ལྷ་ས་གཙུག་ལག་ཁང་།
དྲ་ཚིགས་དོ་དམ་པས།
འབྱུང་ཁུངས། སྤེལ་མཁན། སྤེལ་དུས།2016-10-21

ངོ་སྤྲོད་གནད་བསྡུས།

      མིང་། ལྷ་ས་གཙུག་ལག་ཁང་ངམ་དགའ་བཞི་འཕྲུལ་སྣང་གཙུག་ལག་ཁང་། བཞེང་མཁན། བཙན་པོ་སྲོང་བཙན་སྒམ་པོ། ལོ་ཚིགས། ༦༣༩ ས་གནས། ལྷ་ས་གྲོང་ཁྱེར། རྒྱ་ཁྱོན། སྤྱི་ཁྲེ་གྲུ་བཞི་མ ༢༥༠༠༠ ཡས་མས། རྟེན་གཙོ། ཇོ་བོ་ཤཱཀྱ་མུ་ནེ། རྣམ་པ། རྒྱ་བལ་སོགས་ཀྱི་བཟོ་སྐྲུན་རིག་པའི་ཉིང་བཅུད་གཅིག་ཏུ་འདུས་པའི་ཐུན་མིན་བོད་ཀྱི་ཁྱད་ཆོས་ལྡན་པར་བཞེངས་ཡོད།





ར་ས་གཙུག་ལག་ཁང་།

      རྒྱལ་བོ་སྲོང་བཙན་སྒམ་པོའི་སྐུ་རིང་ལ་མཐའ་བཞིའི་རྒྱལ་ཁམས་དང་ཕྱི་འབྲེལ་མཛའ་མཐུན་འབྱུང་བའི་ཕྱིར་དུ་ཁྱིམ་མཚེས་རྒྱལ་ཁབ་ལ་གཉེན་འབྲེལ་བཙུགས། རྒྱ་བལ་གྱི་བཙུན་མོ་ཁབ་ཏུ་བཞེས་ཤིང་། རྒྱ་བཟས་སྤྱི་ལོ ༦༣༩ ལོར་ཇོ་བོ་ཤཱཀྱ་མུ་ནེ་དགུང་ལོ་བཅུ་གཉིས་ལ་ཕེབས་པའི་སྐུ་ཚད་ཅན་དང་། བལ་བཟས་སྤྱི་ལོ ༦༤༡ ལོར་ཇོ་བོ་མི་བསྐྱོད་རྡོ་རྗེ་དགུང་ལོ་བརྒྱད་ལ་ཕེབས་པའི་སྐུ་ཚད་ཅན་སོགས་རྟེན་བྱིན་རླབས་ཅན་གདན་དྲངས་པ་ལ་གཙུག་ལག་ཁང་བཞེངས། བལ་བཟས་བཞེངས་པ་དེར་ར་ས་དགའ་བཞི་གཙུག་ལག་ཁང་ཟེར་ཅིང་། ས་སུ་ར་མོ་ཆེ་ན་ཡོད་པའི་ཇོ་བོ་ཤཱཀྱ་མུ་ནེ་བཙན་པོ་ཁྲི་ལྡེ་གཙུག་བརྟན་གྱི་སྐབས་སུ་འདིར་གདན་དྲངས་པ་ཡིན། ༼བོད་ཀྱི་སློབ་འབྲིང་དྲ་བ་ལས་བཤུས།༽ 

ལྷ་ས་གཙུག་ལག་ཁང་། 

      སྤྱི་ལོ ༦༣༩ ལོར་བཞེངས་པའི་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་ངམ་དགའ་བཞི་འཕྲུལ་གྱི་ལྷ་ཁང་ལ་ད་ལྟ་ཡོངས་གྲགས་སུ་ལྷ་སའི་གཙུག་ལག་ཁང་ཞེས་འབོད། ལྷ་ས་གྲོང་ཁྱེར་གྱི་དབུས་སུ་འོ་ཐང་མཚོ་ཞེས་པའི་སྟེང་བལ་བཟའ་ཁྲི་བཙུན་གྱི་ཐུགས་འདོད་དང་ཐང་གོང་མའི་སྲས་མོ་འུན་ཤིང་ཀོང་ཇོས་སྤོར་ཐང་རྩིས་སྐོར་ཞུས་ནས། བོད་རྒྱལ་པོ་སྲོང་བཙན་སྒམ་པོས་དུས་རབས་བདུན་པའི་ནང་གཙུག་ལག་ཁང་ཐོག་མར་བཞེངས་པར་གྲགས་པ་ད་བར་མི་ལོ་ཆིག་སྟོང་གསུམ་བརྒྱ་ལྷག་ཙམ་གྱི་ལོ་རྒྱུས་ཡོད། དེ་ཡང་སྤོར་ཐང་རྩིས་ལ་བོད་ཀྱི་ས་དབྱིབས་དེ་སྲིན་མོ་གན་རྐྱལ་དུ་བསྡད་པ་ལྟ་བུ་ཡོད་པ་ལས་ལྷ་ས་གཙུག་ལག་ཁང་བཞེངས། བོད་རིགས་དད་ལྡན་རྣམས་ཀྱི་ཕྱག་དང་མཆོད་འབུལ་ཞུ་ཡུལ་གཙོ་བོ་དང་། རྒྱལ་ཁབ་ཕྱི་ནང་གི་ལྟ་སྐོར་གནང་ཡུལ། ལོ་རྒྱུས་ཞིབ་འཇུག་པ་རྣམས་ཀྱི་མེད་དུ་མི་རུང་བའི་གལ་འགངས་ཆེ་བའི་གནས་མཆོག་ཁྱད་དུ་འཕགས་པ་ཞིག་ཏུ་ཆགས་ཡོད་དོ། །༼བོད་ལྗོངས་རིག་གནས་དྲ་བ་ལས་བཤུས།༽ 


ར་ས་འཕྲུལ་སྣང་གཙུག་ལག་ཁང་།

      ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་བ་ཆེན་པོ་ནས་བཟུང་དགེ་ལུགས་པས་བདག་སྐྱོང་གཙོ་བོ་མཛད། ཆགས་ཡུལ། ལྷ་ས་གྲོང་ཁྱེར་དབུས། འདེབས་ལོ། ས་མོ་ཕག་སྤྱི་ལོ ༦༣༩ འདེབས་མཁན། ཆོས་རྒྱལ་སྲོང་བཙན་སྒམ་པོ་དང་བལ་བཟའ་ཁྲི་བཙུན། རྒྱའི་བཙུན་མོ་འུན་ཤིང་ཀོང་ཇོས་ས་དཔྱད་བརྟགས་པ་དང་སྤོར་ཐང་བརྩིས། གཙུག་ལག་ཁང་དེའི་རྟེན་གྱི་གཙོ་བོ་ནི། ཇོ་བོ་ཤཱཀྱ་མུ་ནེ་དགུང་ལོ་བཅུ་གཉིས་ཀྱི་སྐུ་ཚད་ཅན་དེ་ཡིན་ཞིང་། དེ་ཡང་སྔར་རྒྱ་གར་ཤར་ཕྱོགས་ཀྱི་ཡུལ་མ་གདྷ་བྱ་བར་སངས་རྒྱས་ཆོས་ལུགས་ལ་དད་པ་ཤིན་ཏུ་ཆེ་བའི་པཱ་ལའི་རྒྱལ་བརྒྱུད་བདུན་གྱི་ནང་གི་རྒྱལ་བོ་ཆེ་གེ་མོ་ཞིག་གི་དུས་སུ། རྒྱ་ནག་རྒྱལ་བོའི་རྟེན་སྐྱེས་སུ་བསྐུར་ཏེ་རྒྱ་ནག་ཏུ་ལོ་ལྔ་བརྒྱ་ཙམ་བཞུགས་ཟེར། དེ་ནས་རྒྱའི་ཐང་རྒྱལ་རབས་སྐབས་རྒྱལ་བོ་ཐང་ཐའེ་ཙུང་གིས་འུན་ཤིང་ཀོང་ཇོ་བོད་རྒྱལ་སྲོང་བཙན་སྒམ་པོའི་བཙུན་མོར་ཕུལ་སྐབས་སྲས་མོའི་རྟེན་སྐལ་དུ་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་དེ་བོད་དུ་བསྐུར་ནས། ཐོག་མར་ར་སའི་ལྷོ་སྒོ་མེ་ལོང་ཅན་དུ་བཞུགས་པར་གྲགས། སྐུ་དེ་ནི་སངས་རྒྱས་བཅོམ་ལྡན་འདས་དགུང་ལོ་ཞེ་གཅིག་པ་ས་ཕོ་སྤྲེལ་ལོ། སུམ་ཅུ་རྩ་གསུམ་དུ་དབྱར་གནས་ལ་བཞུགས་པའི་ཚེ་སྐུ་རྒྱུ་ལྷའི་རིན་པོ་ཆེ་ལས་གྲུབ་པ་དང་། སྦྱིན་བདག་ནི་ལྷའི་དབང་བོ་བརྒྱ་བྱིན་གྱིས་བྱས་ཏེ་བཟོའི་རྒྱལ་པོ་བི་ཤྭ་ཀརྨས་སངས་རྒྱས་དགུང་ལོ་བཅུ་གཉིས་པའི་སྐུ་ཚད་དུ་བཞེངས་ནས་བཅོམ་ལྡན་འདས་སྐུ་དངོས་ཀྱིས་རབ་གནས་མཛད་པ་སོགས་བོད་ཀྱི་ལོ་རྒྱུས་དེབ་ཐེར༼རྒྱལ་རབས་གསལ་བའི་མེ་ལོང༽མི་རིགས་དཔེར་སྐྲུན་ཁང་ནས་པར་དུ་བསྐྲུན་པའི་ལྕགས་པར་ཤོག་གྲངས ༡༩ ལ་གསལ།

      ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་ངམ་དགའ་བཞི་འཕྲུལ་གྱི་ལྷ་ཁང་ད་ལྟ་ཡོངས་གྲགས་སུ་ལྷ་སའི་གཙུག་ལག་ཁང་ཞེས་འབོད། ར་ས་ཞེས་པ་ནི་ཐོག་མར་ལྷ་ཁང་མ་བཞེངས་གོང་ར་མ་ལ་ས་བཀལ་ནས་མཚོ་བསུབས་པར་བརྟེན་ར་སའི་མིང་བྱུང་བ་དང་འཕྲུལ་སྣང་ནི་གཙུག་ལག་ཁང་ཡོངས་སུ་བཞེངས་ཚར་བའི་རྗེས་བལ་བཟའ་ཁྲི་བཙུན་གྱིས་རྒྱལ་པོ་གདན་དྲངས་ནས་གཟིགས་པར་ཕེབས། ལྷ་ཁང་གི་སྒོ་ཕྱེས་ནས་རྒྱལ་བོ་ནང་དུ་བྱོན་སྐབས་ས་མཐིལ་གྱི་ཞབས་ལ་ཆུའི་མདོག་ལྟ་བུ་དང་། སྟེང་ཕྱོགས་ཀྱི་གཟུགས་བརྙན་ཐམས་ཅད་དེ་ལ་ཤར་བ་གཟིགས་པས། རྒྱལ་བོའི་དགོངས་པར་སྔར་གྱི་མཚོ་འདི་བརྡོལ་འདུག་དགོངས་ནས་ནང་དུ་བྱོན་མ་ནུས་པ་དང་ཁྲི་བཙུན་གྱིས་སོར་གདུབ་ཕུད་དེ་གཏོར་བས། འཁྱག་དར་ཐོག་ཏུ་རྡེའུ་བསྐྱུར་བ་བཞིན་ཁྲོལ་གྱིས་སོང་བ་རྒྱལ་བོས་གཟིགས་པས་ཐུགས་ཡིད་ཆེས་ཏེ་ནང་དུ་བྱོན། དེར་ཁྲི་བཙུན་ལ་ཁྱེད་ཀྱི་ལྷ་ཁང་འདི་འཕྲུལ་དུ་སྣང་ངོ་ཞེས་གསུངས་པས། དེ་ནས་བཟུང་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་ཞེས་ཡོངས་སུ་གྲགས་སོ། །དགའ་བཞི་འཕྲུལ་གྱི་ལྷ་ཁང་ཞེས་ལོ་རྒྱུས་དེབ་ཐེར་འགའ་རེར་གསལ་བ་ཡང་འདུག་ཏེ༼རྒྱལ་རབས་གསལ་བའི་མེ་ལོང༽ལས་དགའ་བ་བཞི་ནི་འདི་ལྟ་སྟེ། སྒོ་བཞི་དཀྱིལ་འཁོར་རིས་སུ་བྱས་པས་བླ་མ་དགའ། །ཀ་བ་ཕུར་པ་རིས་སུ་བྱས་པས་སྔགས་པ་དགའ། །ཟུར་བཞི་གཡུང་དྲུང་རིས་སུ་བྱས་པས་བོན་པོ་དགའ། །རེའུ་མིག་རིས་སུ་བྱས་པས་བོད་འབངས་དགའ། །ཞེས་དང་། གཙུག་ལག་ཁང་ལྟེ་བ་ཐོག་ཚད་གསུམ། མཚམས་བཞི་ཟུར་ལྕོག་རྣམས་ཐོག་ཚད་བཞི། སྤྱིའི་རྒྱ་ཁྱོན་སྤྱི་ཁྲེ་གྲུ་བཞི་མ ༼༢༥༠༠༽ཙམ་ཕྱོགས་བཞིར་གསེར་ཟངས་ཀྱི་རྒྱ་ཕིབས་དང་། ཁོ་ར་ཁོར་ཡུག་ཏུ་གསེར་ཟངས་ཀྱི་མདའ་ཡབ་པུ་ཤུ་དང་བཅས་པ་གསེར་འོད་ཆེམ་ཆེམ་འཕྲོ་བས་ཀུན་ནས་བརྒྱན་ཅིང་བརྗིད་ཆགས་པར་གནས་ཡོད། གཙུག་ལག་ཁང་འདིར་ཇོ་ཁང་གཙོ་བྱས་པའི་ལྷ་ཁང་བཅུ་ཕྲག་གཉིས་ལྷག་གི་ནང་། ལི་མ་དང་གསེར་ཟངས། ཤིང་འཇིམ་ལ་སོགས་པའི་སྐུ་བརྙན་ཆེ་ཆུང་སྣ་ཚོགས་དང་། སྟེང་ཤོད་བར་གསུམ་ཁྱམས་ར་དང་བཅས་པར་གཞི་རྒྱ་ཆེ་བའི་ལྡེབས་རིས་རྣམ་པ་སྣ་ཚོགས་ཀྱིས་བྱུར་བུར་གཏམས་ཤིང་མདོར་ན་གཙུག་ལག་ཁང་འདིའི་ཕྱི་ནང་འཆར་བཀོད་དང་། ལག་ཤེས་བཟོ་རྩལ། རིག་གནས་སྒྱུ་རྩལ་གྱི་ཁྱབ་ཁོངས་སོགས་གང་གི་ཆ་ནས་བལྟས་རུང་། རང་མི་རིགས་ཀྱི་ཕུལ་བྱུང་རིག་གནས་ངོ་མཚར་ཅན་མང་བོ་གསལ་ལེར་མཚོན་ཡོད་པར་མ་ཟད། ཁྱིམ་མཚེས་རྒྱལ་ཁབ་ཀྱི་ཕུལ་བྱུང་རིག་གནས་འགའ་ཞིག་ཀྱང་ཟུང་འབྲེལ་བྱས་ཏེ་གཙུག་ལག་ཁང་དེ་ཉིད་ཀྱི་རྣམ་པ་ཕུན་སུམ་ཚོགས་པར་བཏང་ཡོད་པ་རེད། གཙུག་ལག་ཁང་འདི་ཉིད་ལོ་རྒྱུས་ཀྱི་དུས་རིམ་མང་བོའི་ནང་ཉམས་གསོ་རྒྱ་བསྐྱེད་ཐེངས་མང་བྱས་མཐར་ད་ཡོད་ཀྱི་གཞི་ཁྱོན་འདི་ཆགས་པ་དང་། ཁྱད་པར་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་བའི་དུས་སྤྱི་ལོ ༡༩༤༢-༡༩༧༣ བར་ཉམས་གསོ་རྒྱ་བསྐྱེད་ཤུགས་ཆེར་གནང་བར་མ་ཟད་གཙུག་ལག་ཁང་གི་དཀར་ཆག༼ཤེལ་དཀར་མེ་ལོང༽ཞེས་པ་ལྗགས་རྩོམ་མཛད་ཡོད་པ་ད་ལྟ་ཡང་མཇལ་རྒྱུ་ཡོད་དོ། ། ༼ལྷ་སའི་དགོན་ཐོ་ལས་བཤུས།༽     


ལྷ་ལྡན་གཙུག་ལག་ཁང་།

      གཙུག་ལག་ཁང་འདི་ནི་བོད་ཀྱི་བཙན་པོ་སྲོང་བཙན་སྒམ་པོས་བལ་བཟའ་ཁྲི་བཙུན་དང་། རྒྱ་བཟའ་འུན་ཁྲིན་ཀོང་ཇོ་ཁབ་ཏུ་བསུས་རྗེས་བོད་ཀྱི་ངལ་རྩོལ་མི་དམངས་ཀྱིས་གཙོ་ཤུགས་བྱས་ཏེ་སྤྱི་ལོའི་དུས་རབས་བདུན་པའི་དུས་དཀྱིལ་དུ་གསར་དུ་བསྐྲུན་པ་ནས་ད་བར་མི་ལོ་ཆིག་སྟོང་སུམ་བརྒྱ་ལྷག་ཙམ་གྱི་ལོ་རྒྱུས་ཡོད་པ་དང་། དེའི་རིང་དུས་རབས་རིམ་ཅན་གྱི་ནང་ཉམས་གསོ་རྒྱ་སྐྱེད་ཐེངས་མང་བྱས་པའི་བརྒྱུད་རིམ་བཞིན་ད་ཡོད་ཀྱི་གཞི་ཁྱོན་འདི་ལྟར་ཆགས་པ་ཡིན། ད་ལྟ་གཙུག་ལག་ཁང་གི་ལྟེ་བར་ཐོག་ཚད་གསུམ་དང་མཚམས་བཞི་ཟུར་ལྕོག་རྣམས་བསྣན་ན་ཐོག་ཚད་བཞི་ཡིན་ཞིང་སྤྱིའི་རྒྱ་ཁྱོན་སྤྱི་ཁྲེ་གྲུ་བཞི་མ་ཉིས་ཁྲི་ལྔ་སྟོང་ཡས་མས་ཤིག་ཡོད་པ་དང་། ཕྱོགས་བཞིར་གསེར་ཟངས་ཀྱི་རྒྱ་ཕིབས་དང་། ཁོ་ར་ཁོར་ཡུག་ཏུ་གསེར་ཟངས་ཀྱི་མདའ་ཡབ་པུ་ཤུ་དང་བཅས་པ་གསེར་འོད་ཆེམ་ཆེམ་འཕྲོ་བས་ཀུན་ནས་བརྒྱན་ཅིང་བརྗིད་ཆགས་པར་གནས་ཡོད། གཙུག་ལག་ཁང་འདིར་ཇོ་ཁང་གཙོར་བྱས་པའི་ལྷ་ཁང་བཅུ་ཕྲག་གཉིས་ལྷག་གི་ནང་དུ་ལི་མ་དང་། གསེར་ཟངས། འཇིམ་པ་ལ་སོགས་པའི་སྐུ་བརྙན་ཆེ་ཆུང་སྣ་ཚོགས་དང་། སྟེང་ཤོད་བར་གསུམ་ཁྱམས་ར་དང་བཅས་པར་གཞི་རྒྱ་ཆེ་བའི་ལྡེབས་རིས་རྣམ་པ་སྣ་ཚོགས་བཅས་ཀྱིས་བྱུར་བུར་གཏམས། ལྷ་ཁང་འདིའི་རྣམ་མང་བཟོ་སྐྲུན་གྱི་རིག་གནས་དངོསས་པོའི་ཐོག་ནས་བོད་ཕུན་སུམ་ཚོགས་པའི་ཤེས་རིག་དང་ལྡན་པ་ཞིག་ཡིན་པ་གང་ལེགས་མཚོན། ༼དུང་དཀར་ཚིག་མཛོད་ལས་བཤུས།༽    

དགའ་བཞི་འཕྲུལ་གྱི་ལྷ་ཁང་།
      ལྷ་སའི་གཙུག་ལག་ཁང་གི་མིང་གི་རྣམ་གྲངས་ཏེ། མིང་གཞན་དགའ་བཞི་འཕྲུལ་སྣང་ཡང་ཟེར། ༼མ་ཎི་བཀའ་འབུམ༽ལས། དགའ་བཞི་ཟེར་བ་ནི། ༡.གཙུག་ལག་ཁང་སྒོ་བཞི་དཀྱིལ་འཁོར་རིས་སུ་བྱས་པས་བླ་མ་དགའ། ༢.ཀ་བ་ཕུར་པའི་དབྱིབས་སུ་བྱས་པས་སྔགས་པ་དགའ། ༣.ཟུར་བཞི་གཡུང་དྲུང་རིས་སུ་བྱས་པས་བོན་པོ་དགའ། ༤.མིག་མངས་རིས་སུ་བྱས་པས་བོད་རྣམས་དགའ་བ་སྟེ་དགའ་བ་བཞི་དང་། སྤྲུལ་པ་དང་འདྲ་བའི་བཟོ་བོས་བཞེངས་པས་ན་འཕྲུལ་སྣང་དུ་ཐོགས་པ་ཡིན་ཞེས་བཤད། ༼དུང་དཀར་ཚིག་མཛོད་ལས་བཤུས།༽

ར་ས་འཕྲུལ་སྣང་གཙུག་ལག་ཁང་ནི་དུས་ནམ་ཞིག་ལ་བཞེངས་པ་ཡིན།

      དགའ་བཞི་འཕྲུལ་སྣང་གཙུག་ལག་ཁང་ངམ་ཡོངས་གྲགས་དུ་ལྷ་ས་གཙུག་ལག་ཁང་དུ་འབོད་པ་ནི་ལྷ་ས་གྲོང་ཁྱེར་གྱི་ལྟེ་བར་ཆགས་ཤིང་། ལོ་ངོ་ཆིག་སྟོང་སུམ་བརྒྱ་ལྷག་གི་ལོ་རྒྱུས་ལྡན། དེ་ནི་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་རིང་ལ་བལ་བཟའ་ཁྲི་བཙན་གྱིས་རང་གི་རྟེན་སྐལ་ཇོ་བོ་མི་བསྐྱོད་རྡོ་རྗེ་བཞུགས་སར་ཆེད་དུ་བཞེངས་པ་ཡིན་པས། གཙུག་ལག་ཁང་གི་གཞུང་སྒོ་ནུབ་ཕྱོགས་བལ་བོའི་ཡུལ་དུ་གཏད་ཡོད། ལྷ་ཁང་གི་ལྟེ་བར་ཐོག་ཚད་གསུམ་དང་ཕྱོགས་བཞིའི་ཟུར་ལྩོག་ལ་ཐོག་ཚད་བཞི་ཡོད། ཕྱི་ནང་སྟེང་ཤོད་ན་ལྷ་ཁང་ཆེ་ཆུང་བདུན་ཅུ་ལྷག་ཡོད། གཙུག་ལག་ཁང་གི་མདུན་དུ་ཇོ་བོའི་དབུ་སྐྲར་གྲགས་པའི་རྒྱ་ལྕང་དང་། སྤྱི་ལོ ༨༢༡ ལོར་བོད་རྒྱལ་ཁྲི་གཙུག་ལྡེ་བཙན་དང་རྒྱ་རྗེ་ཐང་མུའུ་ཙུང་གཉིས་ཞི་མཐུན་གྱི་ཆབ་སྲིད་སྤེལ་བར་ཐུགས་ཡིད་གཅིག་ཏུ་མོལ་ནས་ལོ་རྒྱུས་སྟེང་སྐད་གྲགས་ཆེ་བའི་ཐང་བོད་འཇམ་འདུམ་མཛད་དེ། བཀའ་གཙིགས་ཀྱི་མདོ་རྡོ་རིང་ངམ་དབོན་ཞང་མཐུན་སྒྲིལ་རྡོ་རིང་ཡོད་དོ། །༼ཤེས་བྱ་དྲིས་བརྒྱ་བ་ལས་བཤུས།༽ 


ལྷ་ལྡན་གཙུག་ལག་ཁང་གི་བར་སྐོར་བྱང་ཆུབ་བྱོན་ལམ་དུ་ཡོད་པའི་དར་ཆེན་གྱི་ལོ་རྒྱུས།

      ཀ༽ ཤར་སྐྱ་རེངས་དར་ཆེན་ནི། བར་སྐོར་ཤར་ལྷོའི་གདོང་བཙན༼དུང་མཚོའི༽་ཟུར་དུ་ཡོད་ཅིང༌། དེ་ནི་རབ་བྱུང་བཅུ་བདུན་པའི་ས་གླང་སྤྱི་ལོ ༡༤༠༩ ལོར་རྗེ་ཙོང་ཁ་པ་ཆེན་པོས་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་སྲོལ་བཟང་གསར་གཏོད་མཛད་པའི་རྗེས་དྲན་དུ་བཙུགས་གནང་མཛད་ཅིང༌། བོད་ཟླ་དང་པོའི་ཚེས་བཅོ་ལྔའི་ཞོགས་པ་སྐྱ་བརྡ་མ་བཏང་གོང་སྐུ་བཞེངས་གྲུབ་དགོས་པའི་ལམ་སྲོལ་ཡོད་རྐྱེན་ཤར་སྐྱ་རེངས་ཞེས་མིང་དེ་ངག་རྒྱུན་དུ་ཆགས་ཤིང༌།  དོན་དུ་དར་ཆེན་དེ་ནི་རྗེ་ཙོང་ཁ་པ་ཆེན་པོས་ནང་པ་སངས་རྒྱས་པའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་ཀུན་ཏུ་དར་རྒྱས་ཡོང་བའི་ཐུགས་སྨོན་དང་བཅས་གསར་བཙུགས་གནང་བར་གྲགས་སོ། །

      ཁ༽ ཇུས་ཡག་དར་ཆེན་ནི། ལྷ་ལྡན་གཙུག་ལག་ཁང་གི་མདུན་ངོས་གཡས་སུ་གནས་ཤིང༌། དར་ཆེན་དེ་ནི་བོད་རབ་བྱུང་བཅུ་གཅིག་པའི་ས་ཡོས་སྤྱི་ལོ ༡༦༣༩ ལོར་རྒྱལ་དབང་ལྔ་བ་ཆེན་པོའི་ཆོས་སྲིད་གཉིས་ལྡན་གྱི་དཔུང་རྒྱབ་སོག་པོ་གུ་ཤྲི་བསྟན་འཛིན་ཆོས་ཀྱི་རྒྱལ་པོས་མདོ་སྟོད་བེ་རི་རྒྱལ་པོ་ཆམ་ལ་ཕབ་ཅིང༌།  སྡེ་དགེ་དང་སྨར་ཁམས་སོགས་ས་གནས་མང་པོ་ཚུར་བླངས་ཏེ་གཏམ་སྙན་ལྷ་སར་འབྱོར་སྐབས། རྒྱལ་དབང་ལྔ་པ་ཆེན་པོའི་ཕྱག་མཛོད་སྡེ་སྲིད་བསོད་ནམས་ཆོས་འཕེལ་གྱིས་སངས་རྒྱས་བསྟན་པའི་ཇུས་ཡག་ལམ་དུ་ལྷོངས་སོ་ཟེར་བའི་དྲིལ་བསྒྲགས་དང་བཅས་ཇུས་ཡག་དར་ཆེན་བཙུགས་པར་གྲགས། །

      ག༽ དགའ་ལྡན་དར་ཆེན་ནི། བར་སྐོར་བྱང་ཆུབ་བྱོན་ལམ་གྱི་བྱང་ཤར་ཟུར་དུ་བདེ་ཆེན་རབ་བརྟན་ཞེས་པའི་གྲོང་ཁྱིམ་ཐོག་བརྩེགས་ཅན་དེའི་ཉེ་འགྲམ་དུ་གནས་ཤིང༌། བདེ་ཆེན་རབ་བརྟན་ནི་རྒྱལ་པོ་དགའ་ལྡན་ཚེ་དབང་གི་ཕོ་བྲང་ཡིན་ཞིང༌། དེའི་མདུན་དུ་དགའ་ལྡན་དར་ཆེན་དེ་བཙུགས་ཡོད། སྤྱི་ལོ ༡༦༨༡ ལོར་དགའ་ལྡན་ཚེ་དབང་དཔལ་བཟང་ཟེར་བའི་སོག་རིགས་ཀྱི་རྗེ་བོ་ད་ལ་ཧོ་ཐའི་ཇིའི་བུ་བཀྲས་ལྷུན་དགོན་དུ་ཆོས་སྒོར་ཞུགས་བཞིན་པའི་སྐབས་སུ་རྒྱལ་དབང་སྐུ་ཕྲེང་ལྔ་པ་ཆེན་པོས་བཀའ་ལུང་ཕེབས་པ་བཞིན། དམག་སྤྱིའི་ཐུགས་འགན་བཞེས་ཏེ་ཡན་ལག་དཔུང་ཚོགས་དང་བཅས་པ་ལ་དྭགས་རྒྱལ་པོ་སེང་གེ་རྣམ་རྒྱལ་ཟེར་བས་རང་རེའི་གངས་ཅན་མངའ་རིས་སྐོར་གསུམ་བཙན་བཟུང་བྱས་པར་དཔའ་ཞིང་བརྟུལ་ཕོད་པའི་ཕར་རྒོལ་འཐབ་ལག་ཤུགས་ཆེ་སྤྲད་པའི་མཐར་དགྲ་བོའི་གཡུལ་ལས་རྣམ་པར་རྒྱལ་བའི་དཔའ་ཉམས་རྟགས་སུ་ཐོག་མར་སྟོད་གངས་རིན་པོ་ཆེའི་མདུན་དུ་དགའ་ལྡན་དར་ཆེན་ཞེས་པ་ཞིག་བཙུགས་པ་དང༌། དེ་ནས་ལོ་ཕྱི་མ ༡༦༨༢ ལོར་ལྷ་ལྡན་བར་སྐོར་དུ་དགའ་ལྡན་དར་ཆེན་དེ་ཉིད་བཙུགས་པ་དང༌། མིང་གཞན་དགའ་ལྡན་དར་སྨྱོན་ཞེས་ཀྱང་གྲགས་སོ། །༼ཆོས་གྲོགས་དྲ་བ་ལས་བཏུས།༽