ཧི་མ་ལའི་རི་རྒྱུད།
དྲ་ཚིགས་དོ་དམ་པས།
འབྱུང་ཁུངས། སྤེལ་མཁན། སྤེལ་དུས།2016-10-21
ངོ་སྤྲོད་དོན་བསྡུས།

      ཆགས་ཡུལ། བོད་དང་། ཕ་ཀི་སི་ཐན། རྒྱ་གར། བལ་བོ། འབྲུག་ཡུལ་བཅས་ཀྱི་མངའ་ཁོངས་སུ་ཆགས་ཡོད། ཁྱད་ཆོས། འཛམ་གླིང་ཐོག་གངས་འཁྱག་གི་ས་ཁུལ་ཨང་གསུམ་པ་དང་ཆེས་མཐོ་ཞིང་རིང་ལ་རི་ཚོགས་མང་བའི་རི་རྒྱུད་ཡིན། ཆགས་དབྱིབས། སྣེ་གཉིས་བྱང་དུ་གུག་ལ་དཀྱིལ་ལྷོ་ཕྱོགས་སུ་འབུར་བས་གཞུ་དབྱིབས་དང་མཚུངས་ལ་མཐོ་ཞིང་གཟར། རིང་ཚད། སྤྱི་ལེ ༢༤༠༠༠ ལྷག་ཡོད། ཞེང་ཚད། སྤྱི་ལེ ༢༠༠ ནས ༣༠༠ བར་ཡོད། མཐོ་ཚད། མཚོ་ངོས་ནས་ཆ་སྙོམས་སྨི ༦༠༠༠ ལྷག་ཡོད།



ཧི་མ་ལའི་རི་རྒྱུད།
      གངས་ཀྱི་རི་བོ་ཚར་དུ་དངར་བའི་ཧི་མ་ལའི་རི་རྒྱུད་དུ་གངས་རྒན་ཇོ་མོ་གླང་མ༼འཛམ་གླིང་གི་ཆེས་མཐོ་བའི་རི་བོ་ཇོ་མོ་གླང་མ་བོད་དང་བལ་བོའི་ས་མཚམས་སུ་གནས་ཤིང་མཐོ་ཚད་ལ་རྒྱ་མཚོའི་ངོས་ལས་སྨི ༨༨༤༤.༤༣ ཡོད།༽སོགས་མཐོ་ཚད་མཚོ་ངོས་ལས་སྨི་བརྒྱད་སྟོང་ཟིན་པའི་རི་ཆེན་བཅུ་དང་སྨི་བདུན་སྟོང་ཡན་ཟིན་པའི་རི་ཆེན་ལྔ་བཅུ་ལྷག་ཡོད་པར་བཤད་པས་འཛམ་གླིང་གི་ཆེས་མཐོ་བའི་རི་ཆེན་བཅུ་ལས་གཅིག་མ་གཏོགས་ཧི་མ་ལའི་རི་རྒྱུད་འདིར་ཡོད་པར་མ་ཟད་རི་རྒྱུད་ཧྲིལ་བོའི་ཆ་སྙོམས་ཀྱི་མཐོ་ཚད་རྒྱ་མཚོའི་ངོས་ལས་སྨི ༦༠༠༠ དང་། ཧི་མ་ལའི་རི་རྒྱུད་ཀྱི་ནུབ་སྣེ་བོད་ཀྱི་ནུབ་བྱང་ས་ཁུལ་དང་འབྲེལ་བའི་རྒྱ་གར་ཀ་ཤི་སྨིར་ས་ཁུལ་གྱི་ནན་གྷ་པར་བྷ་ཋི(Nanga Parbat)ནས་ཤར་སྣེ་ཡར་ལུང་གཙང་བོ་ཕྱི་འབབ་ཁུག་པ་ལྷ་སའི་ལྷུན་གྲུབ་ཀྱི་གནམ་ལྕགས་རི་བོའི་བར་རིང་ཚད་ལ་སྤྱི་ལེ ༢༤༠༠ ལྷག་ཡོད། བོད་ཀྱི་སྟོད་ཕྱོགས་སུ་ལྕགས་རི་ལྟར་བརྗིད་ཆགས་སུ་གནས་ཤིང་། གོ་ལ་ཧྲིལ་བོའི་གངས་འཁྱག་གི་ས་ཁུལ་ཨང་གསུམ་པ་སྟེ་འཛམ་གླིང་གི་ཡང་རྩེ་རུ་ངོས་འཛིན་གནང་གི་ཡོད། ཧི་མ་ལ་ཡ་ཞེས་པར་གངས་འཁྱག་གིས་བཟུང་བའི་རི་རྒྱུད་ཕྱི་ནང་བར་གསུམ་ཡོད་ཅིང་ཡོངས་གྲགས་སུ་ཧི་མ་ལའི་རི་རྒྱུད་གོང་འོག་བར་གསུམ་ཞེས་འབོད། རི་རྒྱུད་འདིའི་ཕྱི་ནང་གི་ས་ཁོངས་སུ་བོད་ལས་གཞན་ཕ་ཀི་སི་ཐན་གྱི་བྱང་མཐའ་ནས་རྒྱ་གར་དང་བལ་བོ། འབྲས་ལྗོངས། འབྲུག་ཡུལ་བཅས་རིམ་པར་ཀྱང་ཆགས་ཡོད། མ་ཟད་ཤར་ཕྱོགས་དབུས་རྒྱུད་དང་རྒྱ་གར་གཉིས་ཀྱི་ས་མཚམས་འབྱེད་བྱེད་ལྟ་བུར་བསྐྱངས་པའི་ཤར་ཕྱོགས་ཀོ་ར་ཀོ་རཾ་རི་རྒྱུད(East korakoram Range)དང་། བོད་ཀྱི་གངས་རིན་པོ་ཆེའི་རི་རྒྱུད་དང་འབྲེལ་བའི་ལ་དྭགས་རི་རྒྱུད།(Ladakh Range) རྒྱ་གར་ཀ་ཞིས་མིར་གྱི་ལྷོ་ཕྱོགས་དང་འབྲེལ་བའི་པེར་པཎ་རི་རྒྱུད།(Pirpanjal Range) རྒྱ་གར་ཧི་མ་ཅལ་མངའ་སྡེའི་ཤར་དུ་སྦྲེལ་བའི་དྷོ་ལ་དྷར་རི་རྒྱུད།(Dhuala Dhar Range)  ཧི་མ་ལའི་བྱང་ནས་གྱེས་ཏེ་ལ་དྭགས་ཀྱི་སྒལ་ཚིགས་ལྟ་བུར་ཆགས་པའི་རྫན་ཁར་རི་རྒྱུད(Zanskar Range)བཅས་རི་རྒྱུད་རིང་ཐུང་མང་བོའི་གཞུང་ཤིང་དང། ཡར་ལུང་གཙང་བོ༼རྒྱ་གར་བ་རྣམས་ཀྱིས་ལྷ་ཡི་ཆུ་བོ་གང་གཱ་ཟེར་ཞིང་བོད་ནས་ཤར་ཕྱོགས་སུ་རྒྱ་གར་བྱང་རྒྱུད་འཕྲེད་གཏུབ་བྱས་ནས་རྒྱ་མཚོར་འབབ་ཅིང་ཁྱོན་བསྡོམས་རིང་ཚད་ལ་སྤྱི་ལེ་ཉིས་སྟོང་བདུན་བརྒྱ་ཡོད།༽སོགས་ཆུ་ཀླུང་བརྒྱ་ཁྲག་གི་འབྱུང་ཁུངས་གཅིག་པུར་གྱུར་ཡོད། ཧི་མ་ལའི་རི་རྒྱུད་ཀྱིས་གོ་ལ་ཧྲིལ་བོའི་ས་ཁམས་འཕོ་འགྱུར་རིག་གནས་ཀྱི་བང་མཛོད་ཆེན་མོར་ཚན་རིག་ཞིབ་འཇུག་གི་བློ་གྲོས་རྒྱ་ཆེར་སྐྱེད་པའི་སྒོ་ཆེན་ལྟ་བུར་གྱུར་པ་མ་ཟད། ཆོས་ལུགས་དད་མོས་ཀྱི་སྣོད་བཅུད་ལོ་རྒྱུས་ལའང་ཐུན་མོང་མ་ཡིན་པའི་རིག་གནས་ངོས་འཛིན་གྱི་རིན་ཐང་བརྟན་པོ་ཆགས་ཡོད།༼ངེད་དྲ་ཚིགས་རྩོམ་སྒྲིག་པས།༽
 
ཧི་མ་ལའི་རི་རྒྱུད་ཆགས་ལུགས་དང་འབྲེལ་བའི་ཤེས་བྱ།
      མདོ་དབུས་མཐོ་སྒང་གི་ལྷོ་ནུབ་ཕྱོགས་ནི་འཛམ་གླིང་གི་ཆེས་མཐོ་བའི་རི་བོ་ཧི་མ་ལ་ཡའི་རི་རྒྱུད་ཡིན་ལ། དེའི་ལྷོ་ཕྱོགས་ནི་རྒྱ་གར་དང་། བལ་བོ། འབྲུག་ཡུལ། འབྲས་ལྗོངས་བཅས་ལ་འབྲེལ་ཡོད། ནུབ་ཕྱོགས་ནི་ཁ་ལ་ཁུ་ནུ་རི་རྒྱུད(喀喇昆仑山脉)ཡིན་ལ། དེ་ནི་ཀ་ཤི་སྨིར(克什米尔)དང་། ཨ་ཧྥུ་ཧན་ལ་འབྲེལ་ཡོད། བྱང་ཕྱོགས་ནི་ཁུ་ནུ་རི་བོ(昆仑山)དང་། ཨ་ཨེར་ཅིན་ཧྲན་རི་བོ་།(阿尔金山)མདོ་ལ་རིང་མོ(祁连山)བཅས་ཡིན་ལ། དེ་དག་གི་བྱང་ཕྱོགས་སུ་ཐ་ལི་མོའུ་གཤོང་(塔里木盆地)དང་རྨ་ནུབ་དོག་ལམ(河西走廊)ཡོད། ཤར་ལྷོའི་ཕྱོགས་ནི་འཕྲེད་བཅད་རི་རྒྱུད(横断山)ཡིན་ལ། དེ་ནི་འབར་མ་རྒྱལ་ཁང་དང་ཡུན་ཀོས་མཐོ་སྒང་(云贵高原) སི་ཁྲོན་གཤོང་ས(四川盆地)བཅས་ལ་འབྲེལ་ཡོད། བྱང་ཤར་ཕྱོགས་ནི་ཆི་ལེན་རི་རྒྱུད(秦岭山脉)དང་ས་སེར་མཐོ་སྒང་(黄土高原)ཡིན། དེ་བས་ང་ཚོས་བོད་ཁམས་ལ་ཁ་བ་རི་བས་བསྐོར་བའི་རྒྱལ་ཁམས་ཟེར་བ་ནི་མིང་དོན་གཉིས་ཀ་མཚུངས་པ་ཞིག་ཡིན།
      བོད་ཁམས་ཀྱི་ཆགས་ཚུལ་སྐོར་ས་རྒྱུས་རིག་པ་བས་བརྟག་དཔྱད་བྱས་པ་ལྟར་ན། ལོ་ངོ་དུང་ཕྱུར་དུ་མའི་ཡར་སྔོན་དུ་མདོ་དབུས་མཐོ་སྒང་ནི་མཐའ་མི་མངོན་པའི་རྒྱ་མཚོ་ཆེན་པོ་ཞིག་ཡིན་ལ། རྒྱ་མཚོ་ཆེན་པོ་དེའི་ལྷོ་དང་བྱང་ནི་སྐམ་ས་ཆེན་པོ་གཉིས་ཏེ། ལྷོ་ནི་ད་ལྟའི་ཡ་གླིང་གི་སྐམ་སའི་ལྷོ་ཁུལ་དང་། ཧྥེ་གླིང་། མེ་གླིང་ལྷོ་མ།        ཨའོ་སི་ཁྲུ་ལི་ཡ། ལྷོ་སྣེ་བཅས་གཅིག་ཏུ་འབྲེལ་བའི་གནའ་བོའི་ཀང་ཝ་ན(冈瓦纳)སྐམ་ས༼ལྷོ་ཕྱོགས་སྐམ་ས་ཆེན་པོའང་ཟེར།༽ཡིན་ལ། བྱང་ནི་ད་ལྟའི་མེ་གླིང་བྱང་མ་དང་། ཨོ་ཡ་སྐམ་སའི་དཀྱིལ་དང་བྱང་གཅིག་ཏུ་འབྲེལ་བའི་གནའ་བོའི་ལོ་ཡ(劳亚)སྐམ་ས(བྱང་ཕྱོགས་སྐམ་ས་ཆེན་པོའང་ཟེར)ཡིན། རྗེས་སུ་སའི་འགུལ་སྐྱོད་ཀྱི་དབང་གིས་ཀང་ཝ་ན་སྐམ་ས་དུམ་བུར་ཆད་ཅིང་། དེའི་ལེབ་མོ་གཅིག་སྟེ་ཧིན་རྡུ་པན་ཁེ(印度板块)ཟེར་བའི་སྐམ་ས་དེ་རིམ་གྱིས་བྱང་དུ་ནུར་ནས་ལོ་ཡ་སྐམ་ས་དང་གདོང་ཐུག་བརྒྱབ་པས། རིམ་གྱིས་ས་འབུར་ཅིང་མཚོ་བྲི་ནས་རི་རྒྱུད་མང་བོ་སྐྱེས་ཏེ་མདོ་དབུས་མཐོ་སྒང་གྲུབ་པར་བཤད། ༼བོད་སྤྱི་བཤད་ཅེས་པའི་དེབ་ཀྱི་ས་བབ་དང་གནམ་གཤིས་ཞེས་པ་ལས་བཏུས།༽
 
འཛམ་གླིང་སྟེང་གི་ཆེས་མཐོ་ཞིང་བརྗིད་པའི་རི་རྒྱུད་ནི་གང་ཡིན། 
      རི་བོ་ཧི་མ་ལ་ཡ་ནི་འཛམ་གླིང་སྟེང་ཆེས་མཐོ་ཞིང་བརྗིད་པའི་རི་རྒྱུད་ཅིག་ཡིན་ལ། གནའ་དུས་ཧི་མ་ལ་ཡའི་ཆགས་ཡུལ་ནི་མུ་མཐའ་མེད་པའི་རྒྱ་མཚོ་ཆེན་པོ་ཞིག་ཡིན། ཕྱིས་སུ་ས་ཤུན་འགུལ་སྐྱོད་དྲག་པོ་བྱས་པར་བརྟེན། ས་རིམ་ལྟེབ་བརྩེགས་དང་ས་རིམ་ཡར་འཕར་བྱས་པ་བཅས་ཀྱི་དབང་གིས་རྔམ་བརྗིད་ཆེ་བའི་རི་རྒྱུད་འདི་གྲུབ་པ་ཡིན། རི་རྒྱུད་འདི་བོད་དང་ཕ་ཀི་སི་ཐན། ཧིན་རྡུ། བལ་ཡུལ། འབྲུག་ཡུལ་སོགས་ཀྱི་མངའ་ཁོངས་སུ་བརྐྱངས་ཡོད། རི་རྒྱུད་འདི་ནི་གཡུག་འབྲུག་ས་ན་འཁྱུག་པ་ལྟར་མཐའ་མི་མངོན་ཏེ། ཤར་ནུབ་ཀྱི་རིང་ཚད་ལ་ཧ་ལམ་སྤྱི་ལེ ༢༤༥༠ དང་། ལྷོ་བྱང་གི་ཞེང་ཚད་ལ་ཧ་ལམ་སྤྱི་ལེ ༢༠༠ ནས ༣༥༠ ཡོད། རི་རྒྱུད་འདིའི་སྣེ་གཉིས་ནང་དུ་གུག་ཅིང་དཀྱིལ་དབུས་ལྷོ་ཕྱོགས་སུ་འབུར་ཡོད་པས། དངོས་གནས་གཞུ་དབྱིབས་ཤིག་དང་མཚུངས་པ་རེད། རི་རྒྱུད་དེའི་ཆ་སྙོམས་མཐོ་ཚད་ནི་རྒྱ་མཚོའི་ངོས་ལས་སྨིས ༦༠༠༠ གིས་མཐོ་བ་དང་། བོད་དང་བལ་ཡུལ་རྒྱལ་ཁབ་བར་ན་ཡོད་པའི་ཇོ་མོ་བླ་རི་ནི་འཛམ་གླིང་སྟེང་གི་ཆེས་མཐོ་བའི་རི་ཟོམ་ཡིན་ཏེ། རི་ཟོམ་དེའི་མཐོ་ཚད་ལ་རྒྱ་མཚོའི་ངོས་ལས་སྨིས ༨༨༤༤.༤༣ ཡོད། རི་ཟོམ་དེ་དུས་བཞིར་གངས་ཀྱིས་བཟུང་ཡོད་པར་མ་ཟད། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི་གཅིག་ལྷག་གིས་འཁྱག་རོམ་ཆགས་ཡོད་པ་དང་། དུས་རྒྱུན་དུ་སྨུག་པས་གཡོགས་འདུག  བྱང་ངོས་ཀྱི་སྨི ༤༠༠༠ མན་གྱི་གཡང་རོང་ན་ནགས་ཚལ་དང་རྩི་ཤིང་གིས་ཁེངས་ཤིང་། དེའི་ཁྲོད་ན་སྤྲ་དཔུང་རིང་དང་དྲེད་མོང་། གསའ། གཙོད་སོགས་གཅན་གཟན་དང་རི་དྭགས་སྣ་ཚོགས་ཀྱང་མཆིས་སོ། །༼ཤེས་བྱ་དྲི་བརྒྱ་བ་ལས་བཏུས།༽
 
ཧི་མ་ལ་ཡ།
      འདི་བོད་སྐད་ལ་རི་བོ་གངས་ཅན་ཟེར་བ་རྒྱ་གར་སྐད་ལ་བསྒྱུར་པ་ཞིག་རེད། རི་བོ་འདི་ནི་འཛམ་གླིང་ཐོག་མཐོ་ཤོས་དང་ཆེས་རིང་ཤོས་ཀྱི་རི་རྒྱུད་ཅིག་སྟེ་བོད་ཀྱི་ནུབ་ཕྱོགས་ཕ་ཀི་སི་ཐན་གྱི་བྱང་མཐའ་ནས་རྒྱ་གར་དང་། བལ་ཡུལ། འབྲས་ལྗོངས། འབྲུག་ཡུལ་བཅས་ཀྱི་ཉེ་འདབས་བར་བརྐྱངས་པའི་རིང་ཚད་ལ་སྤྱི་ལེ་ཉིས་སྟོང་བཞི་བརྒྱ་ལྔ་བཅུ་ཙམ་དང་། ཞེང་ཚད་སྤྱི་ལེ་ཉིས་བརྒྱ་ནས་སུམ་བརྒྱ་ལྔ་བཅུའི་བར་ཟིན། རི་རྒྱུད་སྣེ་གཉིས་ནང་དུ་གུག་ཅིང་དཀྱིལ་རྒྱུད་ལྷོ་ཕྱོགས་སུ་འབུར་བ་དབྱིབས་གཞུ་དང་མཚུངས་པ་ལ་རི་བོ་མཐོ་ཞིང་གཟར་བ། ཆ་སྙོམས་མཐོ་ཚད་རྒྱ་མཚོའི་ངོས་ནས་སྤྱི་ཁྲེ་བདུན་སྟོང་ཡན་ཟིན་པའི་རི་ཆེན་ལྔ་བཅུ་ལྷག་ཙམ་དང་། མཐོ་ཚད་སྤྱི་ཁྲེ་བརྒྱད་སྟོང་བརྒལ་བའི་རི་ཆེན་བཅུ་བཅས་ཡོད། རི་ཆེན་མང་བོ་འདི་ལྟ་བུ་རི་རྒྱུད་གཅིག་གི་ཐོག་ཕྱོགས་གཅིག་ཏུ་ཁེལ་བ་འདི་འདྲ་འཛམ་གླིང་ཐོག་རི་རྒྱུད་གང་ལའང་མཐོང་རྒྱུ་མེད། (དུང་དཀར་ཚིག་མཛོད་ལས་བཏུས།)