ཕོ་བྲང་པོ་ཏ་ལ།
དྲ་ཚིགས་དོ་དམ་པས།
འབྱུང་ཁུངས། སྤེལ་མཁན། སྤེལ་དུས།2016-10-21
ངོ་སྤྲོད་མདོར་བསྡུས།

     མིང་། པོ་ཏ་ལ་ནི་ལེགས་སྦྱར་སྐད་ཀྱི་པོ་ཊ་ལ་ཞེས་པའི་སྒྲ་ཟུར་ཆགས་པ་ཡིན་ལ་བོད་སྐད་དུ་རི་བོ་གྲུ་འཛིན་ཟེར། བཞེང་མཁན། བོད་རྒྱལ་སྲོང་བཙན་སྒམ་པོ། ལོ་ཚིགས། སྤྱི་ལོ ༦༣༥ ལོར་འགོ་ཚུགས། ༡༦༥༢ དང ༡༦༩༠ ལ་རྒྱ་བསྐྱེད། རྣམ་པ།  བོད་རང་གི་ཁྱད་ཆོས་ལྡན་པའི་བཙན་པོའི་ཕོ་བྲང་གི་འཛུགས་སྐྲུན་གྱི་རྣམ་པ་མངོན་པར་དོད་ཡོད། ས་གནས། བོད་ལྗོངས་ལྷ་ས་གྲོང་ཁྱེར་དུ་ཆགས།




ཕོ་བྲང་པོ་ཏ་ལ།

     ཕོ་བྲང་པོ་ཏ་ལ་ནི་བོད་ཀྱི་བཙན་པོ་སྲོང་བཙན་སྒམ་པོའི་སྐུ་རིང་ལ་ཡབ་གནམ་རི་སྲོང་བཙན་གྱི་རྒྱལ་ས་ཕོ་བྲང་བྱམས་པ་མི་འགྱུར་གླིང༼དེང་དུས་ཀྱི་མལ་གྲོ་གུང་དཀར་གྱི་རྒྱ་མའི་ཁ་སྒང་སྡེ་བ།༽ནས་གནས་སྤོས་ཏེ། ས་ཁོད་སྙོམས་ཤིང་མཐའ་རྒྱ་ཡངས་པ་སོགས་ཀྱིས་གྲོང་སྡེ་ཆགས་པར་སྟབས་བདེ་ཞིང་། བོད་སྟོད་སྨད་བར་གསུམ་དབང་བསྒྱུར་གཅིག་གྱུར་རྒྱུན་འཁྱོང་ལ་ཕན་རྐྱེན་བཟང་བ་བཅས་ཀྱི་དགེ་མཚན་ལ་གཞིག་ནས་གླང་ཆེན་བྲེས་ལ་ཉལ་བ་ལྟ་བུའི་ས་དཔྱད་ཕུན་སུམ་ཚོགས་པའི་དམར་བོ་རི༼ཕོ་བྲང་པོ་ཏ་ལ་ཆགས་སའི་རི་ཕྲན་དེའི་མིང་།༽ཞེས་པར་ཕོ་བྲང་གསར་དུ་བཞེངས། སྐབས་དེར་ཕོ་བྲང་གི་ལྕགས་རིའི་ནང་ལོགས་སུ་རྒྱལ་བོའི་ཕོ་བྲང་ལ་སོ་ཕག་གི་མཁར་དམར་བོ་དགུ་བརྒྱ་དགུ་བཅུ་གོ་དགུ་དང་བལ་བཟའི་གཟིམས་མཁར་དགུ་ཐོག་དང་བཅས་ཡོད་པར་བཤད། ཕྱིས་སུ་དམག་འཁྲུག་གིས་གཏོར་སྐྱོན་དང་ཆབ་སྲིད་ཀྱི་འཕོ་འགྱུར། རང་བྱུང་གི་ཆགས་འཇིག དུས་རབས་བཅུ་ལྷག་གི་ལོ་ཟླའི་བརྒྱུད་རིམ་རིང་བ་བཅས་ཀྱིས་ཕོ་བྲང་འདིར་གྱོང་གུད་རབས་དང་རིམ་པར་བྱུང་ཡང་དུས་རབས་བཅུ་བདུན་པར་རྒྱལ་དབང་ལྔ་བས་དགའ་ལྡན་སྲིད་དབང་བཙུགས་པ་ནས་བཟུང་བཙན་པོའི་སྐུ་མཁར་དེ་སླར་ཡང་བོད་ཀྱི་ཆོས་སྲིད་ཡོངས་རྫོགས་ཀྱི་ལྟེ་བར་ཆགས་པ་གྱུར། རྒྱལ་དབང་ལྔ་བས་ཕོ་བྲང་པོ་ཏ་ལ་ཉམས་གསོ་རྒྱ་བསྐྱེད་སོགས་ཀྱི་མཛད་འཕྲིན་ཆེས་ཆེར་བསྐྱངས་པའི་ཕྱིའི་རྩིག་པའི་རྣམ་པ་ནི་ད་ལྟ་ང་ཚོའི་མཐོང་ལམ་དུ་གྱུར་པ་འདི་ཡིན་ལ། ནང་གི་སྐུ་གསུང་ཐུགས་རྟེན་དང་རིན་པོ་ཆེའི་རིགས་ཧ་ཅང་མང་བོ་ཞིག་རིག་གནས་གསར་བརྗེ་སོགས་ཀྱིས་ཧམ་ཐོབ་འཕྲོག་བཅོམ་གྱི་གྱོང་གུད་བློ་ཡུལ་ལས་འདས་པ་བྱུང་བར་གྱུར་ཀྱང་ཀུན་གཟིགས་པཎ་ཆེན་བཅུ་བ་མཆོག་གི་ཐུགས་རྗེ་ལ་བརྟེན་ནས་རིག་དངོས་དང་རིན་པོ་ཆེ་རེ་ཟུང་ཅིག་ཕྱིར་ནང་འདྲེན་བྱས་ཡོད་པར་བཤད་དོ། །༼བོད་ཡོངས་གྲགས་ཀྱིས་ཕོ་བྲང་པོ་ཏ་ལ་ཆགས་སའི་ས་ཁུལ་ལ་དབུས་ཕྱོགས་དང་ལྷ་ས་ཞེས་འབོད་དོན་ཡང་། བོད་ཀྱི་ཆོས་སྲིད་གཉིས་ཆའི་རིག་གནས་ཐོག་མར་དར་སའི་ཡུལ་ཁམས་ཡིན་པས་ན་དབུས་དང་། བོད་འབངས་ཀྱིས་རང་གི་རྒྱལ་བོར་ཡིད་ཆེས་དང་བརྩི་བཀུར་བྱེད་པའི་ཆ་ནས་རྒྱལ་བོ་བཞུགས་སའི་ས་ཕྱོགས་ལ་ལྷ་ས་ཞེས་སྦྱར་བའམ། ཡང་ན་མཉམ་མེད་ཐུབ་པའི་དབང་བོ་སྐུ་དངོས་ཀྱིས་རབ་གནས་མཛད་པའི་རྟེན་བྱིན་ཅན་ཇོ་ཤཱཀ་རྣམ་གཉིས་བཞུགས་སའི་ཡུལ་ཡིན་པས་ན་ལྷ་ས་ཞེས་འབོད་དོ། །༽ཕོ་བྲང་འདིར་པོ་ཏ་ལ་ཞེས་ཐོགས་པའི་རྒྱུ་མཚན་ནི་བོད་མི་རིགས་ཀྱིས་རང་གི་ལྷ་སྐལ་ལམ་ཡི་དམ་གྱི་གཙོ་བོ་འཕགས་པ་ཐུགས་རྗེ་ཆེན་པོ་ཡིན་པར་ངོས་འཛིན་བྱེད་ཅིང་ལྷ་དེ་བཞུགས་པའི་ཞིང་ཁམས་ལ་པོ་ཊ་ལ་ཞེས་འབོད། དེ་བཞིན་དུ་བཙན་པོ་སྲོང་བཙན་སྒམ་པོ་འཕགས་མཆོག་ཐུགས་རྗེ་ཆེན་པོ་བོད་ཀྱི་རྒྱལ་བོའི་ཚུལ་དུ་བྱོན་༼སྤྲུལ་བ༽པར་འཛིན་པས་རྒྱལ་བོའི་ཕོ་བྲང་གི་མིང་ལའང་པོ་ཏ་ལ༼པོ་ཊ་ལ༽ཞེས་བཏགས་པར་ངེས་སོ། །༼ངེད་དྲ་ཚིགས་རྩོམ་སྒྲིག་པས།༽

 
བཙན་པོའི་བཞུགས་གནས་ཕོ་བྲང་སྐོར།

     ཆོས་རྒྱལ་སྲོང་བཙན་སྒམ་པོ་སྐུ་ཚེ་སྟོད་ཕྱི་ལོ ༦༣༦ བར་བཞུགས་གནས་ཀྱི་ཕོ་བྲང་གཙོ་བོ་ནི། བརྒྱ་མ་ཕོ་བྲང་མི་འགྱུར་བྱམས་པ་གླིང་བྱ་བ་འདི་དང་དེའི་ཉེ་འདབས་སུ་ཡོད་པའི་དེང་སང་རྒྱལ་པོ་ཁང་དུ་འབོད་པའི་བཙན་པོའི་མཁར་འདེ་གཉིས་ཡིན། བལ་བཟའ་བོད་དུ་ཕེབས་ནས། རྒྱལ་པོ་འདི་གཟུགས་དང་ཡོན་ཏན་རྨད་དུ་བྱུང་བ་ཞིག་འདུག་ནའང་ཕོ་བྲང་གི་ཕྱིར་མི་འབྱོན་པ་ནི། ཕ་རོལ་གྱི་དམག་ཚོགས་ལ་འཇིགས་པ་ཡིན་སྙམ་སྟེ་དམག་གིས་མི་བརྫི་བའི་ཕྱིར་ཕོ་བྲང་ཞིག་བྱ་དགོས་ཞེས་རེ་འདུན་བཏོན་པ་བཞིན། དམར་པོ་རི་ཁོངས་སུ་བཅུག སོ་ཕག་གི་ལྕགས་རི་ལོགས་རེ་ལ་རྒྱང་གྲགས་རེ་ཡོད་པ་དང་། མཐོ་དམའ་བངས་གྱང་སུམ་ཅུ་རྩ་དྲུག་གི་ཚད་ཀྱིས་བསྐོར་བ། སློ་བཞི་སྤེ་རྟ་བབས་དང་བཅས་པ། དེའི་ནང་དུ་མཁར་དགུ་བརྒྱ་དང་དགུ་བཅུ་རྩ་དགུ། ཡང་རྩེ་དང་མཁར་མར་སྟོང་དུ་ཚང་བ་ཡོད། རྩེ་ལ་དར་དམར་རྐེད་ཁྲ་ཅན་བཏགས་པའི་མདུང་དམར་པོ་བཅུ་རེ་བཙུགས། མཚོན་ཆ་སྣ་ཚོགས་པས་བྲེས་པ་བྱས།
      ལྷོ་སྒོའི་ལྕགས་རིའི་ནང་དུ་སོག་པོའི་མཁར་ལ་དཔེ་བླངས་ཏེ་བྲག་ལྷ་བཀྲ་ཤིས་ཞེས་པའི་ཕོ་བྲང་དགུ་ཐོག་རྒྱལ་པོའི་སྐུ་མཁར་དང་མཉམ་པ་བཙུན་མོ་ཁྲི་བཙུན་གྱི་ཕོ་བྲང་བརྩིགས། རྒྱལ་པོའི་སྐུ་མཁར་དང་དེ་གཉིས་ཀྱི་བར་དུ་དངུལ་ཟམ་ཡོད་ཚུལ་སོགས་དང་། གཞན་ཡང་ཤར་སྒོའི་ཕྱི་རོལ་ཏུ་རྒྱལ་པོའི་ཆིབས་དཀྱུས་ཀྱི་ས་འདོམ་དགུ་བརྒྱར་རིང་ཞིང་ཞེང་འདོམ་བཅོ་བརྒྱད། ཟབས་སུ་འདོམ་དོ་བྲུས་པ། ཤིང་དང་སོ་ཕག་གི་ཕུབ་སྟེ་སྟེང་ཟངས་མས་གཡོགས་པ་ཞིག་ཡོད་ཚུལ་གཙུག་ལག་ཕྲེང་བའི་རྒྱལ་རབས་སུ་གསལ།རྒྱལ་པོའི་ཆིབས་དཀྱུས་ཟེར་བ་དེ་བཙན་པོས་རྟ་རྒྱུག་བྱེད་ས་ཡིན་པར་མངོན་ཞིང་དམར་པོ་རིའི་ཕོ་བྲང་དེ་ཤིན་ཏུ་ནས་འཇིགས་རྔམ་དང་ལྡན་པ་ཞིག་ཡོད་ཚོད་འདུག འདེའི་སྐོར་དེབ་ཐེར་དཀར་པོའི་ནང་དུ་དམར་པོའི་རི་ལ་ཁྲི་བཙུན་གྱིས་བཞེངས་པའི་ཕོ་བྲང་དམར་པོ་རྩེ་མོ་མདུང་གིས་བརྒྱན་པ། ཞེས་དང་། ཡང་མདའ་དང་མདུང་གིས་སྤྲས་པའི་སྐུ་མཁར་དམར་པོ་དང་ལ་རྩེ་སོགས་བརྩེགས་པར་སེམས། ཞེས་སོགས་ལ་བལྟས་ཚེ་བཙན་པོའི་ཕོ་བྲང་པོ་ཏཱ་ལའམ་དམར་པོ་རིའི་ཕོ་བྲང་དེ། དེང་སྐབས་རྒྱལ་ས་ལྡི་ལིར་ཡོད་པའི་མཁར་རྫོང་དམར་པོ་ཟེར་བ་དེ་བཞིན་ལྕགས་རི་དམར་པོ ft ༣༦ ཙམ་གྱིས་གྲུ་བཞིར་བསྐོར་བ། རྒྱ་སྒོ་བཞི་ཡོད་པ། རྒྱལ་པོའི་སྐུ་མཁར་དགུ་ཐོག་དེ་དང་མཚུངས་པ་བཙུན་མོ་བལ་བཟའ་ཁྲི་བཙུན་བཞུགས་གནས་དེར་ཡང་དགུ་ཐོག་ཅིག་དང་ལྕགས་རིའི་ནང་དུ་མཁར་ཆུང་ངུ་མང་པོ་ཡོད། རྩེ་མོར་མདུང་དམར་ཏེ་མདུང་ཐུང་དམར་པོ་དང་ཡང་མདུང་དར་དམར་པོ་ཅན་དང་མཚོན་ཆ་སྣ་ཚོགས་མཁར་སྟེང་དུ་གཟེངས་པ་སོགས་ཤིན་ཏུ་ནས་རྔམས་བརྗིད་ལྡན་པ་ཞིག་ཡོད་ཚོད། དཔའ་བོ་གཙུག་ཕྲེང་གིས། ཕོ་བྲང་གི་དཔེ་ཞིག་ར་སའི་ཀླུ་ཁང་གི་ནུབ་ལོགས་ལ་བྲིས་ཡོད་ཚུལ་གསུངས་འདུག དེབ་ཐེར་དཀར་པོ་ལས། རྩེའི་ཕོ་བྲང་གི་ཤར་ཁྱམས་ཀྱི་ལྡེབས་རིས་འདི་ཡིན། ཞེས་དང་ཡང་། གོང་ས་ལྔ་བའི་ལྷ་ལྡན་དཀར་ཆག་ཏུ། གཙུག་ལག་ཁང་ན་དཔེ་རིས་རྙིང་བ་ཡོད་པར་གསུངས། ཞེས་སོགས་གསལ་ནའང་སྔོན་གྱི་དུས་རྒྱལ་རབས་དང་ལོ་རྒྱུས་སོགས་ལ་དོ་སྣང་དང་རྩད་གཅོད་མེད་པར་ལུས་ཤིང་། དེང་སྐབས་བོད་ཀྱི་ལོ་རྒྱུས་སོགས་མཁྱེན་འདོད་མཁན་ཇི་སྙེད་ཅིག་ཡོད་ནའང་བསྟན་གཤེད་དམར་དམག་ནས་རྩ་མེད་བཏང་བས་མི་རིགས་རང་ཉིད་ཀྱི་རང་དབང་ཕར་ཞོག་ལོ་རྒྱུས་དང་རི་མོ་ཙམ་ཡང་རྙེད་དཀའ་བའི་གནས་སུ་གྱུར་སྐབས་འདིར་ལོ་རྒྱུས་སོགས་ལ་ཐུགས་སྣང་མཛད་གལ་ཆེ།༼ཀིརྟི་བློ་བཟང་བསྟན་འཛིན་གྱིས་མཛད་པའི་སྲིད་དོན་ལོ་རྒྱུས་ལས་བཤུས།༽

 
པོ་ཏ་ལ།

      པོ་ཏ་ལ༼རྒྱ་གར་སྐད༽བོད་སྐད་ལ་གྲུ་འཛིན་ཟེར་ཞིང་། རྒྱ་གར་ནས་བོད་དུ་བསྒྱུར་པའི་སངས་རྒྱས་ཆོས་ལུགས་ཀྱི་གཞུང་དང་བོད་ཀྱི་ལོ་རྒྱུས་ནང་རྒྱ་གར་ལྷོ་ཕྱོགས་སིངྒ་ལའི་རྒྱལ་ཁབ༼དེང་སང་གི་སི་ལི་ལན་ཁའམ་ཤྲི་ལངྒ༽ནས་ཤར་ལྷོའི་ཕྱོགས་སུ་སོང་བ་ན་རི་བོ་པོ་ཏ་ལ་ཟེར་བའི་གནས་དེ་ཡོད་པར་བཤད་ཅིང་། གནས་དེ་སྤྱན་རས་གཟིགས་དངོས་སུ་བཞུགས་པའི་གནས་ཤིག་ཡིན་པར་བཤད་སྲོལ་ཡོད་སྟབས། དེའི་མིང་དེ་ལྷ་སའི་ཕོ་བྲང་དམར་བོར་བཏགས་པ་རེད། ལྷ་སའི་པོ་ཏ་ལའི་ལོ་རྒྱུས་སྐོར་སྲོང་བཙན་སྒམ་པོའི་ལོ་རྒྱུས་སྐབས་སུ་གཟིགས། ༼དུང་དཀར་ཚིག་མཛོད་ལས་བཤུས།༽

 
བརྗིད་ཉམས་ལྡན་པའི་ཕོ་བྲང་པོ་ཏ་ལ།

      ཕོ་བྲང་པོ་ཏ་ལ་ནི།  ལྷ་ས་དམར་པོ་རིའི་སྟེང་དུ་ཆགས་ཤིང་། ལོ་ངོ་ཆིག་སྟོང་སུམ་བརྒྱ་ལྷག་ཙམ་གྱི་ལོ་རྒྱུས་ལྡན་པ་དང་།  བོད་ལྗོངས་ཀྱི་ཤོད་ཀྱི་དབུས་སུ་བརྗིད་ཉམས་དང་ལྡན་པའི་སྒོ་ནས་ཀེ་རེར་ལངས་ཏེ་གནས་ཡོད། སྤྱི་ལོའི་དུས་རབས་བདུན་པར༼སྤྱི་ལོ ༦༣༥ ལོར༽བོད་རྒྱལ་སྲོང་བཙན་སྒམ་པོས་བཞེངས་འགོ་ཚུགས་པ་ནས་ད་ལྟའི་བར་དུ་ལོ་ངོ ༡༣༠༠ ལྷག་ཙམ་གྱི་ལོ་རྒྱུས་ཡོད། སྤྱི་ལོ ༡༦༥༢ ལོར་རྒྱལ་མཆོག་ལྔ་པ་ཆེན་པོས་ཕོ་བྲང་དཀར་པོ་གསར་བཞེངས་མཛད་པ་དང་། སྤྱི་ལོ ༡༦༩༠ ལོར་སྡེ་སྲིད་སངས་རྒྱས་རྒྱ་མཚོས་ཕོ་བྲང་དམར་པོ་དང་གསེར་སྡོང་འཛམ་གླིང་རྒྱན་གཅིག་བཞེངས་འགོ་ཚུགས་ནས་སྤྱི་ལོ ༡༦༩༣ ལོར་ལས་མཇུག་གྲིལ། དེ་རྗེས་རྒྱལ་དབང་སྐུ་ཕྲེང་ན་རིམ་གྱིས་ཉམས་གསོ་དང་རྒྱ་སྐྱེད་རིམ་པར་གནང་བ་སོགས་ད་ཡོད་ཀྱི་གཞི་ཁྱོན་འདི་ལྟར་ཆགས་པ་ཡིན།   འཛུགས་སྐྲུན་དེ་ནི་འཛམ་གླིང་ཐོག་རྒྱ་མཚོའི་ངོས་ལས་ས་བབས་མཐོ་ཤོས་ཡིན་པའི་ཕོ་བྲང་དང་མཁར་རྫོང་། དགོན་པ་བཅས་ངོ་བོ་གཅིག་ཏུ་འདྲེས་ཤིང་བརྗིད་ཆགས་ཉམས་དགའི་འཛུགས་སྐྲུན་ཞིག་ཡིན། སྤྱི་ལོ ༡༩༩༤ ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་དང་ཚན་རྩལ་རིག་གནས་སྒྲིག་འཛུགས་ཀྱི་འཛམ་གླིང་རིག་གནས་ཤུལ་བཞག་ནང་ཐོ་འགོད་བྱས་ཡོད་དོ། ། ༼ཡོང་ཁུངས་བོད་ལྗོངས་རིག་གནས་དྲ་བ།༽

 
པོ་ཏ་ལྷ་ཁང་།

      ལྷ་སའི་དམར་བོ་རིར་བཞེངས་པའི་ཕོ་བྲང་པོ་ཏ་ལ་ནི་གཞི་རྒྱ་ཧ་ཅང་ཆེ་བའི་རྒྱལ་བོའི་ཕོ་བྲང་གི་རྣམ་པར་འཛུགས་སྐྲུན་བགྱིས་པ་ཞིག་ཡིན། དང་ཐོག་སྲོང་བཙན་སྒམ་པོས་བལ་བཟའ་ཁྲི་བཙུན་དང་རྒྱལ་བཟའ་ཀོང་ཅོ་བཙུན་མོར་བསུས་རྗེས་སུ་གཞི་རྒྱ་ཆེ་རུ་བསྐྱེད་པ་རེད། དུས་རབས་བཅུ་བདུན་པར་རྒྱལ་དབང་ལྔ་བ་ཆེན་མོས་ཞིག་གསོ་དང་རྒྱ་བསྐྱེད་བྱས་རྗེས་རྒྱལ་དབང་རིམ་བྱོན་བཞུགས་གནས་ཀྱི་ཕོ་བྲང་དུ་གྱུར་ཅིང་། སླར་ཡང་བོད་ཀྱི་ཆོས་སྲིད་ཡོངས་རྫོགས་ཀྱི་ལྟེ་བར་གྱུར། ཕོ་བྲང་ཧྲིལ་བོར་བོད་རང་གི་ཁྱད་ཆོས་ལྡན་པའི་བཟོ་བཀོད་འབུར་དུ་ཐོན་ཅིང་། རིའི་སྟེང་དུ་བརྩིགས་པས་བརྗིད་ཆགས་ལྷུན་སྟུག་གི་གཟི་བརྗིད་མངོན་པར་མཐོ་བའོ། །ཕོ་བྲང་གི་ནང་དུ་གསེར་དངུལ་གཡུ་བྱུར་ལས་གྲུབ་པའི་སྐུ་གསུང་ཐུགས་རྟེན་བྱིན་ཅན་ཧ་ཅང་མང་ལ་རིན་པོ་ཆེའི་རིགས་བསམ་གྱིས་མི་ཁྱབ་པའི་གཏེར་མཛོད་ལྟ་བུར་ཆགས་ཡོད། ད་དུང་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་ལྡེབས་རིས་དང་སྒྱུ་རྩལ་གྱི་ཁྱད་ཆོས་དོད་པའི་རི་མོ་སོགས་མདོར་ན་འཛམ་གླིང་གི་ཕོ་བྲང་གཞན་དང་ཐུན་མིན་རིག་གནས་ཀྱི་མཐའ་ཡས་རྒྱ་མཚོ་ལྟ་བུར་ཆགས་ཡོད། ༼ངེད་དྲ་ཚིགས་སྒྲ་སྒྱུར་བས(百度)པེ་ཏོས་ལས་བསྒྱུར།༽ 

 
ཕོ་བྲང་དམར་བོ་བཞེངས་སྐྲུན་གྱི་གཙོ་འགན་བཞེས་མཁན་སུ་ཡིན།

      པོ་ཏ་ལའི་ཕོ་བྲང་དམར་བོ་ནི་དུས་རབས་བདུན་པའི་ནང་ཆོས་རྒྱལ་སྲོང་བཙན་སྒམ་པོས་གསར་བཞེངས་མཛད་པའི་པོ་ཏ་ལ་རྨང་བྱས་ཐོག རྒྱལ་དབང་ལྔ་བའི་རིང་བཞེངས་པའི་ཤར་ཕྱོགས་ཀྱི་ཕོ་བྲང་དཀར་བོ་རང་འཇགས་སྒོས་འཕྲོ་བསྐྱངས་ཏེ། རྒྱས་སྐྲུན་གྱི་ཚུལ་དུ་སྡེ་སྲིད་སངས་རྒྱས་རྒྱ་མཚོས་གཙོ་འགན་བཞེས་ནས་གསར་བཞེངས་གནང་བ་ཞིག་ཡིན་ཞིང་། བཞེངས་ཡུན་ནི་རབ་བྱུང་བཅུ་གཅིག་པའི་ལྕགས་རྟ་སྤྱི་ལོ ༡༦༩༠ ལོའི་ཟླ་གཉིས་པའི་ཚེས་ཉེར་གཉིས་ཉིན་རྨང་བཏིངས་པ་ནས་ཆུ་བྱ་སྤྱི་ལོ ༡༦༩༣ ལོའི་ཟླ་བཞི་བའི་ཚེས་ཉི་ཤུའི་ཉིན་བཞེངས་གྲུབ་བྱུང་བའོ། ། ༼ཤེས་བྱ་དྲིས་བརྒྱ་བ་ལས་བཤུས།༽

 
ཕོ་བྲང་པོ་ཊ་ལ།

      ཕོ་བྲང་པོ་ཏ་ལ་ནི་སྤྱི་ལོའི་དུས་རབས་བདུན་པར་བོད་ཀྱི་བཙན་པོ་སྲོང་བཙན་སྒམ་པོའི་སྐབས་སུ་ཐོག་མར་ཕོ་བྲང་དཀར་བོ་བཞེངས། དུས་རབས་བཅུ་བདུན་པོའི་དུས་དཀྱིལ་དུ་ཏཱ་ལའི་སྐུ་ཕྲེང་ལྔ་བས་ཕོ་བྲང་དམར་པོ་བཞེངས། སྐབས་དེར་ལྷ་བྲིས་པ་དང་། ཚགས་པ། པར་པ། ཚོན་པ། རྡོ་བཟོ། ཕྲ་བཟོ། ཤིང་བཟོ། འཇིམ་བཟོ། ལི་བཟོ། ལྕགས་བཟོ། གསེར་བཟོ། ཟངས་བཟོ། འཚེམ་བཟོ། སྐུད་བཟོ། མཉན་པ་སོགས་ལག་རྩལ་བཟོ་བ་མི་གྲངས་ ༡༧༩༠ ལྷག་ལས་ཀར་ཞུགས། དེའི་ནང་རྒྱ་ཕིབས་བཟོ་མཁན་རྒྱ་རིགས་ལག་རྩལ་པ ༡༩ ཡོད། བལ་ཡུལ་གྱི་གསེར་བཟོ་དང་ཕྲ་བཟོ་མཁས་པ་ཡང་བརྒྱ་ལྷག་ཡོད། ནང་རྟེན་རྒྱལ་དབང་སྐུ་ཕྲེང་ལྔ་བའི་སྐུ་གདུང་འཛམ་གླིང་རྒྱན་གཅིག་ཡིན། ཕོ་བྲང་ཕོ་ཏ་ལས་བོད་མི་རིགས་ཀྱི་རིག་གནས་རྒྱུ་རྩལ་གྱི་ཆུ་ཚད་ཧ་ཅང་མཐོ་ཚུལ་མངོན་ཡོད་པ་དང་། དེས་མི་རིགས་ཀྱི་བློ་གྲོས་དང་གསར་གཏོད་ཀྱི་ནུས་པ་མཚོན་ཐུབ། ༼བོད་ཀྱི་སློབ་འབྲིང་དྲ་བ་ལས་བཤུས།༽

 
ཕོ་བྲང་པོ་ཏ་ལ།

      ཆགས་ཡུལ། ལྷ་ས་གྲོང་ཁྱེར་གྱི་ལྟེ་བ་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་དང་བར་ཐག་སྤྱི་ལེ་གཉིས་ཙམ་ཡོད་པའི་ནུབ་བྱང་གྱི་མཚམས་སུ་ཡན་ལག་བདུན་དང་ལྡན་པའི་གླང་པོ་ཆེ་བྲེས་ཀྱི་ནང་དུ་བག་ཕེབས་ནས་ཉལ་བ་ལྟ་བུའི་ས་འཛིན་གྱི་སྟེང་དུ་བ་གམ་མངོན་པར་མཐོ་ཞིང་གནས་སོ། །བཏབ་ལོ། བོད་ཤིང་མོ་ལུག་ལོ། སྤྱི་ལོ ༦༣༥ སུམ་པ་ཆོས་འབྱུང་དང་རྒྱལ་རབས་གསལ་མེར་བཞེད། འདེབས་མཁན། ཆོས་རྒྱལ་སྲོང་བཙན་སྒམ་པོ། ཐོག་མར་སྒྲུབ་ཁང་ཞིག་བརྩིགས་ཏེ་ཆོས་རྒྱལ་ཉིད་སྒྲུབ་ཁང་དེའི་ནང་སྤྱན་རས་གཟིགས་ཀྱི་སྒོམ་སྒྲུབ་ལ་བཞུགས་ཤིང་། སྒྲུབ་ཁང་དེ་ནི་ད་ལྟའི་ཕོ་བྲང་དམར་པོའི་བྱང་ངོས་ཀྱི་ཟུར་ཕུག་ཏུ་ཡོད་པའི་ཆོས་རྒྱལ་སྒྲུབ་ཕུག་ཅེས་བྱ་བ་དེ་ཡིན། བལ་བཟའ་ཁྲི་བཙུན་རྒྱལ་པོའི་བཙུན་མོར་ཕེབས་ནས་ཡུན་རིང་མ་སོང་བའི་བར་དུ། རྒྱལ་པོ་དང་བཙུན་མོ་ཁྲི་བཙུན་གཏན་བཞུགས་ཀྱི་ཕོ་བྲང་ཞིག་འཛུགས་སྐྲུན་གནང་ཡོད་པ་རྒྱལ་རབས་གསལ་བའི་མེ་ལོང་ལས་ཤིང་མོ་ལུག་གི་ལོ་ལ་མཁར་ལས་ཀྱི་རྨང་འདིང་། མཐོ་དམན་གྱི་ཚད་ལ་གྱང་སྐོར་སུམ་ཅུ་བརྩེགས་པས་མཐོ་ཞིང་རྒྱ་ཆེ་སྟེ། ལོགས་རེ་ལ་རྒྱང་གྲགས་རེ་ཡོད་པ་སྒོ་མོ་ཆེ་ལྷོ་ཕྱོགས་སུ་བསྟན་པ། མཁར་དམར་པོ་དགུ་བརྒྱ། རྩེ་མོ་རྒྱལ་པོའི་སྐུ་མཁར་དང་སྟོང་ཐམ་པ། མཁར་ཐམས་ཅད་ཁ་བད་རིན་པོ་ཆེའི་རྒྱན། མདའ་ཡབ། པུ་ཤུད། དྲིལ་བུ། གཡེར་ཁའི་སྒྲ་འཁྲོལ་བ་ཞེས་དང་། གཞན་ཡང་ལྷོ་ཕྱོགས་ཀྱི་ལྕགས་རི་ལ༼ལྷ་ས་ལྕགས་པོ་རི༽ཟབས་སུ་འདོམ་བཅུའི་དོང་བྲུས་ནས། དེའི་སྟེང་དུ་སྤང་ལེབ་བསྒྲིགས། དེའི་སྟེང་དུ་སོ་ཕག་བསྒྲིགས་པས། དེའི་སྟེང་དུ་རྟ་གཅིག་རྒྱུག་ཀྱང་། རྟ་བཅུ་ལྷན་དུ་རྒྱུག་པ་ལྟ་བུའི་སྒྲ་འོང་བའོ། །ལྷོ་ཕྱོགས་སུ་སོ་ཕག་གི་མཁར་ལ་དཔེ་བླངས་ནས། བྲག་ལྷ་བཀྲ་ཤིས་ཀྱི་གཞལ་ཡས་ཁང་བྱ་བ། ཁྲི་བཙུན་རང་གི་སྐུ་མཁར་དགུ་ཐོག་ཡོད་པ་ཞིག་བརྩིགས་ཏེ་མཐའ་གྲུ་ཆེ་ཞིང་མཐོ་ལ་ལེགས་པ། བཀོད་པས་མཛེས་པ་ཞིག་བརྩིགས་སོ། །རྒྱལ་པོའི་སྐུ་མཁར་དང་། བཙུན་མའི་སྐུ་མཁར་གཉིས་ཀྱི་བར་ལྕགས་ཟམ་གྱིས་སྦྲེལ་ཏེ། དེའི་འོག་ན། དར་དང་། རྔ་ཡབ་དང་། དྲིལ་བུ། གཡེར་ཁའི་སྒྲ་འཁྲོལ་བ། རྒྱལ་པོ་ཡབ་ཡུམ་ཕར་གཤེགས་ཚུར་གཤེགས་མཛད་པའོ། །ཞེས་དང་སྐབས་དེའི་ཕོ་བྲང་དམར་པོའི་བཟོ་དབྱིབས་ཇི་ལྟར་ཡིན་ཚུལ་སྐོར་གྱི་དཔེ་རིས་ཁུངས་བཙན་ཡོད་པ་ནི། ལྷ་ས་གཙུག་ལག་ཁང་གི་གཞུང་སྒོ་ནང་མའི་གཞོགས་ངོས་སུ་ཡོད་པའི་ལྡེབས་བྲིས་རྙིང་པ་ཇི་ལྟ་བཞིན་དངོས་སུ་མཇལ་རྒྱུ་ཡོད་པ་དེ་ཡིན།

      ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་བཟོ་སྐྲུན་གནང་བའི་ཕོ་བྲང་དམར་པོ་དེ་མང་སྲོང་མང་བཙན་གྱི་དུས༼སྤྱི་ལོ ༦༧༦ ༽རྒྱ་བོད་དམག་འཁྲུག་སྐབས་མར་བསྲེགས་པ་དང་། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་དུས༼སྤྱི་ལོ ༧༦༡༽ ཕོ་བྲང་དམར་པོར་ཐོག་གིས་གཏོར་སྐྱོན་བྱུང་བ་སོགས་ཉམས་ཆག་ཅུང་ཆེ་ཙམ་བྱུང་བའི་རྐྱེན། ཆོས་རྒྱལ་སྲོང་བཙན་གྱི་སྐུ་དུས་སུ་བཞེངས་པའི་ཕོ་བྲང་དམར་པོའི་ཆོས་རྒྱལ་སྒྲུབ་ཕུག་དང་འཕགས་པ་ལྷ་ཁང་གཉིས་ད་བར་ལྷག་པ་ཡིན། དེ་ནས༼སྤྱི་ལོ ༡༦༤༥ ༽རྒྱལ་མཆོག་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོས་གུ་ཤྲཱི་ཧན་བསྟན་འཛིན་ཆོས་རྒྱལ་གྱི་རྒྱབ་སྐྱོར་འོག་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབང་ཆ་ཡོངས་རྫོགས་ཕྱག་ཏུ་བཞེས་ཏེ། ཕོ་བྲང་དཀར་པོ་གསར་དུ་འཛུགས་སྐྲུན་གནང་བ་དང་། དེ་སྔ་འབྲས་སྤུངས་དགོན་པར་བཙུགས་པའི་དགའ་ལྡན་ཕོ་བྲང་དེ་རྩེ་ཕོ་བྲང་དཀར་པོ་ལ་གནས་སྤོས་མཛད་པ་རེད། སྐབས་དེའི་བཟོ་སྐྲུན་གྱི་བཀོད་པ་ཇི་ལྟར་ཡིན་ཚུལ། ཕོ་བྲང་དཀར་པོའི་རྩེ་ཐོག་ཏུ་ཡོད་པའི་རྒྱལ་དབང་རིམ་བྱུང་གི་གཟིམ་ཆུང་ཉི་འོད་ཤར་གྱི་ནང་གི་གཞོགས་བྱང་ངོས་ཀྱི་ལྡེབས་བྲིས་སུ་གསལ་ཞིང་། དེའི་ཤོད་དུ་རྒྱལ་དབང་སྐུ་ཕྲེང་རིམ་བྱུང་གིས་གལ་ཆེའི་མཛད་སྒོ་ཁག་གནང་སའི་ཚོམས་ཆེན། དེ་བཞིན་ཁང་པ་ཁག་གཅིག་ནི་ས་གནས་སྲིད་གཞུང་གི་ལས་ཁུངས་ཚུགས་ཡུལ་དང་། གཞུང་གི་བང་མཛོད། བདེ་ཡངས་ཤར་ངོས་སུ་རྒྱལ་དབང་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོའི་སྐུ་དུས༼སྤྱི་ལོ ༡༧༥༡༽བཀའ་དྲུང་དང་། བཀའ་མགྲོན། འགག་པ་བཅས་བཙུགས་པའི་སྲོལ་བཏོད་ནས། རྩེ་ཡིག་ཚང་ལས་ཁུངས་དང་། རྩེ་སློབ་གྲྭ་སོགས་གནས་ཡོད། གོང་གསལ་རྒྱལ་མཆོག་ལྔ་པ་ཆེན་པོའི་སྐབས་ཕོ་བྲང་དཀར་པོ་གསར་སྐྲུན་གནང་བ་དེ་སྤྱི་ལོ ༡༦༤༥ ལོར་དངོས་སུ་འགོ་འཚུགས་ནས་སྤྱི་ལོ ༡༦༤༨ ལོར་ལེགས་པར་འགྲུབ་པ་ཤས་ཆེ་ཞིང་། དེ་ནས་རྒྱལ་དབང་རིམ་བྱོན་གྱིས་ལེགས་བཅོས་དང་ཉམས་གསོ་མཛད་ཡོད་པ་རེད།
      དབུས་ཀྱི་ཕོ་བྲང་དམར་པོ་ནི༼སྤྱི་ལོ ༡༦༩༠༽ལོར་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་ཇུས་བཀོད་འོག་དུས་ཡུན་ལོ་བཞི་ཙམ་རིང་འཛུགས་སྐྲུན་གནང་སྟེ། སྔར་ཡོད་ཕོ་བྲང་དམར་པོའི་ནུབ་དང་། ལྷོ་ཤར་བཅས་ནས་རྒྱ་བསྐྱེད་ཀྱིས་ཐོག་ཚད་བོད་ལུགས་ཀྱི་ཐོག་བརྩེགས་བཅུ་གསུམ་ཡོད་པའི་སྟེང་དུ། རྒྱལ་བའི་གཟིམ་ཆུང་བཀའ་གདམས་འཁྱིལ་བ་དང་ངོ་མཚར་འཁྱིལ་བ། འདོད་དགུ་འཁྱིལ་བ། བདེ་ལྡན་འཁྱིལ་བ། ཕུན་ཚོགས་བཀོད་པ། ས་གསུམ་རྣམ་རྒྱལ་སོགས་ཁག་བཅུ་གསུམ་དང་དེའི་ཤོད་དུ་སྨན་བླ་ལྷ་ཁང་དང་བླ་མ་ལྷ་ཁང་། རྒྱ་ནག་ལྷ་ཁང་། ལི་མ་ལྷ་ཁང་དེའི་ཤོད་དུ་ཚོམས་ཆེན་སྲིད་བཞིའི་ཕུན་ཚོགས། ཚོམས་ཆེན་གྱི་འདུ་ཁང་ཤར་ངོས་སུ་ལམ་རིམ་ལྷ་ཁང་། ལྷོ་ངོས་སུ་རིག་འཛིན་ལྷ་ཁང་། ནུབ་ངོས་སུ་རྒྱལ་མཆོག་ལྔ་པ་ཆེན་པོའི་གསེར་གདུང་འཛམ་གླིང་རྒྱན་གཅིག བྱང་ངོས་སུ་འཁྲུངས་རབས་ལྷ་ཁང་བཅས་ལྷ་ཁང་ཆེ་བ་བཞི། ཚོམས་ཆེན་ནང་གི་ལྡེབས་བྲིས་སུ། རྒྱལ་མཆོག་ལྔ་པ་ཆེན་པོའི་མཛད་རྣམ་དང་། བར་ཐོག་གི་ཁྱམས་སུ་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་རྣམ་ཐར་དང་ཕོ་བྲང་དམར་པོ་གསར་བཞེངས་བྱས་པའི་ལོ་རྒྱུས་ལྡེབས་བྲིས་སོགས་ཡོད་པ་རེད།

       ཕོ་བྲང་དམར་པོའི་གསེར་གདུང་ཁང་ཁག་སོ་སོའི་ནང་བོད་མི་རང་ཉིད་ཀྱི་སྒྱུ་རྩལ་བཟོ་བཀོད་པས་མཚར་དུ་བརྒྱན་པའི་རྒྱལ་དབང་རིམ་བྱོན་གྱི་གསེར་གདུང་ཁག་བརྒྱད་བཟོ་སྐྲུན་བྱས་ཡོད་པ་སྟེ་སྤྱི་ལོ ༡༦༩༢ ལོར་བཞེངས་པའི་རྒྱལ་མཆོག་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོའི་གསེར་གདུང་འཛམ་གླིང་རྒྱན་གཅིག་དེ་དང་དུས་མཚུངས་སུ་སྡེ་སྲིད་སངས་རྒྱས་རྒྱ་མཚོས༼གསེར་གདུང་འཛམ་གླིང་རྒྱན་གཅིག་གི་དཀར་ཆག༽བརྩམས། སྤྱི་ལོ ༡༧༥༧ ལོར་བཞེངས་པའི་རྒྱལ་དབང་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོའི་གསེར་གདུང་བཀྲ་ཤིས་འོད་འབར། སྤྱི་ལོ ༡༨༠༥ ལོར་བཞེངས་པའི་རྒྱལ་དབང་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོའི་གསེར་གདུང་དགེ་ལེགས་གཟི་འབར། སྤྱི་ལོ ༡༨༡༥ ལོར་བཞེངས་པའི་རྒྱལ་དབང་སྐུ་ཕྲེང་དགུ་པ་ལུང་རྟོགས་རྒྱ་མཚོའི་གསེར་གདུང་དང་། སྤྱི་ལོ ༡༨༣༧ ལོར་བཞེངས་པའི་རྒྱལ་དབང་སྐུ་ཕྲེང་བཅུ་པ་ཚུལ་ཁྲིམས་རྒྱ་མཚོའི་གསེར་གདུང་ཁམས་གསུམ་རྒྱན་མཆོག སྤྱི་ལོ ༡༨༥༥ ལོར་བཞེངས་པའི་རྒྱལ་དབང་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོའི་གསེར་གདུང་ཕན་བདེ་འོད་འབར། སྤྱི་ལོ ༡༨༧༥ ལོར་བཞེངས་པའི་རྒྱལ་དབང་སྐུ་ཕྲེང་བཅུ་གཉིས་པ་འཕྲིན་ལས་རྒྱ་མཚོའི་གསེར་གདུང་ཚེ་སྦྱིན་འོད་འབར། སྤྱི་ལོ ༡༩༣༤ ལོར་བཞེངས་པའི་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོའི་གསེར་གདུང་དགེ་ལེགས་འདོད་འཇོ་བཅས་བཞུགས་སོ། །
      ཕོ་བྲང་དམར་པོའི་ནུབ་ངོས་སུ་རྩེ་རྣམ་རྒྱལ་གྲྭ་ཚང་ཆགས་ཡོད་པ་དེ་ཐོག་མར་རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོའི་སྐབས་གསར་འཛུགས་གནང་བ་དང་། ད་ལྟའི་བཀོད་པ་ནི་སྡེ་སྲིད་སངས་རྒྱས་རྒྱ་མཚོས་གསེར་བཞེངས་མཛད་པའི་མཐོ་ཚད་དང་གཞི་རྒྱ་དེ་ཙམ་ཡིན་པར་སེམས། ཕོ་བྲང་པོ་ཏ་ལ་ནི་རང་རེའི་མི་རིགས་དེ་ཉིད་ཀྱི་རླབས་ཆེ་བའི་གནའ་རབས་འཛུགས་སྐྲུན་གྲས་ཤིག་ཡིན་ཐོག་ཆོས་རྒྱལ་སྲོང་བཙན་སྒམ་པོ་ནས་ད་བར་མི་ལོ་ཆིག་སྟོང་གསུམ་བརྒྱ་ལྷག་ཙམ་ཕྱིན་ཡོད་པ་དང་། རྒྱལ་མཆོག་ལྔ་པ་ནས་ད་བར་མི་ལོ་སུམ་བརྒྱ་བཞི་བཅུ་ཙམ་གྱི་ལོ་རྒྱུས་ཡོད་ཅིང་། བོད་ཀྱི་ནང་བསྟན་ཆོས་ལུགས་དང་། ཆབ་སྲིད། དཔལ་འབྱོར། རིག་གནས། སྒྱུ་རྩལ། འཛུགས་སྐྲུན་གང་ཅིའི་ཐད་ཀྱི་ཉིང་བཅུད་ལྟ་བུ་ཡིན་ལ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱལ་སྤྱིའི་གནའ་བོའི་རིག་དངོས་སྲུང་སྐྱོབ་ཁུལ་ཡིན་པར་དངོས་སུ་གཏན་འཁེལ་བྱས་ཟིན་པ་རེད། ༼ལྷ་སའི་དགོན་ཐོ་ལས་བཤུས།༽

 
ཕོ་བྲང་པོ་ཏ་ལའི་ཕྱི་ངོས་ཚོན་གྱི་མཚོན་དོན།

      ང་ཚོ་ནམ་རྒྱུན་ཕོ་བྲང་པོ་ཏ་ལའི་རྒྱབ་མདུན་གང་རུང་ནས་བསྐྱོད་དུས། དམིགས་པ་རྩེ་གཅིག་གི་དད་སེམས་ཀློང་ནས་ཕོ་བྲང་དེ་བརྗིད་ཆགས་ལྟ་ན་སྡུག་པ་ཞིག་ཏུ་མཐོང་བ་ལས། ཕོ་བྲང་གི་ཤར་ནུབ་གཉིས་ཀྱི་རྩིག་ངོས་དཀར་པོ་དང་། དབུས་ཀྱི་རྩིག་ངོས་དམར་པོ། ཤར་ངོས་དང་གཤམ་འོག་གི་ཁང་པ་འགའ་ཞིག་གི་རྩིག་ངོས་སེར་པོ་བཅས་ཡིན་པའི་མཚོན་དོན་སྐོར་ལ་བསམ་གཞིག་བྱེད་མཁན་ཉུང་ཉུང་ཡིན་ལ། དེ་བས་འགའ་ཞིག་གི་བསམ་པར་ཚོན་མདོག་དཀར་དམར་སེར་གསུམ་སྒྲོན་པ་དེ་ནི་ཕོ་བྲང་གི་ཕྱིའི་མཛེས་ཆ་ཁོ་ནའི་ཕྱིར་དུ་ཡིན་པར་བསམ་གྱི་ཡོད། དེ་ཡང་། ཕོ་བྲང་གི་ཕྱིའི་རྩིག་ངོས་སུ་ཚོན་མདོག་དཀར་དམར་སེར་གསུམ་སྒྲོན་དོན་ནི་ཕྱིའི་མཛེས་ཆ་ཁོ་ན་ཙམ་མིན་པར། དེར་རང་གི་བསྟན་བྱའི་ནང་དོན་གཏིང་ཟབ་རེ་ལྡན་ཡོད་དེ། དཀར་པོ་ལས་ཡོངས་སུ་ཞི་བར་གནས་པ་མཚོན་པ་དང་། དམར་པོ་ལས་ཁམས་གསུམ་དབང་དུ་འདུས་པ་མཚོན་པ། སེར་པོ་ལས་ཚེ་དང་བསོད་ནམས་འབྱོར་པ་སོགས་དར་ཞིང་རྒྱས་པ་མཚོན་གྱི་ཡོད། དེ་བཞིན་ཕོ་བྲང་གི་གཙོ་བོའི་ཚོན་མདོག་དཀར་དམར་གཉིས་ཀྱིས་བོད་ཀྱི་ཆོས་སྲིད་ཉི་ཟླ་ཟུང་འབྲེལ་གྱི་རྣམ་པ་མཚོན་གྱི་ཡོད་ཅིང་། ཕྱི་ངོས་གངས་རི་བཞིན་རབ་ཏུ་དཀར་བའི་ཕོ་བྲང་དཀར་པོ་ནི་སྲིད་གཞུང་གི་བྱ་བ་གཉེར་སའི་ཕོ་བྲང་དང་། གྲྭ་ཤག བང་མཛོད་སོགས་ཡིན། ཕྱི་ངོས་དམར་པོ་ནི་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་སའི་མཆོད་ཁང་དང་ལྷ་ཁང་རེད། བོད་ཀྱི་ཕོ་བྲང་དང་མཁར་རྫོང་། དགོན་སྡེ། ཐ་ན་མི་ཁྱིམ་ཕལ་པའི་འཛུགས་སྐྲུན་གྱི་བཀོད་པའི་ཐད་ཚོན་གྱི་མཛེས་རྒྱན་སྤྲས་སྲོལ་ཡོད་པ་དེར་རྒྱ་ཆེ་བའི་ནང་དོན་གཏིང་ཟབ་ལྡན་ལ་དེ་ཡང་འཛམ་གླིང་གི་ཡུལ་གྲུ་གཞན་ལ་མཐོང་དཀོན་པའི་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་ཤིག་ཡིན་པ་ནི་ཀུན་གྱིས་མཁྱེན་དགོས་ངེས་ཤིག་ལགས་སོ། ། ༼མཚོ་སྔོན་བོད་སྐད་དྲ་བ་ལས་བཤུས།༽