བག་མའི་ངུ་ཁ་གཅོད་པ་སོགས།
མང་རའི་ཡུལ་གྱི་གཉེན་སྲོལ་ལས་བཏུས།
འབྱུང་ཁུངས།མཚོ་སྔོན་པོ་དྲ་བ། སྤེལ་མཁན།དྲྭ་ཚིགས་དོ་དམ་པས། སྤེལ་དུས།2019-05-22

      དེ་ནི་བག་མའི་མགོ་སྐྲ་གཡས་གཡོན་གཉིས་ནས་མདུན་དུ་བླངས་ནས་ལྟག་རྒྱབ་ཀྱི་སྐྲ་སྣེ་ལ་ཁ་བཏགས་ཞིག་བཏགས་སྟེ་ནང་ནས་སྒོར་འབུད་དུས་ཨ་མ་དང་མ་སྲུ་ཆེ་རྒན་ཞིག་གིས་བག་མའི་སྐྲ་ལན་བུ་རྗེས་ནས་ཕྱིར་ལ་ཐེངས་གཅིག་འཐེན་པ་རེད། དེ་གོང་ནས་བཤད་ཟིན་པའི་གཡང་ལེན་པའི་སྲོལ་དང་གཅིག་མཚུངས་རེད། བུ་མོས་རྒྱབ་ཕ་ཡུལ་ལ་མི་སྟོན་པའི་ཆེད་ཁ་ཕྱིར་འཁོར་ནས་བག་རོགས་དང་བུད་མེད་སྐོར་ཞིག་གིས་བསྐྱོར་ནས་ཕྱིར་ནུར་བྱས་ནས་ཕྱི་སྒོར་ཐོན་པ་ན་ཁ་སྔུན་ལ་འཁོར་ཏེ་བག་རོགས་ལྟག་བརྒྱབ་ལ་སྒུར་ནས་ངུ་བཞིན་འགྲོ་སྟེ་ཨ་ཞང་ཚང་གིས་མི་ཞིག་གིས་ལག་ཕྱིས་དང་དར་གོས་ཡུག་གཅིག་བཟུང་ནས་ངུ་ཁ་ལེན་པ་ཡིན།
      ཨ་ལོ་ལོ། ཨ་ཚ་མོ།
      ཁྱོད་དེ་འདྲ་སྨྲ་ངེ་སྨྲེང་ངེ་མ་བྱེད། །
      རྨ་ཆུ་བཅད་ནས་ཕ་རོལ་མ་བྱིན། །
      འབྲི་ཆུ་བཅད་ནས་ཚུར་རོལ་མ་བྱིན། །
      སྐད་ཆེན་ཞིག་གིས་བོས་ན་གོ་ས། །
      གཟུགས་ཆེན་ཞིག་གིས་བལྟས་ན་རིག་ས། །
      སྔུན་རྟིང་གིས་གནས་ནོན་དགོས། །
      ཕྱི་རྟིང་གིས་ཡུལ་ནོན་དགོས། །
      སྟ་རེ་བསྲིངས་ན་ནགས་ལ་རྩེབ་ཀི །
      ཐོམ་བུ་བསྲིངས་ན་ཆུ་ལ་རྩེབ་ཀི །
      ཨ་ལོ་ལོ། ཨ་ཚ་མོ། 
      ཁྱོད་དེ་འདྲ་སྨྲ་ངེ་སྨྲེང་ངེ་ཅིག་མ་བྱེད། །
      རྟ་འདོ་བ་བརྒྱ་ལ་ཕ་ཡུལ་མེད། །
      ཕ་ཡུལ་མེད་རུང་སྤང་ཡུལ་ཡིན། །
      མཛོ་ཁྱུང་དཀར་བརྒྱ་ལ་ཕ་ཡུལ་མེད། །
      ཕ་ཡུལ་མེད་རུང་རྫ་ཡུལ་ཡིན། །
      མ་བུ་མོ་བརྒྱ་ལ་ཕ་ཡུལ་མེད། །
      ཕ་ཡུལ་མེད་རུང་གནས་ཡུལ་ཡིན། །
      བན་དེ་བརྒྱ་ལ་ཕ་ཡུལ་མེད། །
      ཕ་ཡུལ་མེད་རུང་སྒར་ཡུལ་ཡིན། །
      སྡོང་བོ་འཛུགས་ས་རྐ་ཁ་ཡིན་ཟེར་ཀི །
      ལོ་གསུམ་སོང་ན་སྡོང་རྒན་ཉན་ཀི །
      བན་དེ་འགྲོ་ས་སྒར་ཡུལ་ཡིན་ཟེར་ཀི །
      ལོ་གསུམ་སོང་ན་དགོན་བདག་ཉན་ཀི ། 
      བུ་མོ་འགྲོ་ས་གནས་ཡུལ་ཡིན་ཟེར་ཀི
      ལོ་གསུམ་སོང་ན་ཁྱིམ་བདག་ཉན་ཀི །
      ཨ་ལོ་ལོ། ཨ་ཚ་མོ།
      གཉེན་འདི་འུ་ཚོ་རིང་དར་ནི་ཞིག་མ་རེད། །
      གཉེན་འདི་དང་བོ་དགུང་སྔོན་གནམ་ནས་དར་ཟིག །
      དགུང་ཉི་ཟླ་གཉིས་ཀྱིས་ཉེ་བོ་བསྒྲིགས་ཟིག །
      སྨིན་དྲུག་ཕྲ་མོ་བག་མ་བྱས་ཟིག །
      སྐར་མ་སྨེ་བདུན་བག་རོགས་བྱས་ཟིག །
      བག་རོགས་ཟེར་བ་དེ་ནས་དར་ཟིག །
      ཡ། ཨ་ལོ་ལོ། ཨ་ཚ་མོ།
      གཉེན་འདི་འུ་ཚོ་རིང་དར་ནི་ཞིག་མ་རེད། །
      དང་པོ་ལྷ་ཀླུ་གཉིས་ཀྱིས་གཉེན་བསྒྲིགས་ཟིག །
      སྟོད་ལྷ་ཆེན་ཚངས་པ་དཀར་བོའི་བུ་མོ་དེ། །
      ཀླུ་རྒྱལ་གཙུག་ན་རིན་ཆེན་ལ་མནའ་མ་བྱིན་ཟིག །
      ལྷ་སྲིན་སྡེ་བརྒྱད་འགྲུལ་བ་སོང་ཟིག །
      འགྲུལ་བ་ཟེར་བ་དེ་ནས་དར་ཟིག །
      ཨ་མྱེས་རྨ་ཆེན་འགྲུལ་མགོ་བྱས་ཟིག ། 
      འགྲུལ་མགོ་ཟེར་བ་དེ་ནས་དར་ཟིག །
      ཡ། ཨ་ལོ་ལོ། ཨ་ཚ་མོ།
      གཉེན་འདི་འུ་ཚོ་རིང་དར་ནི་ཞིག་མ་རེད། །
      དང་བོ་རྒྱ་བོད་གཉིས་ཀྱིས་གཉེན་བསྒྲིགས་ཟིག ། 
      བོད་རྒྱལ་སྲོང་བཙན་སྒམ་པོའི་བཙུན་མོ་ལ། །
      རྒྱ་བཟའ་འུན་ཤིང་ཀོང་ཇོ་གདན་དྲངས་ཟིག །
      བློན་པོ་མགར་བསྟན་པ་བར་བ་བྱས་ཟིག །
      བར་བ་ཟེར་བ་དེ་ནས་དར་ཟིག །
      ཉི་ཟླ་གཉིས་ཀྱིས་རྫོངས་པ་བྱིན་ཟིག །
      རྫོངས་པ་ཟེར་བ་དེ་ནས་དར་ཟིག ། 
      ཡ། ཨ་ལོ་ལོ། ཨ་ཚ་མོ། 
      ཁྱོད་དེ་འདྲ་སྨྲ་ངེ་སྨྲེང་ངེ་མ་བྱེད། །
      ཕ་སྟག་གཟིག་འདྲ་བའི་བསྐྱལ་ཡོད་ཀི །
      མ་སྲུ་རྨ་བྱ་འདྲ་བས་བསྐོར་ཡོད་ཀི །
      གཡུ་བྱུ་རུ་མུ་མེན་མུ་ཏིག་གིས་བརྒྱན་ཡོད་ཀི །
      གོས་ཟ་འོག་དགུ་བརྩེགས་གོན་ཡོད་ཀི ། 
      ཝ་དམར་པོ་གྲ་ཡག་གོན་ཡོད་ཀི །
      ཕ་ལོ་སྐུ་ཚེ་བརྟན་ནས་བསྡད་ན། །
      ལོ་རེའི་ནང་ལ་སྐོར་རྒྱག་བ། །
      ས་དོག་མོ་འདྲ་བའི་མ་ཞིག་ཡོད་ཀི །
      མ་ལོ་སྐུ་ཚེ་བརྟན་ནས་བསྡད་ན། །
      ཟླ་རེའི་ནང་ན་སྐོར་རེ་རྒྱག་བ། །
      འབྲུག་ཕོ་ཆུང་འདྲ་བའི་སྤུན་ཞིག་ཡོད་ཀི །
      སྤུན་ཆུང་སྐུ་ཚེ་བརྟན་ནས་བསྡད་ན། །
      ཉིན་རེའི་ནང་ལ་སྐོར་རེ་རྒྱག་བ། །
      ད་མ་ངུ་མ་ངུ་གནས་ལ་སོང་། །ཞེས་བཤད་པ་དང་མཉམ་དུ་དར་ཡུག་བག་མའི་མགོ་ཐོག་ལ་གཡུགས་པ་ན་ངུ་ངག་ཇེ་དམའ་རུ་འགྲོ་རུང་ངུ་མཚམས་མི་ཆོད། མི་གཞན་ཞིག་གིས་སྔར་བཞིན་ངུ་ཁ་བཅད་ཀྱང་ངུ་མཚམས་མ་ཆོད་ན་ཐེངས་གསུམ་པར་ངུ་མཚམས་ཆོད་ངེས་ཡིན། བོད་མིས་བཤད་ཚུལ་ལ། ཁྱི་ལ་རྔ་མ་མེད་ན་ཐན། མི་ལ་ངོ་ཚ་མེད་ན་ཐན། བག་མ་མ་ངུ་ན་ཐནཞེས་བཤད་ཚུལ་འདུག་པས་བུ་མོ་འཐད་མིན་གང་ཡིན་རུང་ངུ་བཞིན་འདུག ངུ་ཁ་གཅོད་སྲོལ་ནི་མི་རིགས་གཞན་ལ་མེད་པའི་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་ཤུལ་བཞག་གི་ཉིང་བཅུད་ཡིན་པས་དུས་ཀྱི་འཕོ་འགྱུར་དབང་གིས་ཉམས་དམས་སུ་འགྲོ་བཞིན་འདུག་པས་ཕྱི་རབས་པ་རྣམས་ཀྱིས་ཉར་ཚགས་བྱེད་པ་གལ་འགངས་ཆེའོ། །
            མ་སྲུ་རྣམས་ཀྱིས་བུ་མོ་བསྐོར་ནས་ཚད་ངེས་ཅན་ལ་ཞིག་ལ་ཐོན་པ་ན་མ་སྲུ་འགོག་པའི་ཆོ་ག་སྤེལ་བཞིན་ཡོད། བར་བས་མ་སྲུ་འགོག་བྱེད་ཀྱི་ལེགས་སྐྱེས་ལ་གོས་དང་ཁ་བཏགས། སྒོར་མོ། ཀ་ར་སོགས་སྟེར་དགོས་ལ། སྤྱིར་བཏང་ཐེངས་གསུམ་རིམ་བཞིན་མ་བཀག་ན་མི་ཁོགས་པ་རེད། མ་སྲུ་ཚོས་སྐྱེལ་མཚམས་བཞག་རྗེས་བག་རྟ་ལ་བསྐྱོན་ཏེ་མགོ་བསྒུར་ནས་ལམ་ལ་ཆས་པ་རེད།
      བག་མ་སྐྱེལ་བའི་དུས་སུ་གཡང་འབོད་བྱེད་པ།
      སྡེ་མི་ཡོངས་བག་མ་སྐྱེལ་མ་བྱེད་དུ་ཡོང་སྟེ་བག་མ་སྐྱེལ་དུས་ཨ་མཆོད་གདན་འདྲེན་ཞུས་ནས་གཡང་འབོད་དགོས་པ་དང་བག་མར་འགྲོ་ཁར་ཨ་མས་བུ་མོའི་གཅེས་མིང་གིས་བོས་ཏེག་ཡང་ཞིག་ཡོད་ན་བསྐྱུར་ནས་ཞོག  སྐྱིད་ཅིག་ཡོད་ན་རང་གིས་འཁྱེར་ཞེས་བརྗོད་པ་དང་གཡང་འབོད་བྱེད་ཚུལ་འདུག་པ་འདི་ནི་མི་གཡང་ཅན་གཞན་དུ་སོང་ན་ཁྱིམ་ཚང་གི་གཡང་རྣམས་ཤོར་འགྲོ་བའི་སྣང་ཚུལ་འདུག་པས་མདའ་གཡང་འཛུགས་པ་དང་གཡང་འབོད་གང་མང་བྱེད་ཀྱིན་འདུག
      གཡང་ནི་གཉེན་སྒྲིག་གི་བྱེད་སྒོ་ནང་མེད་དུ་མི་རུང་བའི་དོན་དག་ཅིག་ཡིན།གཉེན་ལམ་མདའ་ཡིས་ཕྱེ་བ་དང་གཉེན་ལམ་དར་གྱིས་སྤྲེལ①ཞེས་པ་ལྟར་ཁྱིམ་ཚང་གཉིས་ཀྱི་འབྲེལ་ལམ་མདའ་ཡིས་དམིགས་བསལ་གྱི་ནུས་པ་ཆེན་པོ་ཐོན་པ་བསྟན་ཡོད། འབྲོག་ཁུལ་དུ་ཟོག་བཙོང་ནའང་ལུས་ཐོག་སྤུ་ཉག་ཅིག་བལ་ནས་   གཡང་ལེན་བཞིན་ཡོད། ལྷག་པར་དུ་ཟོག་འཁྲིད་བྱེད་ཀྱི་ཐག་པ་དང་སྐེ་ལུང་ལེན་པ་དེ་གཡང་ཁྱིམ་ལ་གཡང་ཟོག་འཁོར་ཅེས་པའི་བརྗོད་ཚུལ་འདུག
      གཡང་འགུག་པའི་ཆོ་ག་དེ་གལ་ཆེའི་ཆོ་ག་ཞིག་ལ་བརྩི་དགོས་པའི་རྒྱུ་མཚན་ནི། མག་པ་དེ་བཀྲ་ཤིས་པའི་རྐྱེན་ལས་ཁྱིམ་ཚང་དེ་ལས་ཕྱིར་ཐོན་པས་ན་ཁྱིམ་ཚང་དེའི་གཡང་ཡང་དུས་གཅིག་ཏུ་ཕྱིར་ཐོན་འགྲོ་བར་ངོས་འཛིན་བྱེད། དེ་ནི་ཁྱིམ་ཚང་ལ་བལྟས་ནས་བརྗོད་ན་བཀྲ་མ་ཤིས་པའི་དོན་དུ་བརྩི་བ་ཡིན། དུས་མཚུངས་གཡང་འགུག་ཅེས་པའི་ཆོ་ག་དེ་མནའ་མ་ཚང་དུའང་སྤེལ་བ་ཡིན། དེ་ནི་ཁྱིམ་ཚང་དེ་མུ་མཐུད་དུ་དར་རྒྱས་ཡོང་བའི་ཆེད་དུ་ཡིན་པ་རེད།
      བག་མ་གནས་ལ་འགྲོ་དུས་ངུ་བཞིན་རང་ཁྱིམ་གྱི་ཁང་བའི་དཀྱིལ་ཀ་སྐོར་བ་ཐེངས་གསུམ་བརྒྱབ་པའམ་ཡང་ན་མིང་བོར་དཀྲིས་གསུམ་རྒྱག་པ་རེད།
      རེབ་གོང་རྒྱལ་བོ་ས་ཁུལ་ཏུ་བཟའ་ཟླ་དང་བུ་ཕྲུག་འཛོམས་པའི་མ་སྲུ་སྐད་ངག་ལྡན་པ་གཉིས་ཀྱིས་བག་མའི་གཡས་གཡོན་གཉིས་སུ་གྲོ་སོ་ཕྱེ་མར་དང་ཇ་ཕུད་བཀྱགས་ཏེ་ནང་ཁྱིམ་གྱི་དཀྱིལ་ཀར་བསྐོར་ཐེངས་གསུམ་རྒྱག་ཞོར་དུ། ཨེ། དཀྱིལ་ཀར་ལྷ་མོ། མ་དངངས་མ་འདྲོགས། ཨེ། བུ་མོ་འགྲོ་ཡ། ཨེ། དར་ནི་ཡིན་མོ། ཡེས་ཡེས(ངུ་ཁུལ་བྱེད་པ)ཨེ། ཕུགས་ལྷ་ཀེ་ཐུང་། མ་དངངས་མ་འདྲོགས། ཨེ། བུ་མོ་འགྲོ་ཡ། ཨེ། དར་ནི་ཡིན་མོ། ཡེས་ཡེས ཨེ། ཐབ་ལྷ་གཡང་མོ། མ་དངངས་མ་འདྲོགས། ཨེ། བུ་མོ་འགྲོ་ཡ། ཨེ། དར་ནི་ཡིན་མོ། ཡེས་ཡེས ཨེ། སྒོ་ལྷ་སྟག་གཡག  མ་དངངས་མ་འདྲོགས། ཨེ། བུ་མོ་འགྲོ་ཡ། ཨེ། དར་ནི་ཡིན་མོ། ཡེས་ཡེས②ཞེས་པ་ནི་ཁྱིམ་ལྷ། ཐབ་ལྷ། ཕུགས་ལྷ། སྒོ་ལྷ་སོགས་མ་དངངས་མ་འདྲོགས་བཞུགས་ཤིག་ཅེས་དབྱངས་རྟ་ལ་དྲངས་ནས་འགོག་པ་ཡིན་ནོ། །
      ཨ་མཆོད་ཀྱིས་གཡང་འབོད་དང་ཕྱྭ་གཡང་འགུགས་པ་ནི་གྲྭ་བསྔགས་གང་རུང་ཞིག་གདན་འདྲེན་ཞུས་ཏེ་མདོས་ཆ་དང་མཆོད་རྫས་རྣམས་བཤམས་ཏེ་གཡང་མདའ་ཞིག་འབྲུ་རིགས་སྣ་ཚོགས་ཀྱིས་ཁེངས་པའི་ཤིང་བྲེ་ཞིག་གི་ནང་བཙུགས་ནས་དབྱངས་ངག་སྐད་ལ་གྱེར་ན་ཌ་རེ་དང་དྲིལ་བུ་འཁྲོལ་ཏེ་འབྲུ་རིགས་གཏོར་བཞིན་ཕྱྭ་གཡང་འགུགས་པའམ་གཡང་འབོད་འདི་ལྟར་བྱེད་ཀྱིན་འདུག
      ཀྱཻ། ཕུན་ཚོགས་བཀྲ་ཤིས་འཁྱིལ་བའི་གནས་མཆོག་འདིར། །འདོད་པའི་མཆོག་སྟེར་ཕྱྭ་དང་གཡང་གི་ཚོགས། །ཁབ་ལེན་རྡོ་དང་ལྕགས་ཀྱི་སྣང་ཚུལ་བཞིན། །དགའ་བའི་གར་དང་བཅས་ཏེ་ཐོགས་མེད་ཁུགས། །གསེར་མངལ་མགྲིན་སྔོན་འཁོར་ལོའི་ལག་པ་ཅན། །གྲགས་པའི་མུ་ཁྱུད་འཁོར་ལོའི་སྒྱུར་བ་སོགས། །སྲིད་འདིར་མངོན་པར་མཐོ་བའི་ཚོགས་རྣམས་ཀྱི། །ཕྱྭ་གཡང་དཔལ་འབྱོར་སྙན་གྲགས་མ་ལུས་སྩོལ། །ལེགས་བྲིས་ཚོགས་ཀྱི་འཆི་མེད་བཏུང་བ་དང་། །ཀླུ་དབང་གཙུག་གི་ཡིད་བཞིན་ནོར་བུ་མཆོག །མི་དབང་སྔོན་འགྲོའི་རྒྱལ་སྲིད་སྣ་བདུན་གྱི། །ཕྱྭ་གཡང་དཔལ་འབྱོར་སྙན་གྲགས་མ་ལུས་སྩོལ། །རིན་ཆེན་གདུགས་དཀར་གསེར་ཉ་བུམ་པ་བཟང་། །པདྨ་དུང་དཀར་གཡས་འཁྱིལ་དཔལ་བེའུ། །རྒྱལ་མཚན་འཁོར་ལོ་བཀྲ་ཤིས་རྟགས་བརྒྱད་ཀྱི། །ཕྱྭ་གཡང་དཔལ་འབྱོར་སྙན་གྲགས་མ་ལུས་སྩོལ། །རྣམ་འདྲེན་ཟས་གཙང་སྲས་པོས་བཀྲ་ཤིས་པའི། །དངོས་པོས་བྱིན་བརླབས་དགེ་ལེགས་འབྱུང་བའི་སྒོ། །རྟེན་འབྲེལ་ལྷུན་གྱིས་གྲུབ་པའི་རྫས་བརྒྱད་ཀྱི། །ཕྱྭ་གཡང་དཔལ་འབྱོར་སྙན་གྲགས་མ་ལུས་སྩོལ། །ཚེ་རིང་ནད་མེད་འདོད་པའི་དོན་ཀུན་འགྲུབ། །སྟོབས་དང་མངའ་ཐང་འབྱོར་བ་ཕུན་སུམ་ཚོགས། །བདེ་ཞིང་སྐྱིད་པའི་དགའ་སྟོན་ཐམས་ཅད་ཀྱི། །ཕྱྭ་གཡང་དཔལ་འབྱོར་སྙན་གྲགས་མ་ལུས་སྩོལ། །
      གཡང་འབོད་ཐུང་ངུ་འདི་དང་ཡང་ན་སྒྲོལ་མའི་གཡང་འབོད་འདི་བྱེད་ཀྱིན་འདུག
      ཀྱཻ་རྒྱལ་བ་ཀུན་གྱི་འཕྲིན་ལས་རྣམས། །གཅིག་བསྡུས་བླ་མ་རྗེ་བཙུན་མར། །གུས་པ་ཆེན་པོས་གསོལ་འདེབས་ན། །བྱིན་རླབས་དངོས་གྲུབ་སྩལ་ཏུ་གསོལ། །དབུ་རྒྱན་འོད་ཀྱི་ཕྲེང་བ་ཡིས། །སྟེང་ཕྱོགས་ལྷ་ཡི་གཡང་ཁུག་ཅིག །གློག་དང་འདྲ་བའི་སྤྱན་གཉིས་ཀྱིས། །བར་གྱི་མི་ཡི་གཡང་ཁུག་ཅིག །གཡས་བསྐུམ་གཡོན་བརྐྱང་ཞབས་གཉིས་ཀྱིས། །འོག་ཕྱོགས་ཀླུ་ཡི་གཡང་ཁུག་ཅིག །མཆོག་སྦྱིན་སྐྱབས་སྦྱིན་ཕྱག་རྒྱ་ཡིས། །མཆོག་ཐུན་དངོས་གྲུབ་གཡང་ཁུག་ཅིག ། རིན་པོ་ཆེ་ཡི་རྒྱན་མང་གིས། །འདོད་དགུའི་ལོངས་སྤྱོད་གཡང་ཁུག་ཅིག །ལྷ་རྫས་དར་གྱི་ན་བཟའ་ཡིས། །ཚུལ་ཁྲིམས་དག་པའི་གཡང་ཁུག་ཅིག །རིགས་བདག་ཚེ་དཔག་མེད་མགོན་གྱིས། །འཆི་མེད་ཚེ་ཡི་གཡང་ཁུག་ཅིག །ཉེར་གཅིག་ལྷ་མོའི་ཚོགས་རྣམས་ཀྱིས། །འཕྲིན་ལས་སྣ་ཚོགས་གཡང་ཁུག་ཅིག །བསྡུ་ན་དེ་ཙམ་གྱིས་ཆོག་ལ་རྒྱས་པར་སྤྲོ་ན། །དམར་མོ་ཁྲོ་ཞིང་ཆགས་པའི་ཉམས། །རྗེ་བཙུན་མྱུར་མ་དཔལ་མོ་ཡིས། །དགྲ་དང་ལོག་འདྲེན་མ་རུང་བ། །དབང་དུ་སྡུད་པའི་གཡང་ཁུག་ཅིག །སྟོན་ཀའི་ཟླ་ལྟར་དཀར་མདངས་ཅན། །རྗེ་བཙུན་ཞི་བ་ཆེན་མོ་ཡིས། །ནད་གདོན་སྡིག་སྒྲིབ་མ་ལུས་པ། །མྱུར་ཏུ་ཞི་བའི་གཡང་ཁུག་ཅིག །ཉི་མ་སྟོང་གི་འོད་ཟེར་ཅན། །རྗེ་བཙུན་གསེར་གྱི་མདོག་ཅན་མས། །ཚེ་དང་ལོངས་སྤྱོད་མ་ལུས་པ། །འཕེལ་ཞིང་རྒྱས་པའི་གཡང་ཁུག་ཅིག །སེར་མོ་གཟི་བརྗིད་རབ་འབར་བ། །རྗེ་བཙུན་རྣམ་པར་རྒྱལ་མ་ཡིས། །བསྐལ་བ་སྟོང་ཕྲག་དུ་མ་རུ། །འཆི་མེད་ཚེ་ཡི་གཡང་ཁུག་ཅིག །བྱུ་རུའི་མདོག་ཅན་ཆགས་པའི་ཉམས། །རྗེ་བཙུན་ཧཱུཾ་སྒྲ་སྒྲོགས་མ་ཡིས། །ཁམས་གསུམ་སྐྱེ་འགྲོ་མ་ལུས་པ། །དབང་དུ་སྡུད་པའི་གཡང་ཁུག་ཅིག ། དམར་ནག་ཅུང་ཟད་ཁྲོས་པའི་ཉམས། །འཇིག་རྟེན་གསུམ་ལས་རྣམ་རྒྱལ་མས། །གདུག་ཅན་འབྱུང་བོ་ཚར་གཅོད་ཅིང་། །བྲན་དུ་བྱེད་པའི་གཡང་ཁུག་ཅིག །སྐུ་མདོག་ནག་མོ་ཞལ་གདངས་པ། །གཞན་མཐུ་འཇོམས་པའི་རྗེ་བཙུན་མས། །ཕ་རོལ་བྱད་ཕུར་མནན་གཏད་ཀུན། །བཟློག་ཅིང་བསྒྱུར་བའི་གཡང་ཁུག་ཅིག ། དམར་ནག་ཁྲོ་གཉེར་བསྡུས་བའི་ཞལ། །བདུད་དང་དགྲ་བོ་འཇོམས་བྱེད་མས། །མ་རུང་དགྲ་བོ་ཚར་གཅོད་པའི། །དྲག་པོ་མཐུ་ཡི་གཡང་ཁུག་ཅིག །དཀོན་མཆོག་གསུམ་མཚོན་ཕྱག་རྒྱ་ཅན། །དཀར་མོ་ཞི་བའི་ཉམས་ལྡན་མས། །ནད་དང་སྡུག་བསྔལ་ཐམས་ཅད་ལས། །བསྲུང་ཞིང་སྐྱོབས་པའི་གཡང་ཁུག་ཅིག །དམར་མོ་དགྱེས་པའི་ཉམས་ལྡན་མ། །འཇིག་རྟེན་དབང་དུ་སྡུད་མཛད་མས། །གང་ལ་དགའ་བའི་དངོས་པོ་ཀུན། །དབང་དུ་སྡུད་པའི་གཡང་ཁུག་ཅིག །སྐུ་མདོག་དམར་སེར་འོད་ཟེར་འབར། །ཁྲོ་གཉེར་གཡོ་ཞིང་ཧཱུཾ་གི་སྒྲས། །དབུལ་ཞིང་ཕོངས་པ་སེལ་མཛད་མ། །རྗེ་བཙུན་མ་ལ་གསོལ་བ་འདེབས། །གསེར་དངུལ་ལོངས་སྤྱོད་ནོར་དང་འབྲུ། །ཁ་ཟས་གོས་རྒྱན་རྐང་འགྲོ་ཕྱུགས། །རྣམ་ཐོས་སྲས་ལ་འགྲན་པ་ཡི། །འདོད་དགུའི་གཏེར་གྱི་གཡང་ཁུག་ཅིག །གསེར་གྱི་མདོག་ཅན་ཡིད་འོང་མ། །བཀྲ་ཤིས་ཀུན་འབྱུང་རྗེ་བཙུན་མས། །འཇིག་རྟེན་འཇིག་རྟེན་འདས་པ་ཡི། །བཀྲ་ཤིས་བདེ་ལེགས་གཡང་ཁུག་ཅིག །སྐུ་མདོག་དམར་ཞིང་སྤྱན་གསུམ་བགྲད། །མེ་ལྟར་འབར་མ་རྗེ་བཙུན་མས། །བགེགས་དང་ལོག་འདྲེན་བར་ཆད་ཀྱིས། །མི་ཚུགས་བསྲུང་བའི་གཡང་ཁུག་ཅིག །སྐུ་མདོག་དམར་བོ་ཅུང་ཟད་ཁྲོ། །ཁྲོ་གཉེར་ཅན་མ་རྗེ་བཙུན་མས། །དགྲ་བགེགས་བྱད་མ་ཚར་གཅོད་ཅིང་། །མཆོག་ཐུན་དངོས་གྲུབ་གཡང་ཁུག་ཅིག །སྟོན་ཀའི་ཟླ་བའི་མདོག་ཅན་མ། །བདེ་མ་དགེ་མ་ཞི་མཛད་མས། །སྡིག་དང་ལྟུང་བ་ཀུན་ཞི་བའི། །ཐར་བ་མཆོག་གི་གཡང་ཁུག་ཅིག །དམར་མོ་འོད་ཟེར་རབ་འབར་བ། །རིག་པ་ཧཱུཾ་ལས་སྒྲོལ་མ་ཡིས། །གཞུང་ལུགས་ཀུན་ལ་ཐོགས་མེད་པའི། །ཤེས་རབ་མཆོག་གི་གཡང་ཁུག་ཅིག །གུར་གུམ་མདོག་ཅན་ཞི་མ་ཁྲོ། །འཇིག་རྟེན་གསུམ་གཡོ་རྗེ་བཙུན་མས། །དགྲ་དང་ཆོམ་རྐུན་མ་ལུས་པ། །འཆིང་བར་བྱེད་པའི་གཡང་ཁུག་ཅིག །གངས་རིའི་མདོག་ཅན་ཞི་བའི་ཉམས། །དུག་སེལ་བྱེད་མ་རྗེ་བཙུན་མས། །བརྟན་དང་གཡོ་བའི་དུག་རྣམས་ཀུན། །མ་ལུས་འཇོམས་པའི་གཡང་ཁུག་ཅིག །དུང་གི་འཁྲི་ཤིང་གཞོན་ནུ་བཞིན། །སྡུག་བསྔལ་སེལ་བའི་རྗེ་བཙུན་མས། །རྩོད་དང་རྨི་ལམ་ངན་པ་སོགས། །ཐམས་ཅད་ཞི་བའི་གཡང་ཁུག་ཅིག །གུར་གུམ་གསར་བའི་མེ་ཏོག་བཞིན། །རིམས་ནད་སེལ་བའི་རྗེ་བཙུན་མས། །མི་བཟད་ནད་དང་རིམས་རྣམས་ཀུན། །མྱུར་ཏུ་ཞི་བའི་གཡང་ཁུག་ཅིག །ཟླ་བ་སྟོང་གི་འོད་འོད་ཅན། །འཕྲིན་ལས་ཡོངས་རྫོགས་རྗེ་བཙུན་མས། །འདོད་དགུའི་དངོས་གྲུབ་མ་ལུས་པ། །ཆར་བཞིན་འབབ་པའི་གཡང་ཁུག་ཅིག །རྒྱས་བསྡུས་གཉིས་པོ་གང་ཡིན་ཀྱང་། །ཀྱཻ་ཚངས་པ་བརྒྱ་བྱིན་ལ་སོགས་པ། །ལྷ་ཡི་བསོད་ནམས་དཔལ་འབྱོར་གཡང་། །དར་དཀར་གཡབ་ཅིང་སྤྱན་འདྲེན་ན། །གནས་འདིར་ཕྱྭ་དང་གཡང་ལ་བྱོན། །དགའ་བོ་འཇོག་པོ་ལ་སོགས་པ། །ཀླུ་ཡི་མི་ཟད་གཏེར་གྱི་གཡང་། །དར་དཀར་གཡབ་ཅིང་སྤྱན་འདྲེན་ན། །གནས་འདིར་ཕྱྭ་དང་གཡང་ལ་བྱོན། །འཁོར་ལོས་བསྒྱུར་བའི་རྒྱལ་པོ་སོགས། །བར་གྱི་མི་ཡི་ཕྱུགས་གཡང་དེ། །དར་དཀར་གཡབ་ཅིང་སྤྱན་འདྲེན་ན། །གནས་འདིར་ཕྱྭ་དང་གཡང་ལ་བྱོན། །རྟ་ནོར་ར་ལུག་ལ་སོགས་པ། །སྒོ་ན་རྐང་བཞི་ཕྱུགས་ཀྱི་གཡང་། །དར་དཀར་གཡབ་ཅིང་སྤྱན་འདྲེན་ན། །གནས་འདིར་ཕྱྭ་དང་གཡང་ལ་བྱོན། །གསེར་དངུལ་དར་ཟབ་ལ་སོགས་པ། །ཕུག་ན་ནོམ་རྫས་འབྱོར་བའི་གཡང་། །དར་དཀར་གཡབ་ཅིང་སྤྱན་འདྲེན་ན། །གནས་འདིར་ཕྱྭ་དང་གཡང་ལ་བྱོན། །བུ་དང་ཚ་བོ་ཡང་ཚ་སོགས། །བར་ན་མགོ་ནག་མི་ཡི་གཡང་། །དར་དཀར་གཡབ་ཅིང་སྤྱན་འདྲེན་ན། །གནས་འདིར་ཕྱྭ་དང་གཡང་ལ་བྱོན། །ཕ་རོལ་མི་མཐུན་དཔུང་འཇོམས་པའི། །སྙིང་སྟོབས་ལྡན་པའི་དཔའ་རྩལ་གཡང་། །དར་དཀར་གཡབ་ཅིང་སྤྱན་འདྲེན་ན། །གནས་འདིར་ཕྱྭ་དང་གཡང་ལ་བྱོན། །མི་མཐུན་ཞི་བའི་བཀྲ་ཤིས་གཡང་། །མཐུན་རྐྱེན་འཛོམས་པའི་ཕུན་ཚོགས་གཡང་། །དར་དཀར་གཡབ་ཅིང་སྤྱན་འདྲེན་ན། །གནས་འདིར་ཕྱྭ་དང་གཡང་ལ་བྱོན། །མདོར་ན་སྔོན་བསགས་བསོད་ནམས་ཀྱི། །ས་བོན་བྱིན་རླབས་གྲུ་ཆར་གྱིས། །བསྐྱངས་པས་དོན་གཉིས་ལོ་ཏོག་གིས། །རེ་བའི་བང་བ་གང་བར་ཤོག ། 
      མཆན།
      ①མཁར་རྨེའུ་བསམ་གཏན་རྒྱལ་མཚན་གྱིས་བརྩམས། བདེ་ཁང་བསོད་ནམས་ཆོས་རྒྱལ་གྱིས་བསྒྱུར།《མདའ་དང་འཕང》གི་ཤོག་ངོས346ན་གསལ། 
      ②གཡང་ཞེས་པའི་ཚིག་གི་དོན་ནི་ནོར་དང་ཕྱུག་པོའམ་སྙིང་བའི་དོན་ལགས། གཡང་ཞེས་པའི་ཚིག་དེ་ཚིག་གཞན་དང་སྦྱར་ནས་བེད་སྤྱོད་བྱ་བ་སྟེ། དཔེར་ན། རྟ་གཡང་དང་། འབྲི་གཡང་། རྒྱ་གར་ཆོས་གཡང་། སྟག་གཟིག་ནོར་གཡང་བཅས་ལྟ་བུའོ། །ཨ་མདོའི་ཁུལ་དུ་ལུགས་སྲོལ་འདི་ལྟར་ཞིག་ཡོད་དེ། དེ་ཡང་ཕོ་རྒོད་ཅིག་གིས་རྟ་ཞིག་བཙོང་སྐབས། སྔོན་དུ་རྟ་དེའི་རྔོག་མའི་ཟེ་མ་འགའ་བཀོག་ནས་རྟ་གཡང་མི་ཤོར་བའི་ཆེད་དུ་དེ་སྔར་རྟ་དེ་བཅུག་སའི་རྟ་རའི་ཀ་བ་ཞིག་ལ་འདོགས་པ་ཡིན། གལ་སྲིད་རང་ཁྱིམ་གྱི་རྟ་ཞིག་བརླག་པའམ་ཤི་ཚེ། རྟ་གཡང་ཤོར་བའི་ཉེན་དུ་བརྩི་བ་ཡིན། དེར་བརྟེན། གཡང་འགུག་གི་ཆོ་ག་ནི་ངེས་པར་སྤེལ་དགོས་ཀྱི་ཡོད་ལ། གཡང་ཞེས་པའི་ཐ་སྙད་དེ་ཕྱྭ་ཞེས་པའི་གཉིས་མཉམ་དུ་ཕྱྭ་གཡངཞེས་ཐོན་ཡོང་གི་ཡོད་པས་ན། འདིར་སྣང་བའི་ཕྱྭ་ནི་སྲོག་དང་འབྲེལ་བ་ཡོད་པའི་ཐ་སྙད་ཅིག་ཡིན་པར་སེམས་སོ། །” 1992 ལོའི《ཀྲུང་གོའི་བོད་ཀྱི་ཤེས་རིག》དེབ་གསུམ་པར་བཀོད་པའི་རིན་ཆེན་སྒྲོལ་མའི《རེབ་གོང་རྒྱལ་བོའི་གཉེན་སྲོལ་གྱི་སྐོར་གླེང་བ》ཞེས་པའི་ཤོག་ངོས133ན་གསལ། 
      
      མང་རའི་ཡུལ་གྱི་གཉེན་སྲོལ་ལས་སྐྲ་བཤད་ཀྱི་སྐོར།
      སྐྲ་སླེ་དུས་རལ་བར་གཡུ་དང་བྱུ་རུ་ཉུང་ཙམ་ཞིག་བརྒྱུས་ནས་འཇོག་ལ་ནངས་མོ་རལ་ཤུབས་འདོགས་དུས་བླངས་ནས་ཨ་མར་སྤྲོད་པ་ནི་གཡང་ཡིན་པའི་བཤད་ཚུལ་འདུག  རལ་ཤུབས་དེ་ནི་ཡུལ་གྱིས་འདོགས། བོད་ནི་རྟེན་འབྲེལ་གྱི་བདག་པོ་ཡིན་ཟེར་བ་ལྟར་ཕྭ་གཡང་དང་བླ་སྲོག  རྟེན་འབྲེལ་སོགས་གཙིགས་ཆེན་ལ་འཛིན་གྱིན་འདུག
      ས་ཆ་མང་ཤོས་སུ་བག་སྐྲ་ནི་བག་མ་སྐྱེལ་བའི་ནངས་མོ་ཐོ་རེངས་སྐར་ཆེན་ཤར་མ་ཐག་ཏུ་བག་ངུ་འཐེན་ནས་བསླེས་སྲོལ་འདུག  མང་ཡུལ་རོང་ཁུལ་ཏུ་སྔུན་ཉིན་གྱི་དགོང་ཁར་བསླེས་པ་ཡིན། སྐབས་དེའི་ཕྱི་དྲོ་ལ་གཉེན་ཚང་གི་སོ་མང་ཆ་འགྲིག་ལ་སྒུག་ནས་ཐོན་པ་དང་མཉམ་ཏུ་ནང་འཁོར་གྱི་མ་སྲུ་མང་བོས་བག་མའི་མཐའ་ནས་བསྐོར་ཏེ་སྐྲ་ལན་བུ་མང་བོ་སླེ་བཞིན་མི་ཞིག་གིས་དབྱངས་རྟ་སྙན་མོ་དྲུག་འགྱུར་ལ་བཀུག་ནས་སྐྲ་ཤད་ཀྱི་བཤད་པ་འདི་གཏོང་ཀྱིན་འདུག
      བུ་མོ་ལོ་ལོ་དོན་འགྲུབ་མ། །
      བུ་མོ་ལོ་ལོ་བསམ་འགྲུབ་མ། །
      བསམ་དོན་ཡིད་བཞིན་འགྲུབ་རྒྱུ་མ། །
      བུ་མོ་འགྲོ་ས་གནས་ཡུལ་ཡིན། །
      གནས་ནས་རྒས་ན་ལས་འགྲུབ་ཡིན། །
      བན་དེ་འགྲོ་ས་སྒར་ཡུལ་ཡིན། །
      སྒར་ནས་རྒས་ན་ཚོགས་བསགས་ཡིན། །
      ཉི་ཤར་རྟེན་འབྲེལ་མགོ་མ་ལ། །
      ངས་བུ་མོ་ལོ་ལོ་སྐྲ་སྩོལ་ཞུ། །
      ལྕང་ལོ་རལ་བའི་གཙུག་ཕུད་འདི། །
      ཕ་ཁུ་བཟང་བོས་ཤད་ན་ཡག །
      མ་སྲུ་བཟང་བོས་གསིལ་ན་ཡག །
      རྒས་ཚེ་ཐག་རིང་བའི་རྟེན་འབྲེལ་འགྲིག །
      གོས་རི་མོ་ཅན་གྱིས་བཏུམ་ན་ཡག །
      རྒྱུ་འབྱོར་བ་ལྡན་པའི་རྟེན་འབྲེལ་ཡོད། །
      རལ་བ་ལྕུག་ཕྲན་ཕྲ་མོ་ལ། །
      དངུལ་གྱི་མེ་ཏོག་ཆ་བདུན་མཛེས། །
      འཚེ་མེད་བདེ་བའི་རྟེན་འབྲེལ་འགྲིག །
      རྟེན་འབྲེལ་འགྲིག་པའི་ཐོག་མ་ལ། །
      ངས་བུ་མོ་ལོ་ལོ་སྐྲ་ཞིག་ཤད། །
      སྐྲ་ཆུ་སྐོལ་སྤྱད་གསེར་ཟངས་དགོས། །
      གསེར་སེར་པོའི་ཟངས་ང་ཆ་གཅིག་དགོས། །
      དེ་མི་ལ་མེད་ཀྱང་ལྷ་ལ་ཡོད། །
      ལྷ་རྗེ་བཙུན་སྒྲོལ་མའི་མཛོད་ན་ཡོད། །
      ང་མིང་ཆུང་སོང་ནས་གཡར་ན་ཆོག །
      ཆུ་ལྡུག་སྤྱད་དངུལ་གྱི་གཞོང་བ་དགོས། །
      དངུལ་དཀར་གཞོང་བ་ཆ་གཅིག་དགོས། །
      དེ་མི་ལ་མེད་ཀྱང་ལྷ་ལ་ཡོད། །
      ལྷ་དྲི་ཟའི་བུ་མོའི་མཛོད་ན་ཡོད། །
      ང་མིང་ཆུང་སོང་ནས་གཡར་ན་ཆོག །
      ཆུ་བཅུ་སྤྱད་དུང་སྐྱོགས་ཆ་གཅིག་དགོས།
      དེ་མི་ལ་མེད་ཀྱང་ཀླུ་ལ་ཡོད། །
      ཀླུ་མོའི་དུང་མཚོ་མཛོད་ན་ཡོད། །
      ང་མིང་ཆུང་སོང་ནས་གཡར་ན་ཆོག །
      གཡས་སྐྲ་ཤད་དུས་སོ་མང་དགོས། །
      གསེར་གྱི་སོ་མང་ཆ་འགྲིག་དགོས། །
      དེ་རང་ལ་མེད་ཀྱང་གླིང་ན་ཡོད། །
      ང་མིང་ཆུང་སོང་ནས་གཡར་ན་ཆོག །
      གཡོན་སྐྲ་ཤད་དུས་སོ་མང་དགོས། །
      དངུལ་དཀར་བོའི་སོ་མང་ཆ་གཅིག་དགོས། །
      དེ་རང་ལ་མེད་ཀྱང་དབུས་ན་ཡོད། །
      རྣམ་བཅུད་བང་མཛོད་ནང་དུ་ཡོད། །
      ང་མིང་ཆུང་སོང་ནས་གཡར་ན་ཆོག །
      རལ་བ་ཤད་དུས་སོ་མང་དགོས། 
      དུང་དཀར་པོའི་སོ་མང་ཆ་གཅིག་དགོས། །
      དེ་རང་ལ་མེད་ཀྱང་རྒྱ་ན་ཡོད། །
      རྒྱ་ནག་རྒྱལ་བོའི་མཛོད་ན་ཡོད། །
      ང་མིང་ཆུང་སོང་ནས་གཡར་ན་ཆོག །
      སྐྲ་གཡས་གཡོན་གཉིས་ཀ་ཤད་པའི་དུས། །
      བྱ་རྨ་བྱའི་སྒྲོ་གུར་ཕུབ་འདྲ་བ། །
      སྒྲོའི་གུར་ཁང་ལྷག་པར་མཛེས་པ་ལ། །
      གཡུ་བྱུར་གཉིས་ཀྱི་རྒྱན་ཆ་བསྒྲིགས། །
      དེ་རང་ལ་མེད་ཀྱང་དབུས་ན་ཡོད། །
      ང་མིང་ཆུང་སོང་ནས་ཉོས་ན་ཆོག །
      སྐྲ་རལ་བ་གཉིས་ཀ་ཤད་པའི་དུས། །
      མ་སེམས་ཅན་བག་མར་གོས་ཤིག་ཡོད། །
      གོས་ཕྱི་མ་གསེར་ནག་ལཛྙ་ཡིན། །
      གོས་ནང་མ་དངུལ་དཀར་པ་ཏྲ་ཡིན། །
      དྲོ་འཇམ་འཛམ་གླིང་ཉི་མ་ཡིན། །
      མགོ་སྐྲ་ལོ་བསླེས་ནས་ཚར་དུས་སུ། །
      དངུལ་གྱི་པ་ཏྲའི་སྐྲ་རྒྱན་དགོས། །
      རི་མོ་པ་ཏྲ་བསྣོལ་འདྲ་དགོས། །
      འོད་སྣང་སེར་པོ་ཉི་འོད་བསྒྲིབས། །
      སྐྲ་སྐག་འབྲུ་མར་སེར་བོ་ཡིན། །
      སྐྲ་ལམ་ཀ་རིང་སྔོ་རི་ཡིན། །