སྦྲ་ནག
དྲ་ཚིགས་དོ་དམ་པས།
འབྱུང་ཁུངས། སྤེལ་མཁན། སྤེལ་དུས།2016-10-21

ངོ་སྤྲོད་གནད་བསྡུས།

      ནོར་ནག་མོ་བརྒྱ་ཡི་བུ་མོ། །ལུག་ཚེ་དཀར་བརྒྱ་ཡི་ཚ་མོ། །འབབ་ས་མ་རྙེད་སྤང་ལ་བབས། །ཁེན་ས་མ་རྙེད་ནགས་ལ་ཁེན། །

     


སྦྲ་ནག་གི་ངོ་སྤྲོད།

༡ སྦྲ་ནག་གི་བྱུང་བ།

      སྦྲ་ནག་ནི་བོད་རོང་འབྲོག་གཉིས་སུ་ཕྱེ་བའི་འབྲོག་པ་གཏན་སྡོད་བྱ་ས་ཡིན་ལ། སྦྲ་ནག་གསར་དུ་གཏོད་པ་བོ་དང༌། སྦྲ་ནག་གསར་དུ་གཏོད་པའི་དུས་སོགས་སྔོན་དུ་བཤད་མྱོང་མཁན་མེད་ལ། མ་འོངས་པར་བཤད་ཀྱང་མི་སྲིད། དེ་ཅིའི་ཕྱིར་ཞེ་ན། སྦྲ་ནག་ནི་དེང་སྐབས་མི་གང་ཞིག་གིས་གསར་གཏོད་བྱས་པའི་འཕྲུལ་ཆས་འདྲ་བ་མ་ཡིན་པར། བོད་མི་གང་མང་ཞིག་གི་བློ་སྟོབས་ལས་སྦྲ་ནག་གི་ལེགས་ཆ་རེ་རེ་བྱུང་བ་ལས་གྲུབ་པ་ཡིན། དེ་གང་གིས་ཤེས་ཟེར་ན། བོད་ཁུལ་གྱི་ཕྱོགས་སོ་སོའི་སྦྲ་ནག་ལ་ཅུང་མི་འདྲ་བའི་ཆ་ཡོད་པའི་ཕྱིར་རོ། ། བོད་མི་ཐོག་མར་བྱུང་བའི་དུས་རིམ་ངོས་འཛིན་མི་ཐུབ་པ་བཞིན་དུ་སྦྲ་ནག་བྱུང་བའི་དུས་ཀྱང་ངོས་འཛིན་མི་ཐུབ་བོ། །

      དུས་ནམ་ཞིག་ལ་བོད་མི་བྱུང་བ་ནས། འཚོ་ཐབས་ཀྱི་ཕྱོགས་སུ་བློ་ཁ་རིམ་གྱིས་རྒྱས་ནས་འདུག་སའང་རོང་བས་ཞིང་བཏབ་ནས་དུས་བཞིར་གནས་གཅིག་ཏུ་བསྡད་ཆོག་པས་ཁང་བ་ལས་ནས་བསྡད་པ་དང༌། འབྲོག་པ་ཕྱུགས་ཀྱི་ཆེད་དུ་དུས་བཞིར་རྩྭ་ཆུ་གང་བཟང་དུ་གནས་སྤར་དགོས་པས་ན། སྒོ་ཕྱུགས་ལས་བྱུང་བའི་སྤུ་རིགས་གྱིས་ཐོན་བསྐྱེད་བྱས་པའི་སྦྲ་ནག་ཕྱོགས་གང་ཅིའི་ཐད་ནས་ཧ་ཅང་གི་སྟབས་བདེ་ཡིན་པས་འབྲོག་པའི་འདུག་ཁྱིམ་ལ་སྦྲ་ནག་གཏན་ཁེལ་བྱས་པ་ཡིན་འདུག

      འབྲོག་པའི་སྦྲ་ནག་ནི་རུས་སྦལ་དང་འདྲ་ལ་དེའི་སྟེང་སྨེ་བ་དགུ་དང་སྤར་ཁ་བརྒྱད། ཡང་ན་རྒྱུ་སྐར་ཉེར་བརྒྱད་ཚང་བས་ས་གནོན་གྱི་མཆོག་ཏུ་གྲགས། སྦྲ་འབུབས་སྐབས་སུ་སྦྲ་ཡི་སྒོ་ལྷོ་རུ་སྐོར་སྲོལ་ཡོད་ལ། སྦྲ་སྒོ་ལྷོ་རུ་བསྐོར་བའི་རྒྱུ་མཚན་ནི། ལྷོ་ནོར་རྒྱས་ཀྱི་གྲོགས་སྒོ་ཞེས་བརྗོད་སྲོལ་ཡོད། ཐབ་ཀྱི་སྒོ་ཤར་དང་ནུབ་ཏུ་བསྐོར་ལ། ཤར་ནི་ཤར་གྱི་གྲོགས་ལམ་ཞེས་ཕྱི་ཡུལ་གྱི་གྲོགས་ནང་དུ་འབྱུང༌ཞིང་། ནུབ་ནི་མི་གཡང་དང་ནོར་གཡང་གི་གནས་གཞི་ཡིན་པར་བཤད།

      ནང་མི་ཚང་མ་སྦྲའི་ནང་དུ་འདུས་པའི་ཚེ་གུང་བསང་ཞེས་བྱ་བའི་སྦྲའི་གུང་ཡོངས་རྫོགས་འབྱེད་ཅིང༌། ཐབ་ཏུ་བསང་ཤིང་གང་འཛོམས་ཀྱིས་བསང་མཆོད་འབུལ། བསང་དུད་ལས་དགེ་བའི་ལྟས་བརྟག་སྲོལ་ཡོད། ཁང་བའང་ལོ་རེ་བཞིན་ཇེ་བཟང་ཇེ་ལེགས་སུ་འགྲོ་ཡིན་ཡོད་པ་ནང་བཞིན་སྦྲ་ནག་ཀྱང་ཐོག་མར་བྱུང་བ་ལས་ཇེ་བཟང་ཇེ་ལེགས་སུ་སོང་བ་ཡིན་པ་སྙོན་དུ་མེད་དོ། །དེས་ན་སྦྲ་ནག་ནི་དུས་ནམ་ཞིག་ལ་གསར་བཏོད་པ་སུ་ཞིག་གིས་གསར་བཏོད་བྱས་པ་མ་ཡིན་པར། བོད་འབྲོག་དམངས་ཀྱིས་བློ་གྲོས་ལས་རིམ་གྱིས་མེད་པ་ནས་ཡོད་པ་དང༌། ཡོད་པ་ལས་ཇེ་ལེགས་སུ་གྱུར་པ་ཞིག་གོ ། 

 

༢ སྦྲ་ནག་གི་གྲུབ་ཆ།

      ༡ སྦྲ་ནག་གི་གྲུབ་ཆ་སྤྱིར་བཤད་པ། སྤྱིར་སྦྲ་ནག་གི་གྲུབ་ཆ་ནི་བོད་ཀྱི་གབ་ཚིག་ཏུ། ནོར་ནག་མོ་བརྒྱ་ཡི་བུ་མོ། ལུག་ཚེ་དཀར་བརྒྱ་ཡི་ཚ་མོ། འབབ་ས་མ་རྙེད་སྤང་ལ་བབས། ཁེན་ས་མ་རྙེད་ནགས་ལ་ཁེན། ཞེས་པ་ལྟར་དུ། རེ་ལྡེ་དང་ཐག་པ། ཀྭ་ཕུར་གྱིས་གྲུབ་པ་ཡིན། རེ་ལྡེ་ནི། རྩིད་ཁུལ་གྱིས་གྲུབ་པ་ཡིན་ལ། རྩིད་ཁུལ་ནོར་ནག་ལས་བྱུང་བ་ཡིན། ཐ་གུ་ཕལ་ཆེར་ལུག་བལ་ལས་གྲུབ་པ་ཡིན་པ། ཀ་བ་དང་ཕུར་བ་ནགས་ལས་བླངས་པ་ཡིན་པའི་རྒྱུ་མཚན་གྱིས་གོང་གི་གབ་ཚིག་འདི་ནི་སྦྲ་ནག་གི་གྲུབ་ཆ་སྤྱི་བསྡོམས་ཤིག་ཡིན་ནོ། །༢ སྦྲ་ནག་གི་གྲུབ་ཆ་བྱེ་བྲག་ཏུ་བཤད་ན། སྦྲ་ནག་གཙོ་བོ་རེ་ལྡེ་ཡིས་གྲུབ་པ་ཡིན། རེ་ལྡེ་ལ་རྒྱུ་སྤུན་གཉིས་སུ་ཕྱེ་བའི་རྒྱུ་ནི་རྩིད་པ་ཡིན་ལ་སྤུན་ནི་ཁུ་ལུ་ཡིན། སྦྲའི་ཁ་ཚུབ་དང་འདབས་ཀ་ས་འཐག་ཡིན་ལ། ས་འཐག་ནི་ལུག་བལ་ལས་གྲུབ་པ་ཡིན། ཐ་གུ་ལ་ངོ་ཐིག་དང་ཐུར་ཐིག  ཐད་ཐིག  ས་འདོགས།  ཆོན་ཐག་སོགས་ཡོད་ལ་ཕལ་ཆེར་ལུག་བལ་ལས་གྲུབ་པ་ཡིན། ནོར་རྩིད་དང་ཀོ་བ་ལས་གྲུབ་པའང་ཡོད། ཀ་བ་ལ་སྤྱིར་ནང་ཀྭ་དང་ཕྱི་ཀྭ་གཉིས་སུ་དབྱེར་ཡོད་པ་མ་ཟད། དེ་གཉིས་ལ་བྱེ་བྲག་གི་མིང་རེ་ཡོད་ཀྱང་འདིར་རེ་རེ་བཞིན་མ་བྲིས། ཕུར་བ་དང་ཆ་རུ་ལ་བྱེ་བྲག་གི་དབྱེ་བ་མེད་པར་བཤད།

 

༣ སྦྲ་ནག་གི་མཚོན་དོན།

      སྦྲ་ནག་གི་མཚོན་དོན་ནི། སྦྲ་ནག་གི་དབྱིབས་ནི་རུས་སྦལ་གྱི་དབྱིབས་ཀྱི་མཚོན་དོན་ཡིན་པར་རྒན་པོ་དག་གིས་བཤད་ལ། འབྲོག་པས་ཕྱུགས་ཟོག་འཚོས་ནས་ས་གཉན་ས་བཙན་ས་གང་དུ་འགྲོ་དགོས་པས། རུས་སྦལ་ལ་ས་ཆུས་མི་ཚུགས་པས་བཤད་རྒྱུན་ཡོད་པས་འབྲོག་པས་ཀྱང་རང་གི་བདེ་ཐང་གི་ཆེད་སྦྲ་ནག་གི་དབྱིབས་རུས་སྦལ་གྱི་དབྱིབས་ལྟར་བཅོས་པར་བཤད། ནང་ཀྭ་བརྒྱད་ཡོད་ལ་དེ་ནི་སྤར་ཁ་བརྒྱད་ཀྱི་མཚོན་དོན་ཡིན་པ་དང༌། ཕྱི་ཀྭ་དགུ་ཡོད་ལ་དེ་ནི་སྨེ་བ་དགུའི་མཚོན་དོན་ཡིན་པར་བཤད། སྤྱིར་བཟུང་བ་ལ་ཕོ་གཟུང་བཅུ་དྲུག་དང་མོ་བཟུང་བཅུ་དྲུག་སྟེ་བཟུང་བ་སོ་གཉིས་ལས། མཁའ་བཟུང་དང་ཕུག་བཟུང་བཞི་ཕུད་པའི་བཟུང་བ་ཉེར་བརྒྱད་ཀྱིས་རྒྱུ་སྐར་ཉེར་བརྒྱད་མཚོན་པར་བཤད་པ་དང༌། ངོ་ཐིག་བཅུ་གཉིས་ཀྱིས་ལོ་འགྲས་བཅུ་གཉིས་མཚོན་པར་བཤད། སྲིད་པ་ཧེའི་ཕྱག་རྒྱ་ཞེས་པའི་རི་མོ་མཚོན་ལྡན་མ་ཞིག་ཡོད་པའི་སྟེང་དུ་རུས་སྦལ་ཞིག་གི་གཟུགས་གན་རྐྱལ་གྱི་ལྟེ་བར་སྨེ་བ་དགུ། དེ་ནས་ཕྱི་རིམ་གྱི་མཐའ་སྐོར་དུ་སྤར་ཁ་བརྒྱད། ལོ་འགྲས་བཅུ་གཉིས། རྒྱུ་སྐར་ཉེར་བརྒྱད་སོགས་ཀྱི་རི་མོ་ཡོད་པ་དང༌། རྒན་པོ་དག་གི་བཤད་རྒྱུན་དུ་བོད་ཀྱི་སྦྲ་ནག་གི་སྟེང་དུའང་སྲིད་པ་ཧེའི་ཕྱག་རྒྱའི་སྟེང་གི་ནག་རྩིས་ཀྱི་སྐོར་གྱི་རི་མོ་མང་བོ་ཞིག་གི་མཚོན་དོན་ཡོད་པར་གཞིགས་ན་བོད་ཀྱི་སྦྲ་ནག་ནི་ནག་རྩིས་ཀྱི་རིག་པའི་གཞུང་ལུགས་ཤིག་དང་འབྲེལ་བ་དམ་ཟབ་ཡོད་པར་འདོད་ཀྱང་། ཤེས་མེད་ཅོལ་ཆུང་ཁོ་བོ་ལྟ་བུས་འོལ་ཚོད་ཀྱི་གཏམ་བཤད་མ་ནུས་པས་འདི་ཙམ་གྱིས་བཞག་གོ །

 

༤ སྦྲ་ནག་གི་དགེ་མཚན།

      སྦྲ་ནག་གི་དགེ་མཚན་ནི། ༡ རྒྱུ་ཆའི་སྐོར་ནས་སྟབས་བདེ་བ། སྦྲ་ནག་གི་རྒྱུ་ཆ་ཕྱོགས་གཞན་ནས་ལག་ལ་ཡོང་མི་ཡོང་གིས་བཙལ་མི་དགོས་པར། འབྲོག་པ་རང་གི་སྒོ་ཕྱུགས་ལས་ཐོན་གྱི་ཡོད་པས་སྟབས་བདེ་བོ་ཡིན་པ། ༢ རུ་བ་སྤོར་བའི་ཆ་ནས་སྟབས་བདེ་བ། འབྲོག་པ་ནམ་ཟླ་དང་བསྟུན་ནས་དབྱར་དགུན་སྟོན་དཔྱིད་སོགས་དུས་བཞིར་རུ་བ་སྤོར་དགོས་པས། སྦྲ་ནག་གི་གཡས་ཁྱིམ་དང་གཡོན་ཁྱིམ་སོ་སོར་བཀར་ནས་གཡག་ལ་ཁལ་བཀལ་ནས་སོང་ན་ཤིན་ཏུ་སྟབས་བདེ་ཡིན། ༣ ཁ་དོག་གི་ཆ་ནས་དགེ་མཚན་ཆེ་བ། སྦྲ་ནག་གི་ཁ་དོག་ནག་པོ་ཡིན་པས་དགུན་ཁར་ཉི་འོད་ཀྱིས་དྲོད་འཛིན་པ་དང༌། དབྱར་ཁར་ཧ་ཅང་གི་བསིལ་བའི་རང་བཞིན་ལྡན། ལྷག་པར་དུ་དབྱར་ཁར་འབྲོག་པར་དཀར་ཆུ་སྟེ་འོ་ཞོ་མང་བའི་དུས་ཡིན་པས། ཉི་འོད་ཀྱིས་འོ་ཞོ་མི་ངར་བའི་ཁྱད་ཆོས་ལྡན། ༤ ས་ཡོམ་གྱིས་གནོན་པ་བསྐྱལ་མི་ཐུབ་པ། ས་ཡོམ་བྱུང་ཚེ་ཁང་བརྩེགས་བཞིན་འཇིགས་སྐྲག་སྐྱེ་མི་དགོས་པར། དལ་དལ་ལྷོད་ལྷོད་ཀྱིས་བསྡད་ན་ཆོག   ས་ཡོམ་གྱིས་སྦྲ་ནག་ལ་གནོད་པ་སྤུ་ཙམ་ཡང་མི་ཐུབ་བོ། །མ་ཟད་སྦྲ་ནག་ནི་རླུང་ཁར་མི་ཐུབ་པ་མེད་པ་དང༌། ཆར་ཆུས་སྦངས་ནས་ལེན་རྒྱུ་མེད་པ་ཞིག་ཀྱང་བཅའ་མི་ཐུབ་པའི་དགེ་མཚན་ཆེན་པོ་ལྡན་ནོ། །

 

༥ སྦྲ་ནག་གི་མིང་ཚིག

      སྦྲ་ནག་གི་སྐོར་གྱི་མིང་ཚིག་ནི། སྦྲ། རེ་ལྡེ། ཐ་གུ། ཆ་རུ། རྩི་ཐག རྩི་སྐུད། བལ་ཐག བལ་སྐུད། ཀོ་ཆོན། ཀ་བ། ཕུར་བ། སྦྲ་སྒོ། སྦྲ་རྒྱབ། སྦྲ་ཀླད། སྦྲ་མཁལ། སྦྲ་སྣ། སྦྲ་ཞེང་། སྦྲ་འདབས། ཁ་ཚུབ། ངོ་ཐིག མཁལ་ཐིག ཐུར་ཐིག གྲུ་ཐིག འདབས་ཐིག བཟུང་ང་། ཕོ་བཟུང་། མོ་བཟུང་། ནང་ཀྭ  ཟུར་ཀྭ ཕྱི་ཀྭ ཆོན་ཐག ཕུགས་ཆོན། སྒོ་ཆོན། དཀྱིལ་ཆོན། གྲུ་ཆོན། ཧྲག་ཕྱར། ས་འདོགས་བཅས་སོ། །༼ཧི་མ་ལའི་རིག་མཛོད་ནང་ཁུལ་མི་སྣ་ཟླ་བ་འོད་ཟེར་གྱིས།༽

 

སྦྲ་ནག་གི་ལོ་རྒྱུས།

      སྦྲ་ནག་གི་ལོ་རྒྱུས་བཤད་སྐབས།    སྔོན་མ་སྔོན་མའི་ཡ་ཐོག་བོན་དབང་དུ་བྱས་པའི་ལོ་རྒྱུས་སློག་དགོས་པས་དཀའ་བར་སྣང་སྟེ།    དེ་ནི་ད་ལྟ་ངག་ཐོག་མ་གཏོགས་ཡིག་ཐོག་ཆ་ཚང་ཞིག་མེད་རྐྱེན་གདོད་མའི་ཡིག་ཆ་གཤིབ་རེས་ཀྱིས་བཤད་མི་བྲའོ། །དེས་ན་ཕྱིས་བྱུང་ཡིག་ཆ་རུ་གཞིག་ན་སྦྲ་ནག་དང་འབྲེལ་ཡོད་ཀྱི་ལོ་རྒྱུས་འགའ་ཞིག་རྙེད་ཐུབ་སྟེ།    དཔེར་ན།དགེ་ཆོས་ཀྱི༼དེབ་ཐེར་དཀར་བོ༽ནང་དུ།༼སྔོན་བོད་ཀྱི་དམག་རྣམས་སྦྲ་ནག་ཕུབ་ནས་འགྲོ་བ༽ཞེས་དང་།༼བཀའ་ཐང་སྡེ་ལྔ༽རུ། ༼བོད་ཀྱི་དམག་དཔུང་སྦྲ་ནག་ཕུབ་ནས་ནི༽ཞེས་པ་སོགས་ཀྱིས་བོད་བཙནཔོའི་སྐབས་ནས་བཟུང་དར་འདུག་པ་ཞིག་ཏུ་ཤེས་སོ། །དེར་བལྟས་ན་སྦྲ་ནག་ནི་ཡ་ཐོག་གདོད་མའི་འཚོ་བའི་ནང་བྱུང་བ་ཞིག་ཡིན་པ་འང་བཙན་པོའི་སྐབས་དར་ཁྱབ་ཆེ་བ་འདིས་སྟོན་ཐུབ། རྒྱུ་མཚན་ཞིག་ལོས་ཡོད་དེ། སྤྱིར་བཏང་བྱ་དངོས་ཤིག་བྱུང་བ་དང་དར་བའི་བར་དེར་ཉུང་མཐའ་ཡང་ལོ་ངོ་བཅུ་ཕྲག་ཁ་ཤས་ཤིག་དགོས་ཏེ། སྦྲ་ནག་བོད་ཁམས་ཡོངས་སུ་དར་ཁྱབ་དུ་འགྲོ་དགོས་ན་ལྷག་ཏུ་ལོ་མང་བོ་ཞིག་དགོས་པ་གདོན་མི་ཟ། སྐབས་དེའི་གནས་ཚུལ་ལ་བསམ་ན་ཡང་། བརྡ་འཕྲིན་དེང་དུས་བཞིན་སྟབས་མི་བདེ་བ། འགྲིམ་འགྲུལ་ཡོ་ཆས་སྔོན་ཐོན་མིན་པ། བོད་ཀྱི་རུ་ཁྱིམ་དག་རང་རང་ཡུལ་ལུང་དུ་སྡོདཔ། མདོར་ན་བླ་ནས་འབངས་ཀྱི་བར་དུ་བཀའ་རྒྱ་ཞིག་འཁྲོལ་དགོས་པའི་དབང་དུ་བཏང་ནའང་ལོ་ཕྱེད་ཙམ་འགོར་འགྲོ་བ་སོགས་ཀྱི་རྒྱུ་རྐྱེན་ལ་ལྟོས་ན་ཧ་ལམ་བྱུང་སྔ་བ་དར་འཕྱི་བའི་གནས་ཚུལ་དེ་སོམ་ཉི་བྲལ་བའི་ངང་འཆར་ཐུབ་བོ། །གཞན་ཡང་མཁས་དབང་དམུ་དགེའི༼ལོ་རྒྱུས་ཀུན་དགའི་ལེ་ལོང༽དུ་མཛངས་བློན་སོ་སོའི་མཛངས་པའི་ལས་བཤད་སྐབས།༼གཉིས་པ་ལྷ་བུ་མགོ་དཀར་ཏེ། །ཨེ་ཤོ་ལེགས་ཀྱི་བློན་པོ་བྱས། །མཛངས་ལས་ཞིང་ལ་དོར་ཁ་བརྩིས། །འབྲོག་ལ་ཐུལ་བརྩིས༽ཞེས་གསུངས་ཏེ་ལྷ་བུ་མགོ་དཀར་གྱིས་ནོར་ལུག་གི་ཐོན་བསྐྱེད་ཇེ་རྒྱས་སུ་བཏང་ནས་སྐུད་འཁེལ་དང་རུ་དབྱར་དགུན་བརྗེས་པ་སོགས་གང་ལ་གང་འཚམ་དེ་རྟོགས་ཤིང་། མ་ཟད་ནོར་ནག་གི་རིད་པའི་ཐོན་སྐྱེད་ལས་བཟོས་པའི་སྦྲ་ནག་ལ་རུ་སྤོར་བདེ་བ་སོགས་ཀྱི་ཁྱད་ཆོས་འདུག་པས། སྐབས་དེའི་དམག་འབངས་གཉིས་ནས་བེད་སྤྱོད་རྒྱ་ཆེན་པོ་གཏོང་གི་ཡོད་ཚུལ་བརྗོད་ཡོད། དེ་ནི་ཧ་ལམ་སྤྱི་ལོའི་དུས་རབས་དང་བོ་ཙམ་ལ་བྱུང་། དེས་ན་སྦྲ་ནག་འདི་དར་ཁྱབ་ཆེ་དུས་ཀྱང་སྤྱི་ལོའི་དུས་དང་བོའི་ནང་དེར་ཡིན་ཞིང་།    སྦྲ་ནག་ཐོག་མ་བྱུང་བའི་དུས་ཚིགས་དེ་ནི་སྤྱི་ལོ་སྔོན་གྱི་རྒྱལ་ཕྲན་སིལ་མའི་སྐབས་ཤིག་མིན་ནམ་སྙམ། སྐབས་དེར་རུ་སྤོར་རེས་ཀྱི་ཆས་ཀ་ལན་མང་དུ་བྱེད་དགོས་པས། དུས་སྐབས་དེའི་ཁོར་ཡུག་དང་འཚོ་བའི་ཤུགས་རྐྱེན་གྱིས་མི་རྣམས་ལ་འདི་ལྟ་བུའི་རང་རང་གི་འདུག་གནས་གསར་བ་ཞིག་བསྐྲུན་དུ་བཅུག་པ་ལོས་ཡིན་སྙམ་མོད། ལོ་ཚིགས་འདི་དང་གན་ཞེས་སུས་ཀྱང་ཁ་ཚོན་གཅད་ཐུབ་མེད་པས། སྦྲ་ནག་གི་བོད་ཀྱི་གནའ་བོའི་དུས་ནས་བཟུང་ཡོད་པར་འདོད་དོ། །༼བོད་ཀྱི་སློབ་འབྲིང་དྲ་བ་ལས་བཏུས།༽

 

སྦྲ་ནག་གི་བྱུང་འཕེལ།

      སྦྲ་ནག་གི་བྱུང་འཕེལ་ཞེས་པ་ནི་ཚུལ་ཇི་ལྟ་བུའི་སྒོ་ནས་བྱུང་བ་དང་ཕྱིས་ཇི་ལྟར་དར་བའམ་འཕེལ་བའི་སྐོར་བཤད་པ་ལ་ཟེར་བ་འདྲ་ལ་དེ་དམིགས་བསལ་གྱིས་འབྱེད་པ་རེད་མ་གཏོགས་སྤྱིར་བཏང་དུ་བྱུང་འཕེལ་དང་ལོ་རྒྱུས་གཉིས་ཕལ་ཅེར་མཚུངས། དང་བོ་ལ་བོད་རང་གི་ཡབ་མེས་གོང་མ་ཚོའི་བློ་གྲོས་ལ་བརྟེན་ནས་ནོར་ནག་གི་རྩིད་པ་ལས་བྱས་པའི་འདུག་གནས་ཤིག་བཟོས་པ་དེ་ལ་སྦྲ་ནག་ཟེར། དེ་ལ་དཀར་བོ་དང་ནག་པོ་གཉིས་ཡོད་པར་བཤད་དེ།༼ཇོ་བོ་རྗེའི་གདུང་རབས༽ནང་སྦྲ་དཀར་ནག་གི་ལོ་རྒྱུས་ཅུང་རྒྱས་པ་ཞིག་འཁོད་འདུག དེ་གཉིས་ལས་ནག་པོ་དེ་མདོ་ཁམས་ཕྱོགས་སུ་དར་ཞིང་། སྦྲ་རོག་རོག་ཅན་གྱི་ཁྲི་སྡེ་ཟེར་སྲོལ་ཀྱང་དེའི་རྐྱེན་པས་རེད་འདོད། དཀར་བོ་དེ་ཕལ་ཆེར་མངའ་རིས་ཞང་ཞུང་ཕྱོགས་སུ་དར་ཞིང་། སྔོན་དུས་གུར་དཀར་ཟེར་བའི་གཏམ་གོ་རྒྱུ་འདུག་པ་དེ་ཡང་སྦྲ་དཀར་བོ་ལ་གོ་དགོས་སྙམ།

      ཡང་མདོ་སྨད་ཀྱི་ཕྱོགས་ལ་ལར་རོང་བོ་སྦྲ་དཀར་ནག་ཅེས་པའི་ཚོ་སྡེ་འགའ་ད་ལྟའང་གནས་པ་དེ་ཡང་མངའ་རིས་སམ་ཞང་ཞུང་སྦྲ་དཀར་གྱི་ཁོངས་གཏོགས་ཨེ་ཡིན་བསམ། འདིར་སྦྲ་ནག་དམིགས་སུ་འཆད་པ་ཡིན་པས་དཀར་བོ་དེ་བསྐྱུར། ནག་པོ་ལ་ཡོངས་གྲགས་སུ་ཆེ་ཆུང་རབ་འབྲིང་གཉིས་སུ་བཤད། གོང་དུ་སྨྲས་པ་ནང་བཞིན་མང་ཆེ་ཤོས་དེ་བོད་ཀྱི་རུ་བའམ་དམག་དཔུང་ཚོས་བེད་སྤྱད་ཅིང་ཕྱིས་སུ་དམངས་ལ་ཁྱབ་པ་ཡིན། དེ་ལྟ་བུའི་སྦྲ་ནག་གི་རྒྱུ་ཆ་ནོར་རྩིད་ཡིན་ཞིང་། ཚུགས་ཀ་དང་རྣམ་པ་ནི་རུས་སྦལ་གྱི་གཟུགས་སམ། གཏན་ཚིགས་ཀྱིས་བརྗོད་ནས་དགྲ་དགུ་ཐུབ་ཀྱི་ཕྱག་རྒྱ་ལྟར་དུ་བཟོས་ཡོད་ལ་འབྱུང་བཞིས་མི་གནོད་པའི་ཁྱད་ཆོས་ཚང་། གཞན་ཡང་༼རྗེ་མི་ལའི་མགུར་འབུམ༽དུ༼ཐུབ་བཅུའི་ཕྱག་རྒྱ་ཆེན་མོའི་རྣམ་པ་ལྟར་བྱས༽ཡོད་ཚུལ་ཏེ། ཆོན་ཐག་བཞིས་ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི་མཚོན་ཞིང་གྲུ་ཐིག་ལ་སོགས་བཅུ་གཉིས་ཀྱིས་བསྟན་མ་བཅུ་གཉིས་མཚོན་པ་བཅས་སུ་གསུངས་ཏེ་ཆོས་ལུགས་དང་འབྲེལ་བའི་བཤད་སྲོལ་ཀྱང་ཡོད་འདུག གང་ལྟར་ཕྱིས་ཀྱི་འཇོན་མི་གང་མང་ཞིག་གིས་འདིར་བཅོས་བསྒྱུར་དང་ཁྱད་ཆོས་གང་ལེགས་བསྣན་ཏེ་མདོ་དབུས་མཐོ་སྒང་གི་མཁའ་དབུགས་དང་ཁོར་ཡུག་ཀུན་པོར་འཚམ་པའི་སྡོད་ཁང་སྦྲ་ནག་འདི་ད་ལྟའི་བར་གནས་ཐུབ་སོང་བ་མིག་མཐོང་དུ་གྲུབ་བསྡད་ཡོད་པ་རེད།༼རྩོམ་པ་བོ་སྡོམ།༽

 

སྦྲ་ཡི་དོན་བཤད་པ།

      སྤྱིར་སྦྲ་ནི་ནོར་ནག་གི་རྩིད་པས་བཟོས་པའི་ཁང་ཁྱིམ་ལ་ཟེར་ཞིང་།  ནག་ནི་ཁྱད་ཆོས་བརྗོད་པའི་མིང་སྟེ།  སྦྲའི་ཁ་དོག་ནག་པོ་ཡིན་པའི་ཆ་ནས་དེ་ལྟར་བརྗོད་པ་ཡིན།  དབྱིབས་ཀྱི་ཆ་ནས་སྦྲ་ནག་གྲུ་བཞི་ཞེས་འབོད་སྲོལ་ཡང་ཡོད། བོད་མི་རིགས་ཀྱི་འཚོ་བའི་ཁྲོད་སྦྲ་ནག་ཏུ་འཚོ་བ་རོལ་མཁན་མང་ཆེ་བ་འབྲོག་པ་ཡིན་ལ།    དེ་ནི་སྦྲ་ནག་འཁྱེར་བདེ་བ་དང་ཕུབ་བདེ་བ་སོགས་སྒོ་ཕྱུགས་ཀྱི་དོན་དུ་རང་དགར་གནས་སྤོར་བྱེད་ཆོག་པས།  འབྲོག་པའི་དངོས་ཡོད་འཚོ་བའི་དགོས་མཁོ་དང་ཧ་ཅང་འཚམ་པོ་རེད། སྦྲ་ཞེས་པའི་མིང་འདི་ནི་ཡིག་སྐད་ཡིན་ཏེ།  རོང་བ་རྣམས་ཀྱིས་སྦའམ་རྦ་ཞེས་འབོད་པ་དང་།  འབྲོག་པ་རྣམས་ཀྱིས་དུས་རྒྱུན་གྱི་འཚོ་བའི་ཁྲོད་རྭ་ཞེས་འབོད་པ་མ་གཏོགས་སྦྲ་ཞེས་འབོད་མཁན་ཤིན་ཏུ་ཉུང་།   མཁས་དབང་དགེ་འདུན་ཆོས་འཕེལ་གྱི་རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ་ལས། མདོ་སྨད་ཀྱི་འབྲོག་པ་རྣམས་ཀྱིས་རེ་ནག་གི་གུར༼སྦྲ་གུར་ལ་རེ་ལྡེ་ནག་པོའི་ཟེར༽ལ་རྭ་ཞེས་འབོད་ཅེས་གསུངས་ཡོད་ལ། འབྲོག་པའི་བཏགས་ས་ཞིག་ལས་ཀྱང་། རྭ་ནག་ནང་གི་འབྲོག་ནག་ཅེས་པ་དང་།   ཡང་གཏམ་དཔེ་ལས་ཀྱང་རྭ་རོག་རོག་དང་ཁང་སྐྱ་སྐྱ་ཞེས་འབྱུང་བ་ལྟ་བུའོ། །

      མི་མང་ཆེ་བས་སྦྲ་ནི་འདོད་རྒྱལ་གྱི་མིང་ཁོ་ན་ཞིག་ཏུ་ངོས་བཟུང་ནས་དེར་དོན་བཤད་དུ་མེད་སྙམ་གྱིན་ཡོད་མོད། ཕྲན་གྱི་འདོད་ཚུལ་ལྟར་ན་སྦྲ་ནི་འདོད་རྒྱལ་གྱི་མིང་ཞིག་མ་ཡིན་པར་དེ་ལ་དོན་བཤད་དུ་ཡོད་པར་འདོད། དེས་ན་འདིར་ཐོག་མར་བོད་ཀྱི་སྦྲ་ནག་ལས་འཕྲོས་པའི་མིང་གི་ཐ་སྙད་སྐོར་ཞིག་དྲངས་ཏེ་དཔྱད་པ་ཅུང་ཙམ་བགྱིད་ན།  སྦྲ་ཞེས་པ་ལ་འབོད་སྲོལ་མང་དུ་མཆིས་ཏེ།  སྦྲ་ལས་གཞན་ད་དུང་སྦའམ་རྦ་དང་རྭ་ལྟ་བུའོ། །སྦྲ་ཞེས་པ་ནི་ཡིག་སྐད་ཡིན་ཏེ།  ༼བོད་ལ་ཡི་གེ་གསར་དུ་བྱུང་ཚེ་།  ཡི་གེ་རྣམས་ཡུལ་མིའི་སྐད་གདངས་བཞིན་བྲི་དགོས་པས།༼སྔོན་གྱི་ཚེ་དེ་ལྟར་སྐད་རང་ལ་ཡོད་པ་ལ་ཡི་གེས་ཕར་བསྟུན་ནས་བཅོས་པ་ཡིན་ལ། ཡི་གེ་མ་བྱུང་བའི་སྔོན་དུ་བོད་པ་རྣམས་ཀྱིས་སྦྲ་ལ་རྭ་དང་སྦའམ་རྦ་ཞེས་འབོད་ཀྱིན་ཡོད་པ་ནི་བོད་ཀྱི་ད་ལྟའི་འཚོ་བའི་ཁྲོད་སྔོན་གྱི་འབོད་སྲོལ་དེ་དག་ད་དུང་མ་ཉམས་པར་རྒྱུན་ཆགས་སུ་གནས་ཡོད་པའི་རྗེས་ཤུལ་ལས་རྟོགས་ནུས་སོ། །

      རྭ་དང་རྦ་གཉིས་ནི་འབྲི་ཚུལ་མི་འདྲ་བ་ཙམ་ལས་གཅིག་ཡིན་ཏེ། ༼རྭ་ལ་ཝ་ཡིག་ཆུང་ལ་ར་ཡིག་ཆེ་བ་བྲིས།    རྦ་ལ་བ་ཡིག་ཆེ་ལ་ར་ཡིག་ཆུང་བར་བྲིས་པ་ཙམ་གྱི་ཁྱད་པར་ཡིན།༽ སྦ་དང་རྦ་གཉིས་ནི་ཡིག་གཟུགས་ཀྱི་སྟེང་ནས་ཁྱད་པར་བྱུང་བ་མ་གཏོགས་སྒྲ་གདངས་གཅིག་ཡིན་པས། རྦ་ནི་ཡང་དག་པར་མཐོང་ངོ་། །དེས་ན་འདིར་གླེང་བར་བྱ་བའང་རྭ་དང་རྦ་ཡིན་ལ།   ༼རྭ་ནི་ཁྱིམ་གྱི་མིང་དུ་བྱེད་པ་འདུག་ལ། མི་བསྐྱོད་རྡོ་རྗེའི་གཙུག་ལག་ཁང་ལ་ཡང་ར་མོ་ཆེ་དང་།  སྐྱོ་ལུང་འདར་ཡང་ར་མོ་ཆེ་བྱ་བ་ཞིག་དང་།  གཞན་ཡང་རྭ་སྟོད་རྭ་སྨད།  རྭ་བ་གོང་འོག  རྭ་ཆེ་ཆུང་སོགས་སྔོན་གྱི་མིང་འདོགས་ཚུལ་ལ་ཅི་བས་ཀྱང་མང་པ་ཞིག་གོ །༽ གོང་དུ་བརྗོད་པ་བཞིན་རྭ་དང་རྦའམ་སྦ་རྣམས་དོན་གཅིག་ཏུ་སྣང་བས་རྦའམ་སྦ་ཡི་དོན་ཡང་ཁྱིམ་དང་ཁང་བའི་དོན་དུ་འཇུག་པ་ཡིན་ཏེ། གཏམ་རྒྱུད་གསེར་གྱི་ཐང་མ་ལས་ཀྱང༼དེས་ན་ཁྱིམ་ནག་བྱ་བ་དང་རྦ་ནག་བྱ་བ་ཡང་གོ་རྒྱུ་གཅིག་པ་འདུག༽ཅེས་གསུངས་ཡོད། དེ་བས་སྦྲའི་དོན་ཡང་ཁྱིམ་གྱི་དོན་ཡིན་པ་ངང་གིས་རྟོགས་ནུས་ལ།  དུས་རྒྱུན་རྭ་ནང་དུ་འགྲོ་ཞེས་དང་རྦ་ནང་དུ་འགྲོ་ཞེས་པ་ཡང་ཁྱིམ་ནང་དུ་འགྲོ་ཞེས་པའི་དོན་ཡིན། འདིར་བསམ་དགོས་པ་ཞིག་ལ་བོད་ཀྱི་རྩ་བའི་རུས་ཆེན་བཞི་བགྲང་སྐབས་ཀྱང་།    སྦྲ་ཞེས་པའི་མིང་འདི་འབྲི་སྲོལ་ཡོད་པ། ༼སློབ་དཔོན་པད་མ་སམ་བྷ་ཝས་མཛད་པའི་ལྷ་བསང་རྒྱག་བརྔན་ཆེན་མོ་ལས། གདོང་གི་གདོང་ལྷ་མོ་ཆུང་བསང་། སྦྲ་ཡི་སྦྲ་མོ་རེ་ཁྲ་བསང་།    འབྲི་ཡི་འབྲི་མོ་ཁྲོམ་ཁྲོམ་བསང་། སྒ་ཡི་སྒ་མོ་ལེ་ལེ་བསང་།  ཞེས་རྩ་བའི་རུས་ཆེན་གདོང་དང་སྦྲ    འབྲུ།  སྒ། བཞི་བགྲང་ཡོད་ཅིང་།     རིགས་བཟང་ངན་གྱི་ཆ་ནས༼བསེའི་ནང་གི་བཟང་བོ་གཙོ་བོ་རྣམས་ལ་བསེ་ཁྱུང་སྦྲ༽དང༼སྦྲ་མིང་རྣ་ཅན་ཞེས་ཕྱུག་དཔལ་ཆེ་བའི༽དོན་ལ་སྦྱོར་བཞིན་ཡོད་པས་འདི་དང་སྦྲ་ནག་གི་སྦྲ་གཉིས་ཀྱི་བར་དུ་འབྲེལ་བ་ཅི་ཞིག་ཡོད་མེད་ནི་དཔྱད་པར་བྱ་བའི་ཡུལ་ཞིག་གོ །

      འོ་ན་རྭ་དང་རྦ་གཉིས་ཀྱི་དོན་གཅིག་ཡིན་ན་དེ་ལ་ཅིའི་ཕྱིར་སྒྲ་གདངས་མི་འདྲ་བ་གཉིས་བྱུང་བ་ཡིན་ཞེ་ན། ༼དེའི་རྒྱུ་མཚན་ནི་སྔོན་གྱི་ཀློག་ལ་སྔོན་རྗེས་ཐམས་ཅད་སྒྲ་མཐོན་པོར་ཀློག་པའི༽ རྐྱེན་གྱིས་ཡིན་ཏེ།   དཔེར་ན། ༼འབྲས་ལྗོངས་པ་རྣམས་ཀྱིས་བྱིན་པ་བྱ་བ་ལ་བི་ཡ་ན་པ་བྱ་བ་དང་།    ཁྱིམ་ལ་ཁི་ཡ་མ།  ཡང་བླ་དྭགས་པ་རྣམས་ཀྱིས་སྐྲ་ལ་ས་ཀ་ར༽ཞེས་པ་ལྟ་བུར། རྦ་དང་རྭ་ཞེས་པའང་ར་བ་ཞེས་ཀློག་པ་ལ་རྦ་ནི་ར་ཡིག་སྐོང་ནས་རྦ་ཞེས་བ་ཡི་སྒྲ་གདངས་ཆེ་བར་ཀློག་པ་དང་།  རྭ་ནི་བ་ཡིག་སྐོང་ནས་རྭ་ཞེས་ར་ཡི་སྒྲ་གདངས་ཆེ་བར་ཀློག་པ་ཡིན་པར་འདོད། མིང་གི་བྱུང་འཕེལ་གྱི་ཆོས་ཉིད་སྟེང་ནས་བཤད་ནའང་སྦྲ་ཞེས་པའི་མིང་འདི་འདོད་རྒྱལ་ཡིན་མི་སྲིད་དེ།   ༼འདོད་རྒྱལ་ནི་མིང་གི་ཐོག་མའི་འདོགས་ལུགས་ཡིན༽ལ།     རྗེས་གྲུབ་ནི་འདོད་རྒྱལ་གྱི་མིང་གི་གོ་བ་སྔར་སོང་གི་རྨང་གཞིའི་སྟེང་། འདྲ་བའམ་འབྲེལ་བ་སོགས་རྒྱུ་མཚན་ནམ་སྒྲ་བཤད་དང་བཅས་ཏེ་བློ་གྲོས་ཅན་གྱིས་ཕྱིས་སུ་བཏགས་པའི་མིང་ཡིན། དེ་བས་ས་སྐྱ་པན་ཊི་ཏའི་ཞལ་ནས། དེ་ཡི་དང་བོ་འདོད་རྒྱལ་སྒྲ། །དེ་ལ་བརྟེན་ནས་ཕྱི་ནས་དོན། །གཞན་ལ་སྒྲོ་བཏགས་རྗེས་གྲུབ་སྒྲ། །ཞེས་གསུངས་ཡོད་ལ།    སྨྲ་སྒོ་ལས་ཀྱང༼འཐད་པར་སྒྲུབ་པའི་རིགས་པ་དག །ཆོས་ཉིད་ལ་ནི་བརྟེན་པ་བཞིན། །དོན་ལྡན་མིང་ཡང་དེ་བཞིན་དུ། །འདོད་རྒྱལ་ཐོག་མ་ཉིད་ལ་བརྟེན། །༽ཞེས་གསུངས་ཡོད། དེས་ན་བོད་ཀྱི་མེས་པོ་རྣམས་ཀྱི་རང་གི་བློ་གྲོས་ཀྱི་རྩལ་ལ་བརྟེན་ནས་ཁང་ཁྱིམ་དྲོན་མོ་བཟོས་པའི་ལོ་རྒྱུས་ལ་རིགས་པའི་རྗེས་སུ་དཔག་ནའང་སྦྲ་ནག་ཐོག་མར་བྱུང་བར་ནམ་ཡང་གཞི་མི་གྲུབ་སྟེ། ༼མིའི་རིགས་རང་བྱུང་ཁམས་དང་ཡུན་རིང་འཐབ་རྩོད་བྱས་ཏེ་ཆགས་འཇིག་དང་གནོད་འཚེ་སོགས་ལས་ཚུར་སྣང་བྱས་པའི་འདུ་ཤེས་གསར་བ་ཞིག་བྱུང་ནས༼རང་བྱུང་གི་སྡོད་ཁང་སྤྱིལ་བུ་དང་གད་ཁུང་།  བྲག་ཕུག་སོགས་སྟེས་དབང་གི་ཐོབ་ཅིང་སྤྱོད་པ་སོགས་རྡོ་ཆས་རྙིང་མའི་དུས༽སུ་བྱུང་བ་དང་།   དེ་ནི་མིའི་རིགས་ཀྱི་ཁང་ཁྱིམ་གྱི་ཐོག་མའང་རེད།  རང་རེའི་བོད་ལ་མཚོན་ནའང༼ས་རྡོ་ཤིང་གསུམ་གྱིས་བཟོས་པའི་ཁང་བ་མ་བྱུང་གོང་ནས་སྤྱོད་རྒྱ་ཆེ་ཞིང་ལོ་རྒྱུས་རིང་བ་ནི་ཕྱིང་གུར་ཡིན༽ལ། ༼དེའི་མུར་སྦྲ་གུར་བྱུང༽བ་ཡིན།  དེས་ན་སློབ་དཔོན་ཀླུ་སྒྲུབ་ཀྱིས༼འཇིག་རྟེན་རྨོངས་པ་སེལ་བའི་ཕྱིར། །མིང་དུ་གདགས་པར་མཛད་པ་ཡིན། །༽ཞེས་གསུངས་པ་བཞིན་མིའི་རིགས་སྟེས་དབང་གིས་འཕྲད་པའི་ཆེས་ཐོག་མའི་སྡོད་ཁང་དེ་དག་ནི་འདོད་རྒྱལ་གྱིས་བཏགས་པའི་མིང་ཡིན་སྲིད་ལ།     དེ་རྗེས་ཀྱི་ཡུན་རིང་བའི་ལོ་ཟླའི་ཁྲོད་དུ་མིའི་རིགས་ཀྱི་བློ་གྲོས་གོང་དུ་འཕེལ་བ་དང་བསྟུན་ནས།  ཕྱིང་གུར་སོགས་བཟོས་པ་ཡིན་པས།  དེ་ནི་རྗེས་གྲུབ་ཀྱི་མིང་ཞིག་ཡིན་ངེས་ཏེ།   མིའི་རིགས་ཀྱི་འདུ་ཤེས་ཀྱི་སྟེང་ན་ཁང་བ་ཞེས་པའི་བརྡ་རྟགས་ཤིག་ཡོད་པས།   དཔེར་ན།   ཐོག་མར་ས་ཞེས་འདོད་རྒྱལ་གྱི་མིང་ཞིག་བཏགས་པ་ནས་བཟུང་མིང་གི་གོ་བ་སྔར་སོང་གི་རྨང་གཞིའི་སྟེང་།  འདྲ་བའམ་འབྲེལ་བ་སོགས་རྒྱུ་མཚན་དུ་བྱས་ནས།    ས་གཞི་དང་ས་སྒང་།  ས་སྐྱ་ཞེས་བཏགས་པ་བཞིན་རྗེས་གྲུབ་ཀྱི་མིང་ཞིག་འདོགས་དགོས་ལ།    ལྷག་པར་དུ་སྦྲ་ནག་གི་བྱུང་བ་ནི་ཅུང་འཕྱིས་ཏེ།  ༼འབྲོང་ཕོ་མོ་གཡག་དང་འབྲི་རུ་བཏུལ༽བ་ནས། ༼ད་འཕྲང་ཅང་འཕྲང་ལག་ཆར་ཞགས་པ་འཕེན༽པའི་ཐག་བརྒྱུས་ཀྱི་རྨང་གཞིའི་ཆ་རྐྱེན་མང་བོ་ཞིག་སྔོན་དུ་སོང་ཞིང་དུས་ཡུན་རིང་བའི་འཕེལ་རྒྱས་ཁྲོད་ད་གཟོད་ད་ལྟའི་དུས་ཀྱི་འཁལ་འཐག་གི་ལག་རྩལ་ཤིན་ཏུ་སྔོན་ཐོན་ལས་གྲུབ་པའི་སྦྲ་ནག་འདི་བྱུང་བ་ཡིན་པས་དེ་ནི་རྗེས་གྲུབ་ཀྱི་མིང་ཞིག་ཡིན་པ་རྗེས་སུ་དཔག་ནུས་སོ། །༼ ཡོང་ཁུངས། མཚོ་སྔོན་པོ་བོད་ཡིག་ཟིན་བྲིས།༽

 

འབྲོག་པའི་སྦྲ་ཁྱིམ།

      འབྲོག་མི་དག་གི་རྒྱུན་གྱི་སྡོད་གནས་ནི་རྩིད་རེས་བཟོས་པའི་སྦྲ་ཆེ་ཆུང་དག་ཡིན་ཞིང་། ཡུལ་དེ་དག་ཏུ་རོང་ཡུལ་ལྟ་བུའི་མཁར་ཁང་ནི་གོང་གསལ་དགོན་སྡེ་ཁག་མ་གཏོགས་སུ་ལའང་མེད་པ་རེད། དེའི་དོན་ནི། སྤྱིར་འབྲོག་ཡུལ་དུ་ཤིང་ཆའི་རིགས་ཧ་ཅང་དཀོན་ཞིང་། དགོས་ངེས་པའི་སྦྲའི་ཀ་བ་སོགས་ཀྱང་ཧ་ཅང་ས་ཐག་རིང་ཞིང་འགྲུལ་བཞུད་བྱེད་དཀའ་བའི་ཡུལ་ཁག་ནས་འཐོན་དགོས་ཀྱི་ཡོད་པ་དང་། མ་ཟད་འབྲོག་དམངས་ཀྱི་འཚོ་རྟེན་གཙོ་བོ་ནི་དེ་དག་ལ་གང་ཡོད་པའི་སྒོ་ཕྱུགས་དག་ཡིན་ཞིང་། སྒོ་ཕྱུགས་ནི་རྟག་པར་གཟས་ཁ་གང་བཟང་གི་གནས་ལ་བརྟེན་དགོས་པ་ལྟར། དབྱར་དགུན་སྟོན་དཔྱིད་ཀྱི་དུས་སོ་སོར་སྡོད་ཡུལ་སྤོ་དགོས་པས་ཁང་ཁྱིམ་གྱིས་ཕན་ཐོགས་མེད་པ་རེད། འབྲོག་པའི་སྦྲ་ཕལ་ཆེ་བ་ནི་ཧ་ཅང་ཆེ་ཞིང་སྤུས་དག་པོ་ཤ་སྟག་ཡོད་འདུག་ཅིང་། དེ་དག་ནི་འབྲོག་མི་རང་ཉིད་ཀྱི་ལག་ཤེས་ལ་བརྟེན་ནས་འཁལ་འཐག་བྱས་པའི་རྩིད་རེ་ནག་པོ་འབའ་ཞིག་གིས་བཟོས་པ་རེད། སྦྲ་ཆེན་པོ་འགའ་ཤས་ཀྱི་ནང་དུ་ཀ་བ་བཅུ་གཉིས་དང་། ཡང་ན་བཅུ་དྲུག་ཙམ་ཡོད་འདུག་པ་དང་། སྦྲའི་ཕྱི་ལོགས་སུ་ཆོན་ཐག་རིང་ཐུང་ཧ་ཅང་མང་བོ་ཞིག་ཡོད་པ་རེད། འབྲོག་པའི་གཞོན་ནུ་དག་གིས་ཁེད་རྩོད་པའི་ཚེ། ༼གཡག་ཡུ་བརྒྱ་ལ་སྣ་ཐག་གཅིག །༽ཅེས་པའི་དོན་གང་རེད་ཅེས་དྲིས་པའི་ལན་དུ། དེ་ནི་ཕྲེང་བ་རེད་ཅེས་དང་། ཡང༼གཡག་ཡུ་གཅིག་ལ་སྣ་ཐག་བརྒྱ། །༽ཞེས་པའི་དོན་གང་རེད་ཅེས་དྲིས་པའི་ལན་དུ། དེ་ནི་སྦྲ་ཆེན་རེད་ཅེས་ཤོད་སྲོལ་ཡོད་འདུག་པ་དེ་བདེན་པ་འདྲ་ཞིག་སྣང་། སྤྱིར་བཏང་སྦྲ་ཕུག་ནས་སྒོར་ཁ་བལྟས་པའི་གཡས་ཕྱོགས་ཀྱི་མིང་ལ༼མོ་སྦྲ༽ཞེས་པ་སྟེ། དེའི་ནང་དུ་རྟག་པར་བུད་མེད་ཀྱི་རིགས་རྣམས་གནས་ཤིང་། ཞོ་མར་ལ་སོགས་པ་དཀར་ལས་ཀྱི་རིགས་གཙོ་ཆེ་བའང་དེའི་ནང་དུ་བྱེད་ཅིང་། སྦྲ་ཆེན་འགའ་ཤས་ལ་མོ་སྦྲའི་ནང་དུ་གཉེར་ཁང་ཟུར་ཆོད་བཟོས་པའང་སྣང་ངོ་། །གཡོན་ཕྱོགས་ལ༼ཕོ་སྦྲ༽ཞེས་པ་སྟེ། རྟག་པར་ཕོའི་རིགས་དེར་གནས་ཤིང་འགྲིམ་པའི་སྡོད་གནས་ཀྱང་དེར་བྱེད་པ་དང་། ཤ་སོགས་དམར་ལས་གང་བྱེད་དགོས་པའང་དེར་བྱེད་ཆོག་གི་ཡོད་པ་རེད། སྦྲ་ཆེན་ཕལ་ཆེ་བའི་ཕོ་སྦྲའི་ནང་དུ་མཆོད་ཁང་ཆུང་ངུ་རེ་ཟུར་ཆོད་བཟོས་འདུག་པ་དེ་དག་ཏུ་རྒྱུན་གྱི་མཆོད་གནས་འབྲེལ་ཆེ་བ་དག་བཞུགས་སྲོལ་ཡོད་པ་རེད། འབྲོག་མི་དག་གིས་མོ་སྦྲའི་ནང་དུ་ཤ་དམར་རྗེན་གཏན་ནས་ཁྱེར་སྲོལ་མེད་ཅིང་། གལ་ཏེ་ཁྱེར་བ་ཡིན་ན་གུང་ལྷ་འཁྲུགས་ནས་མི་ཕྱུགས་ལ་གོད་ཁ་འབྱུང་བར་བཤད་དོ། །དེ་ཡང་མོ་སྦྲའི་ནང་དུ་གུང་ལྷ་ཞེས་བྱ་བའི་ལྷ་རྟེན་སོགས་ཕོ་སྦྲ་ལས་ཐ་དད་པ་ནི་གང་ཡང་མི་སྣང་ཞིང་། གུང་ཞེས་པའི་མིང་འདོགས་ཡུལ་དངོས་ནི་སྦྲའི་ཀླད་ཁུང་སྟེ། དེས་མཚོན་བྱེད་དུ་བྱས་པའི་མཚོན་བྱའི་ལྷ་ཞིག་ལ་ཡིད་བརྟན་བྱས་པའམ་ཡང་ན་གནའ་དུས་ཀྱི་ལོ་རྒྱུས་འགའ་ཞིག་ལ་ལྟོས་པ་གང་ཡིན་མ་ངེས་ཤིང་། ཡང་ཡ་མཚན་འོས་པ་ཞིག་ལ། འབྲོག་མི་དག་གིས་ཁ་ཆར་ཧ་ཅང་དྲག་པོ་འབབ་པའི་དུས་སུ་མ་གཏོགས་ཉིན་མཚན་གང་གི་དུས་ཡིན་ཡང་རུང་སྦྲའི་གུང་ཡོངས་རྫོགས་བསུམ་སྲོལ་མི་འདུག སྐབས་འགར་གཞོན་ནུ་དག་གིས་གུང་ཐག་འཐེན་ཆེས་པས་ཡོངས་རྫོགས་བསུམས་པའི་ཚེ་ཕ་མ་དག་ན་རེ། ༼གུང་ནག་མ་བྱེད། དམུ་གབ་ཡོང་དོག་གི༽ཅེས་ཟེར་ཞིང་གུང་ཅུང་ཟད་ཕྱེ་ནས་འཇོག་སྲོལ་འདུག

      འབྲོག་མི་ཕྱུག་པོ་དག་གི་སྦྲ་ཆེན་གྱི་གཡས་གཡོན་དུ༼ནག་ཚང༽ཞེས་བྱ་བ་སྦྲའི་བཟོ་དབྱིབས་ཐ་དད་པ་ཆུང་ངུའི་གྲས་འགའ་རེའང་ཡོད་འདུག་པ་དེ་དག་ནི་ནང་གི་ཕ་མའི་སྡོད་ཁང་ངམ། བླ་མཆོད་ཀྱི་ཆེད་དམ། འགྲིམ་པའི་ཆེད་དམ། ལག་བཟོ་བ་སོགས་དགོས་པ་མི་འདྲ་བ་དག་གི་ཆེད་དུ་ཡིན་འདུག་པ་དང་། ཡང༼གུར་ར༽ཞེས་བྱ་བ་ཆུང་ངུ་དག་ཕྱུགས་ལྷས་ཀྱི་མཐའ་བསྐོར་རྣམས་སུ་ཡོད་འདུག་པ་དེ་དག་ནི་ཕྱུགས་སྲུང་བ་དག་གི་ཆེད་དུ་ཡིན་པ་རེད། གཞན་ཡང༼གཡབ༽ཅེས་པ་ཚོང་འགྲུལ་པའི་ཆེད་དང་། རས་ཀྱིས་བཟོས་པའི་གུར་དང་། ཁྲ་གུར། ཅོག་གུར་སོགས་བཟོ་དབྱིབས་མི་འདྲ་བ་མང་དག་སྣང་བ་དེ་དག་ཀྱང་གནས་དུས་ཀྱི་དགོས་པ་མི་འདྲ་བ་དག་ལ་བརྟེན་ནས་བཟོས་པ་སྟེ། མདོར་ན་རོང་ཡུལ་གྱི་གྲོང་དང་གྲོང་གསེབ་ན་གནས་པའི་མི་དག་གི་མཁར་ཁང་ཆེ་ཆུང་སྣ་ཚོགས་པ་དག་དང་འདྲ་བ་ཡིན་ནོ། །༼ཡོང་ཁུངས་ནམ་མཁའི་ནོར་བུའི་གསུང་རྩོམ་ཕྱོགས་བསྒྲིགས།༽

 

མཐིང་སྨུག་སྦྲ་ཁྱིམ།

སྦྲ་ནི་འབྲོག་པའི་སྡོད་ཁང་སྟེ། བོད་དུ་འཁེལ་འཐག་གི་ལག་ཤེས་བྱུང་བ་དང་བསྟུན་ནས་དར་ཞིང་། སྦྲ་བཟོ་བྱེད་ཀྱི་རྒྱུ་ནི་བལ་རྩིད་ཀྱིས་བཏགས་པའི་ཐགས་ཏེ་རེ་ལྡེ་བྱ་བ་ཡིན། ཡིན་ནའང་སྦྲ་ནག་གཅིག་ཕུབ་པ་ལ་ད་དུང་ཆོན་ཐག་དང་ཀ་བ། གདུང་མ། ཕུར་བ་བཅས་ཡོད་པ་དང་། ཀ་བས་གདུང་མ་འདེགས་པ། གདུང་མས་སྦྲ་ནག་བཏེགས་ཐོག ཆོན་ཐག་གིས་བརྐྱངས་ཏེ་ཡོ་གཟུར་མེད་པ་བྱ་དགོས་ཤིང་། དེ་ནས་ཕུར་བ་གདབ་སྟེ་འདོགས་པར་བྱེད། སྦྲ་ནག་གི་གྲུབ་སྟངས་དང་བཟོ་བཀོད་སྟབས་བདེ་ཞིང་བཀོལ་སྤྱོད་ཀྱི་རིན་ཐང་ཆེན་པོ་ལྡན། བཀོད་སྤྱོད་ཀྱི་ཆ་ནས་བཤད་ན། ༼སྒྲུབ་པ་གཅོད་རྒྱལ་གྱིས་བཤད་པའི་འཛམ་གླིང་གེ་སར་རྒྱལ་བོའི་སྒྲུབ་བདམས་བསྒྲིགས༽སུ་སྐྱིད་ཀྱི་གཡུ་སྦྲ་གོང་དགུ་ཡོད། །ཕོ་ལོང་ཐམས་ཅད་གསེར་ལོང་རེད། །མོ་ལོང་ཐམས་ཅད་དངུལ་ལོང་རེད། །ཆ་རུ་ཐམས་ཅད་དུང་སྒྲོག་རེད། །ངོ་ཐིག་ཐམས་ཅད་མུ་ཏིག་རེད། །རིན་པོ་ཆེ་ཡི་དོ་ཆ་ཡོད། །རྨང་ནག་གོས་ཀྱི་དོ་ཕྱར་ཡོད། །གླིང་ཕ་ཆོས་དུམ་པ་བཅུ་གཉིས་ཡོད། །གསེར་སེར་བོའི་ཐར་མདོ་དགུ་བརྒྱ་ཡོད། །དངུལ་དཀར་བོའི་མ་ཎི་བཀའ་འབུམ་ཡོད། །བྱུ་རུའི་ཚེ་དཔག་མེད་མགོན་ཡོད། །གཡུ་ཡི་སྒྲོལ་མ་རང་བྱོན་ཡོད། །ཕུགས་ཆོན་དབུས་གཙང་ཡུལ་ལ་འཐེན། །དཀྱིལ་ཆོན་སྐུ་རྒྱལ་བོད་ལ་འཐེན། སྒོ་ཆེན་རྒྱ་ནག་ཡུལ་ལ་འཐེན། །ཞེས་བཀོད་ཡོད་པ་བཞིན། སྦྲའི་ཁ་འཚུབ་ཀྱི་ཕོ་སྦྲའི་ཕྱོགས་སུ་ཕོ་ལོང་ཞེས་པའི་ཆ་རུ་དང་། མོ་སྦྲའི་ཕྱོགས་སུ་མོ་ལོང་ཞེས་པའི་ཐིག་གུའི་ཨ་ལོང་བཏགས་ཡོད་པ་དང་། སྦྲའི་ངོས་ལ་ངོ་ཐིག་དང་འདབས་ལ་འདབས་ཐིག་འདོགས་པ། སྦྲའི་ནང་གི་གཡས་ཕྱོགས་ལ་ཡར་སྒྱེད་དང་གཡོན་ཕྱོགས་ལ་མ་སྒྱེད་ཅེས་ཟེར། དེ་དག་ལ་མོ་ཁྱིམ་དང་ཕོ་ཁྱིམ་དུ་འབོད་པའང་ཡོད། མ་སྒྱེད་ཀྱི་ཕྱོགས་སུ་བུད་མེད་རྣམས་ཀྱིས་འོ་ཞོ་མར་གསུམ་སོགས་ཀྱི་ཁྱིམ་ལས་གཉེར་བ་དང་། ཡར་སྒྱེད་ཕྱོགས་སུ་ཕུགས་བསྐོར་ནས་དོ་ཆ་བརྩིགས་པ་དང་། ཕུགས་ཆོན་གྱི་ཕྱོགས་སུ་སྐུ་གསུང་ཐུགས་རྟེན་གྱི་མཆོད་ཁྲི་བཤམས།

སྦྲའི་དབྱིབས་ཀྱི་ཆ་ནས་བཤད་ན། སྦྲའི་ཡན་ལག་ཐམས་ཅད་རེ་རེ་བཞིན་སྤར་ཁ་བརྒྱད་དང་སྨེ་བ་དགུ། ལོ་རིས་བར་སྐལ་བཅུ་གཉིས་ཀྱི་དཔེ་རུ་བཀོད་ནས་སྣང་སྲིད་ཀྱི་འཁྲུག་པ་ཐམས་ཅད་ཞི་བར་བྱེད་པའི་ཕྱིར་སྦལ་གཟུགས་སུ་བྱས་པར་གྲགས་ལ། དེ་ལྟར་བྱས་པའི་ཕན་ཡོན་ནི་སྦལ་གཟུགས་སུ་གྲུབ་པ་དེས་ས་དགྲ་ནོན་པས་སྦྲ་ཕུབ་སྐབས་ས་ཆུ་ལ་བརྟག་མི་དགོས་པ་དང་། རླུང་གིས་བསྒྱེལ་དཀའ་བར་བཤད། སྦྲའི་སྒོ་ཕྱར་དཀར་བོར་བྱས་པ་དེས་གདོན་དང་འདྲེ། བཙན། གཉན། གཟའ་བཅས་ཀྱི་གནོད་པ་འགོག་ཐུབ་པ་དང་། ཕུག་སྟག་སྒོ་ཤུག་ཅེས་གྲགས་པ་ལྟར་ཕུག་གི་སྟག་ཤིང་གི་ཀ་བས་ཁྱིམ་མིའི་སྐུ་ཚེ་བརྟན་པར་རྟེན་འབྲེལ་བསྒྲིགས་པ་མཚོན་ལ། སྒོ་ཡི་ཤུག་པའི་ཀ་བས་རྒྱུ་ཡི་འཕེལ་ཁ་དར་བ་མཚོན། སྦྲའི་ཕུག་ཆོན་སྲུང་མའི་རྟེན་དང་། དཀྱིལ་ཆོན་ཕྱུགས་ཀྱི་རྟེན། སྒོ་ཆོན་འཁོར་བའི་རྟེན་གྱི་མཚོན་བྱེད་དུ་བཤད་པས། རྒྱུན་ལྡན་གྱི་འཚོ་བའི་ཁྲོད་ཕུག་ཆོན་ལ་བསང་ཕུལ་བའི་རྟེན་བཏགས་ཏེ་ལྷ་བསང་གཏོང་བ་དང་། དཀྱིལ་ཆོན་ལ་གཡང་རྟེན་གྱི་བལ་ཁྱིམ་འདོགས་པ། སྒོ་ཆོན་ལ་བག་གསར་གྱི་གཡང་རྟ་འདོགས་པ་སོགས་བྱེད། སྦྲ་ལ་ཆར་བ་སོགས་བབས་ཚེ་འཐག་སྐུད་ཀྱི་བར་གསེང་ལ་ཆུ་འཐིམས་ནས་དྲོད་སྲུང་ཐུབ་པ་དང་། ཉི་མ་ཤར་ཚེ་ཆུ་བསྐམས་ནས་དབུགས་རྒྱུ་ཐུབ་པས་བསིལ་སྐྱིད་ཀྱི་ནུས་པ་ལྡན། ཕྱིས་སུ་བོད་སོག་མི་རིགས་ཕན་ཚུན་བར་རིག་གནས་དང་འཚོ་བའི་འབྲེལ་བ་བྱུང་བ་དང་བསྟུན་ནས། སོག་པོའི་གུར་ལ་ལད་ཟློས་བྱས་ཏེ་བོད་ཀྱིས་ཀྱང་ཕྱིང་གུར་དང་རས་གུར་སྣ་ཚོགས་གསར་དུ་བཟོས་པ་དང་། ལྷག་པར་དུ་ཐོན་སྐྱེད་ནུས་ཤུགས་ཀྱི་འཕེལ་འགྱུར་དང་འཚོ་བའི་དགོས་མཁོ་ལྟར་ཚོགས་པ་འཚོགས་སའི་གནས་བྱེད་པར་དམིགས་ནས་བཟོ་བཀོད་བྱས་པ་ལ་ཚོགས་གུར་དང་། བླ་མ་བཞུགས་སའི་གནས་སུ་དམིགས་ནས་བཟོ་བཀོད་བྱས་པ་ལ་བླ་གུར་ཞེས་བྱེ་བྲག་གི་རིགས་མང་བོ་ཞིག་བྱུང་ཡོད་པ་རེད།༼བོད་སྤྱི་བཤད་ལས་བཏུས།༽

 

གསེར་འབྲོག་གི་སྦྲ་ནག

སྦྲ་ནག་ནི་འབྲོག་པའི་ལག་ཤེས་ལ་བརྟེན་ཏེ་ཁུལ་རྩིད་འཁེལ་འཐག་བྱས་པའི་སྦྲེ་འདོམ་བརྒྱ་དང་བརྒྱད་ཅུ་ཡས་མས་ཀྱི་ཚེམས་དྲུབས་བྱས་པའི་དབྱིབས་རུ་སྦལ་གཟུགས་སུ་བྱས་ཡོད་པ་ཞིག་ཡིན། སྦྲ་དེ་གང་དུ་ཕུབ་ནའང་ས་དགྲ་དང་ལྷས་སྐྱོན་མེད། དེས་ན་སྦྲའི་ཆོན་ཆེན་བཞི་སའི་སྲུང་བཞི་དང་། ཕུག་ཆོན་དཀར་བོ་སའི་དམུ་ཐག་སྒོ་ཆོན་ཉི་ཟླ་ཤར་ལམ་གནམ་གྱི་དམུ་ཐག མཁལ་ཆོན་དྲུག་སའི་ལེགས་དྲུག ནང་གི་ཀ་བཞི། སྟེང་ལྷའི་ཀ་བ། བར་གཉན་གྱི་ཀ་བ། འོག་ཀླུའི་ཀ་བ། མི་འགྱུར་གནམ་གྱི་ཀ་བ་དང་བཞི་ཟེར། སྦྲའི་ཟུང་མཆར་ཉེར་བདུན་གྱིས་རྒྱུ་སྐར་ཉེར་བདུན་མཚོན། ནང་བྲན་གྱི་ཐག་བར་བཅུ་གཉིས་ཀྱིས་ལོ་སྐོར་བཅུ་གཉིས་མཚོན། སྦྲའི་བྱ་བྲང་བྱ་རྒྱལ་ཁྱུང་གི་བྲང་གཟུགས་ཡིན་པས་ཀླུ་གནོད་འགོག སྦྲའི་སེང་ཐོད་སེང་གེའི་ཐོད་གཟུགས་ཡིན་པས་གློག་ཞགས་ཀྱི་ཐོག་འགོག་པ་སོགས་བཤད་པ་མང་། ཡང་འཚེར་སར་ཐོན་དུས་སྦྲ་ཐང་ཅན་ནས་སྦྲ་སྟེང་དུ་ཕྱིང་དཀར་འགེབས་པ་རི་བཙན་གྱིས་གནོད་པ་མེད་ཕྱིར་ཡིན། དེ་ནས་སྦྲ་ཕུབ་ཚར་རྗེས། ཁྱིམ་བདག་གིས་ཁ་སྨོན་ལ་བསོད་ནམས་གསེར་གྱི་ཀ་བ་མ་ཆག རིགས་རྒྱུད་དངུལ་གྱི་ཆོན་ཐག་མ་ཆད། ཕྱྭ་གཡང་དུང་གི་ཕུར་བ་མ་འབུད། དབང་ཐང་གཡུ་ཡི་ཀ་གདུང་མ་ལྷུང་། ལྷས་ཁ་འཕྲག་དགོས། མཚེར་ཁ་དྲོ་དགོས་ཟེར། དེ་ནས་སྒྱེད་པུ་བཟོས་ནས་མི་ངར་ཤུགས་ཅན་གྱིས་དང་བོ་མེ་སྦར་ལ། ཚ་ངར་གྱིམེ་ལྕེ་མྱུར་དགོས། བསྐོལ་བའི་ཇ་ལ་ཇ་ཁུ་འབུད་དགོས། གཡོ་བའི་ཟས་ལ་རོ་བཅུད་ལྡན་དགོས། གཡང་སྒྱེད་པོ། གྲོགས་སྒྱེད་པོ། གྲོགས་འདུས་གྲོགས་འདུས་ཕར་རི་སྲིབ་ཀྱི་གྲོགས་འདུས། ཚུར་རི་ཉིན་གྱི་གྲོགས་འདུས། ཉིན་སྲིབ་ཐང་གི་གྲོགས་འདུས། ཁྱོད་འབར་ཡུན་མ་ཆད་ངས་གཡོ་ཡུན་མི་ཆད། གཡང་སྒྱེད་པོ་ཟེར། སྒྱེད་པུ་ལ་འབྱུང་བཞི་ཚང་ཞིང་འདུས་པ་རྒྱུ་ས་དང་། སྣོད་ནང་གི་ཆུ། མེ་འབར་བ། སྒྲོ་ཡུག་དང་ཁོལ་རྐྱལ་གྱི་རླུང་དང་བཅས་བཞི་ཚང་བས་འབྱུང་བཞིའི་གནོད་པ་འགོག་ཟེར་སྒྱེད་པུའི་གཟུགས་རྔ་བོང་ཡིན་པ་ལ། ཐལ་ཕྱེ་མའི་ཚུལ་ཡིན་པས་ཐན་འགོག་ཐུབ་ཟེར། སྦྲ་ཡི་སྒོ་རུ་རི་བོང་གི་མགོ་བཏགས་པ་དེ་འགོང་བོ་འགོག་བྱེད་ཡིན་ཟེར་རོ། །ད་དུང་བཤད་པ་ཤིན་ཏུ་མང་ཡང་རེ་ཞིག་དེ་ཙམ་ལས་མི་སྤྲོའོ། །༼གསེར་ཐལ་གྱི་ལོ་རྒྱུས་དང་སྲོལ་རྒྱུན་ལས་བཏུས༽