ཡུམ་བུ་བླ་སྒང་།
དྲ་ཚིགས་དོ་དམ་པས།
འབྱུང་ཁུངས། སྤེལ་མཁན། སྤེལ་དུས།2016-10-22
ནང་དོན་གནད་བསྡུས།

      མིང་། ཡུམ་བུ་བླ་སྒང་། བཞེང་མཁན། བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ། ལོ་ཚིགས། དེ་ནི་སྤྱི་ལོ་སྔོན་གྱི་དུས་རབས་གཉིས་པའི་ནང་། རྣམ་པ།  བོད་རང་གི་ཁྱད་ཆོས་ལྡན་པའི་ཕོ་བྲང་གི་རྣམ་པར་བཞེངས་ཡོད། ས་གནས། བོད་ལྗོངས་ལྷོ་ཁ་ས་ཁུལ་སྣེ་གདོང་རྫོང་།



ཕོ་བྲང་ཡུམ་བུ་བླ་སྒང་གི་ལོ་རྒྱུས་མདོར་བསྡུས།

      ཡར་རླུང་གཞུང་དུ་གནས་པའི་ཡུམ་བུ་བརླ་མཁར་ནི། ཤྭ་བ་ཡུ་མོའི་བརླ་ཤ་འདྲ་བའི་རིའི་སྟེང་དུ་ཆགས་པའི་མཁར་དུ་གོ་ཞིང་། དེ་ནི་སྤྱི་ལོ་སྔོན་གྱི་དུས་རབས་གཉིས་པའི་ནང་བོད་རྗེ་ཐོག་མ་གཉའ་ཁྲི་བཙན་པོའི་སྐུ་མཁར་དུ་བཞེངས། ལོ་རྒྱུས་དེབ་ཐེར་དུ་ཡུལ་ལ་སྔ་བ་ཡར་རླུང་སོག་ཁ་དང་། རྗེ་ལ་སྔ་བ་གཉའ་ཁྲི་བཙན་པོ།  མཁར་ལ་སྔ་བ་ཡུམ་བུ་བརླ་མཁར།  ཆོས་ལ་སྔ་བ་པང་ཀོང་ཕྱག་བརྒྱ། ཞེས་སྔ་བ་བཞིའི་ལོ་རྒྱུས་དེ་ནས་བྱུང་བས། བོད་ཀྱི་ལོ་རྒྱུས་དང་རིག་གནས་ཀྱི་འབྱུང་བ་བརྗོད་པའི་གལ་ཆེའི་གནས་བབ་བཟུང་ཡོད། ༼བོད་ཀྱི་སློབ་འབྲིང་དྲ་བ་ལས་བཤུས།༽

 
ཕོ་བྲང་ཡུམ་བུ་བླ་སྒང་།

      ཕོ་བྲང་ཡུམ་བུ་བླ་སྒང་ནི། ལྷོ་ཁའི་རྩེད་ཐང་གྲོང་རྡལ་ནས་ཁྲ་འབྲུག་བརྒྱུད་ན་ལྷོ་ཕྱོགས་སྣེ་གདོང་རྫོང་གི་ཇོ་མོ་བཀྲ་ཤིས་ཚེ་རིང་ཞེས་པའི་རི་ནུབ་ཏུ་ཟུར་གཉིས་བརྐྱངས་པའི་གཡོན་གྱི་རི་ཟུར་བྲག་རིའི་སྟེང་ཏོག་ལྟ་བུར་གནས་ཡོད། དེ་ནི་སྤྱི་ལོའི་སྔོན་གྱི་དུས་རབས་གཉིས་པའི་ནང་བོད་རྗེ་ཐོག་མ་གཉའ་ཁྲི་བཙན་པོས་བཞེངས་པའི་བོད་ཀྱི་ལོ་རྒྱུས་སྟེང་གི་ཕོ་བྲང་ཆེས་སྔ་ཤོས་ཡིན་ལ། ད་བར་དུ་མི་ལོ་ཉིས་སྟོང་ལྷག་གི་ལོ་རྒྱུས་མཆིས། བོད་རྗེ་ཐོག་མ་གཉའ་ཁྲི་བཙན་པོ་ནས་རྒྱལ་རབས་སོ་གཉིས་པ་གནམ་རི་སྲོང་བཙན་བར་གྱི་བཙན་པོ་རིམ་བྱོན་རྣམས་བཞུགས་སའི་ཕོ་བྲང་ཡིན་སྟབས་ལོ་རྒྱུས་ཀྱི་གནས་རྙིང་གྲགས་ཅན་ཞིག་ཡིན། དེ་ཡང་ཤྭ་བ་ཡུ་མོའི་བརླ་འདྲ་བའི་རི་སྟེང་དུ་བཏབ་པ་འབྲེལ་བ་རྒྱུ་མཚན་དུ་བྱས་ནས་མིང་ཚིག་ཏུ་གྲུབ་སྐད་ཀྱང་ཕྱིས་ཡིག་རྒྱུན་དུ་ཡུམ་བུ་བླ་སྒང་ཞེས་འབྲི་རྒྱུན་དར་རོ། ། ༼ཡོང་ཁུངས་བོད་ལྗོངས་རིག་གནས་དྲ་བ།༽

 
ཡུམ་བུ་ལྷ་མཁར།

      ཡུམ་བུ་ལྷ་མཁར་ཡང་ཟེར། བོད་རྗེ་གཉའ་ཁྲི་བཙན་པོ་བཞུགས་ས་དང་བོད་ཀྱི་རྒྱལ་བོའི་ཕོ་བྲང་སྔ་ཤོས་ཤིག་སྟེ། ལྷོ་ཁ་ས་ཁུལ་ཁོངས་སྣེ་གདོང་རྫོང་གི་ཉེ་འདབས་སུ་ཡོད།༼སྨོན་ལམ་ཚིག་མཛོད་ལས་བཏུས།༽

 
སྐུ་མཁར་ཐོག་མ་གང་ཡིན། དེ་བཙན་པོ་སུའི་སྐུ་རིང་ལ་གཞེངས།

      སྐུ་མཁར་ཐོག་མ་ཡུམ་བུ་བླ་སྒང་ནི་རྗེ་གཉའ་ཁྲི་བཙན་པོའི་སྐུ་རིང་ལ་བཞེངས་ཤིང་། སུམ་པའི་བོན་པོ་ཨོ་ཡོང་རྒྱལ་བ་བཏུལ་པ་དང་། སྣུབས་རྗེ་སྲིད་པ་རྒྱལ་ཕྲན་འབངས་སུ་འདུས་པ་གསུམ་ནི་རྗེ་གཉའ་ཁྲི་བཙན་པོའི་མཛད་རྗེས་གཙོ་བོ་ཡིན་ནོ། །༼ཡོང་ཁུངས་ཤེས་བྱ་དྲིས་བརྒྱ་བ།༽

 
ཡུམ་བུ་བླ་སྒང་།

      བོད་ལྗོངས་ལྷོ་ཁ་ས་ཁུལ་སྣེ་གདོང་རྫོང་ཕོ་བྲང་ཆུས་ཁོངས་ཇོ་མོ་བཀྲ་ཤིས་ཚེ་རིང་ཞེས་པའི་རི་ནུབ་ཏུ་ཟུར་གཉིས་བརྐྱངས་པའི་གཡོན་གྱི་རི་ཟུར་བྲག་རིའི་སྟེང་ཏོག་ལྟ་བུར་གནས་ཡོད། འདི་ལ་ཡི་གེ་མི་འདྲ་བ་ཡུམ་བུ་གླ་སྒང་དང་། ཡུམ་བུ་བརླ་སྒང་ཞེས་བྲི་སྟངས་མི་འདྲ་བ་འདུག བླ་སྒང་ཞེས་པར་རྒྱུ་མཚན་འདི་ཡིན་ཞེས་བཤད་པ་མི་སྣང་། འགའ་ཞིག་གིས་ཕོ་བྲང་འདི་ཆགས་སའི་རིའི་མཐའ་སྐོར་དུ་ཤིང་གླ་བའི་སྡོང་བོ་ཆུང་བ་མང་བོས་བསྐོར་ནས་ཡོད་པའི་དབང་གིས་ཡིན་ཟེར། ཡང་འགའ་ཞིག་གིས་ཕོ་བྲང་ཆགས་སའི་རི་དེ་ཤ་བ་ཡུ་མོ་ཉལ་ནས་སྡོད་པ་དང་འདྲ་ཞིང་། ཕོ་བྲང་ངོ་མ་ཤ་བ་ཡུ་མོའི་བརླ་ཤའི་སྒང་དུ་ཆགས་པའི་རྒྱུ་མཚན་གྱིས་ཡུམ་བུ་བརླ་སྒང་ཟེར་བ་ཡིན་གསུངས། ཕོ་བྲང་འདི་ལ་སྔ་དུས་ཀྱི་ལྡེབས་བྲིས་སུ་གཉའ་ཁྲི་བཙན་པོ་རྒྱལ་སར་འཁོད་པའི་ལོ་རྒྱུས་བྲིས་ཡོད་ཅེས༼ཡུམ་བུ་བླ་སྒང་གི་དཀར་ཆག༽ནང་འཁོད་འདུག དུས་རབས་བཅུ་བཞི་བའི་མགོར་མངའ་རིས་ཡ་ཚེའི་རྒྱལ་བོ་བསོད་ནམས་ལྡེ་དང་། བློན་པོ་ཤཱཀྱ་མགོན་པོ་གཉིས་ཀྱིས་ཉམས་གསོས་ཐོག་རྒྱ་ཕིབས་ཐོག་མར་བཀབ། ས་སྐྱའི་བདག་ཆེན་ཏི་ཤྲི་ཀུན་དགའ་རྒྱལ་མཚན་གྱིས་རབ་གནས་མཛད། ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་བས་སླར་ཡང་ལྷ་ཁང་ཉམས་གསོ་དང་། རྒྱ་ཕིབས་གསར་བརྗེ་མཛད། ཕོ་བྲང་འདིའི་སྒོ་ནི་ནུབ་ཕྱོགས་སུ་བསྟན་ནས་ཡོད། རྩེ་ནས་ཤར་ལྷོའི་ཕྱོགས་སུ་བལྟས་ན། བོད་ཀྱི་ས་ཞིང་གི་ཐོག་མ་ཡིན་ཟེར་བའི་ཞིང་ཁ་གྲུ་ནར་ཅན་ཞིག་མཐོང་རྒྱུ་འདུག ༼དུང་དཀར་ཚིག་མཛོད་ལས་དྲངས།༽