འཇིག་རྟེན་ཕྱི་མ་གཉིས་ཆར་མི་འདོད་པའི་སྡུག་བསྔལ་དུ་མ་འབྱུང་བའི་ཡིད་ཆེས་བྱེད་ཅིང་། དེར་བརྟེན་མནའ་ནི་རང་རང་གི་སྲོག་དང་ཐུག་ནའང་འགལ་དུ་འཇུག་སྲོལ་མེད་པ་རེད། འབྲོག་མི་རེ་རེ་བཞིན་ཡུལ་སོ་སོའི་ནང་དུ་མནའ་ཡ་ཞེས་བྱ་བའི་གྲོགས་པོ་མང་དུ་ཡོད་འདུག་ཅིང་། མནའ་ཡ་ཕན་ཚུན་གཉིས་ཙམ་དུ་མ་ཟད་དེ་གཉིས་ཀྱི་ཉེ་ཚན་དང་མནའ་གྲོགས་གཞན་དག་བཅས་ནས་ཀྱང་མནའ་གྲོགས་སུ་བརྩི་ཞིང་རོགས་རེས་བྱེད་སྲོལ་ཡོད་པ་རེད། དཔེར་ན་འབྲོག་མི་ཞིག་ལ་ཡུལ་གཞན་གྱི་མི་སྡེས་གནོད་འཚེ་བྱས་པ་ཡིན་ན། མི་དེའི་མནའ་ཡ་རྣམས་ཀྱིས་གནོད་ལན་གཞལ་བ་དང་། གལ་ཏེ་མི་དེ་ལ་ཁ་མཆུའམ་ཡང་ན་མི་སྟོང་འཇལ་དགོས་པ་སོགས་ཀྱི་དཀའ་ངལ་གང་རུང་ཞིག་བྱུང་བ་ཡིན་ན། མི་དེའི་མནའ་ཡ་ཇི་ཙམ་ཡོད་པ་ཐུན་མོང་ནས་འཁུར་ལེན་བྱེད་པ་དང་། ཡང་ན་འབྲོག་མི་ཞིག་ལ་ཕྱུགས་ནད་བྱུང་བའི་རྐྱེན་གྱིས་འཚོ་རྟེན་བྲལ་བའི་དཀའ་ངལ་ཞིག་བྱུང་བ་ཡིན་ན། མི་དེའི་མནའ་ཡ་ཐམས་ཅད་ཀྱིས་རང་འཁོས་དང་བསྟུན་པའི་ཕྱུགས་ལུག་བསྡུ་གསོག་གིས་འཚོ་རྟེན་གསར་བཅོས་བྱེད་ཀྱི་ཡོད་པ་རེད། དེ་ལྟ་ན་འབྲོག་ཡུལ་གྱི་མནའ་གྲོགས་ནི་ཕན་ཐོགས་ཤིན་ཏུ་ཆེ་ཞིང་། སུ་ཞིག་འབྲོག་ཡུལ་དེ་དག་ཏུ་མི་ཚེ་བསྐྱེལ་བ་ལ་མེད་དུ་མི་རུང་བ་ཞིག་ཡིན་འདུག་པར་མ་ཟད་སུ་ཞིག་འབྲོག་ཡུལ་དེ་དག་ཏུ་འགྲུལ་བཞུད་བྱེད་པ་ལའང་དགོས་གནད་ཧ་ཅང་ཆེ་བར་སྣང་ངོ་། །