གུ་གེ་རྒྱལ་རབས་ཀྱི་གནའ་ཤུལ།
དྲ་ཚིགས་དོ་དམ་པས།
འབྱུང་ཁུངས། སྤེལ་མཁན། སྤེལ་དུས།2016-10-21
ངོ་སྤྲོད་ཉིང་བསྡུས།

      གུ་གེའི་རྒྱལ་རབས་ཀྱི་གནའ་ཤུལ་འདི་ནི་བོད་ལྗོངས་མངའ་རིས་ས་ཆའི་རྩ་མདའ་རྫོང་གི་མངའ་ཁོངས་སུ་ཡོད་ལ། དུས་རབས་དགུ་བའི་ནང་དུ་བོད་བཙན་པོའི་རྒྱལ་རབས་ཀྱི་རྗེས་རབས་པ་རྣམས་ཀྱིས་གནས་འདིར་གུ་གེའི་རྒྱལ་ཁབ་བཙུགས་ཤིང་ཤར་ནུབ་གཉིས་ཀྱི་རིག་གནས་གཞི་གཅིག་ཏུ་འདྲེས་པའི་གུ་གེའི་དཔལ་ཡོན་འཕེལ་རྒྱས་སུ་བཏང་། ད་ལྟའི་བར་དུ་ལོ་ངོ་ཆིག་སྟོང་ལྷག་གི་ལོ་རྒྱུས་ཡོད།



གུ་གེ་རྒྱལ་རབས་ཀྱི་གནའ་ཤུལ།

      གུ་གེ་རྒྱལ་རབས་ཀྱི་གནའ་ཤུལ་ནི། བོད་རང་སྐྱོང་ལྗོངས་མངའ་རིས་ཁུལ་རྩ་མདའ་རྫོང་ཁོངས་སུ་ཡོད་ཅིང་། དེ་ནི་བོད་ལྗོངས་ཀྱི་གནའ་བོའི་མཁར་གྲོང་གི་ཤུལ་རྙིང་ཞིག་ཡིན། གནའ་ཤུལ་གྱང་རོ་རྣམས་རི་འདབས་ཀྱི་དེའུ་འབུར་ཆེན་པོ་ཞིག་གི་སྟེང་དུ་ཆགས་ཤིང་།  གཞན་ཡང་མཆོད་རྟེན་ཁག་གསུམ། ལྷ་ཁང་དང་རྟེན་ཁྱད་པར་ཅན་མང་བར་མ་ཟད། བོད་ཀྱི་བཙན་པོ་རིམ་བྱོན་དང་གུ་གེ་རྒྱལ་བློན་མི་ཉུང་བའི་འདྲ་རིས་ཀྱང་བཞེངས་ཡོད་པ་སོགས་རིག་དངོས་མང་བོ་ཡོད། གུ་གེ་རྒྱལ་ཕྲན་ནི་བོད་རྗེ་འུ་དུམ་བཙན་གྱི་རྒྱལ་རྒྱུད་རྗེ་དཔལ་འཁོར་བཙན་གྱི་ཆེན་མའི་སྲས་སྐྱིད་ལྡེ་ཉི་མ་མགོན་གྱིས་བཙུགས་ནས་རྒྱལ་ཐོག་བཅུ་དྲུག་ཙམ་བྱུང་། དེང་སྐབས་མཐོང་རྒྱུ་ཡོད་པ་ནི་སྲས་ཆུང་བ་ལྡེ་གཙུག་མགོན་གྱིས་བཟུང་བའི་རྒྱལ་ཕྲན་གྱི་ཤུལ་རྙིང་རེད། ད་ལྟའི་བར་དུ་ལོ་ངོ་སྟོང་གཅིག་ལྷག་གི་ལོ་རྒྱུས་ཡོད། དུས་རབས་དགུ་བའི་ནང་དུ་བོད་བཙན་པོའི་རྒྱལ་རབས་ཀྱི་རྗེས་རབས་པ་རྣམས་ཀྱིས་གནས་འདིར་གུ་གེའི་རྒྱལ་ཁབ་བཙུགས་ཤིང་ཤར་ནུབ་གཉིས་ཀྱི་རིག་གནས་གཞི་གཅིག་ཏུ་འདྲེས་པའི་གུ་གེའི་དཔལ་ཡོན་འཕེལ་རྒྱས་སུ་བཏང་། ༡༩༦༡ ལོར་གུ་གེ་རྒྱལ་རབས་ཀྱི་གནའ་ཤུལ་དེ་རྒྱལ་ཡོངས་ཀྱི་ཐོག་དང་བོའི་རིག་དངོས་སྲུང་སྐྱོབ་སྡེ་ཁག་ཏུ་གཏན་འཁེལ་བྱས་པ་རེད།༼སློབ་འབྲིང་དྲ་བ་ལས་བཏུས།༽

 
གུ་གེ་རྒྱལ་རབས་ཀྱི་གནའ་ཤུལ།

      གུ་གེ་རྒྱལ་རབས་ཀྱི་གནའ་ཤུལ་ནི། བོད་རང་སྐྱོང་ལྗོངས་མངའ་རིས་ཁུལ་རྩ་མདའ་རྫོང་ཁོངས་སུ་ཡོད་ཅིང་། དེ་ནི་བོད་ལྗོངས་ཀྱི་གནའ་བོའི་མཁར་གྲོང་གི་ཤུལ་རྙིང་ཞིག་ཡིན། གནའ་ཤུལ་གྱང་རོ་རྣམས་རི་འདབས་ཀྱི་དེའུ་འབུར་ཆེན་པོ་ཞིག་གི་སྟེང་དུ་ཆགས་ཤིང་། རྒྱ་མཚོའི་ངོས་ལས་རྨིད་སུམ་བརྒྱ་ཙམ་གྱིས་མཐོ་བ་དང་། མཁར་ཤུལ་ཧྲིལ་པོའི་རྒྱ་ཁྱོན་རྨིད་གྲུ་བཞི་མ་ཆིག་འབུམ་བརྒྱད་ཁྲི་ཡོད། མཁར་ཤུལ་དེར་ཁང་མིག་ཆེ་ཆུང་བསྡོམས་པས་སུམ་བརྒྱ་ལྷག་ཙམ་དང་། དོང་སྦུག་སུམ་བརྒྱ། གཞན་ཡང་མཐོ་ཚད་རྨིད་བཅུ་ཙམ་ཡོད་པའི་མཆོད་རྟེན་ཁག་གསུམ། ད་རུང་ལྷ་ཁང་དང་རྟེན་ཁྱད་པར་ཅན་མང་བར་མ་ཟད། བོད་ཀྱི་བཙན་པོ་རིམ་བྱོན་དང་གུ་གེ་རྒྱལ་བློན་མི་ཉུང་བའི་འདྲ་རིས་ཀྱང་བཞེངས་ཡོད་པ་སོགས་རིག་དངོས་མང་བོ་ཡོད། གུ་གེ་རྒྱལ་ཕྲན་ནི་བོད་རྗེ་འུ་དུམ་བཙན་གྱི་རྒྱལ་རྒྱུད་རྗེ་དཔལ་འཁོར་བཙན་གྱི་ཆེན་མའི་སྲས་སྐྱིད་ལྡེ་ཉི་མ་མགོན་གྱིས་བཙུགས་ནས་རྒྱལ་ཐོག་བཅུ་དྲུག་ཙམ་བྱུང་། སྐྱིད་ལྡེ་ཉི་མ་མགོན་གྱིས་རྒྱལ་ཕྲན་ལ་དབང་སྒྱུར་བྱེད་བདེ་བ་ཡོང་ཕྱིར་ཆེད་དུ་རང་ཁོངས་ས་ཆ་རྣམས་རང་གི་རིགས་སྲས་གསུམ་ལ་བགོས་ནས་སྐྱོང་དུ་བཅུག་པ་སྟེ། རྒན་པ་དཔལ་ལྡེ་ཉི་མ་མགོན་གྱིས་མང་ཡུལ་བཟུང་། འབྲིང་བ་བཀྲ་ཤིས་ལྡེ་མགོན་གྱིས་སྤུ་ཧྲེང་། ཆུང་བ་ལྡེ་གཙུག་མགོན་གྱིས་ཞང་ཞུང་བཟུང་། དེ་གསུམ་ལ་སྟོད་ཀྱི་མགོན་གསུམ་ཟེར། དེང་སྐབས་མཐོང་རྒྱུ་ཡོད་པའི་གུ་གེ་རྒྱལ་རབས་ཀྱི་གནའ་ཤུལ་ནི་སྲས་ཆུང་བ་ལྡེ་གཙུག་མགོན་གྱིས་བཟུང་བའི་རྒྱལ་ཕྲན་གྱི་ཤུལ་རྙིང་ཡིན་པ་དང་། དེ་མིན་སྲས་ཆེ་འབྲིང་སོ་སོས་བཟུང་བའི་རྒྱལ་ཕྲན་གྱི་ཤུལ་རྙིང་གང་དུ་ཡོད་མེད་དཔྱད་ཞིབ་བྱ་ཡུལ་དུ་གྱུར་ཡོད། ད་ལྟའི་མངའ་རིས་ཀྲོན་ཆུས་རྩ་མདའ་རྫོང་ཁོངས་ཀྱི་གླང་ཆེན་ཁ་འབབ་ལྷོ་ངོགས་ཀྱི་ཧྲེང་ཞེས་བྱ་བའི་ཡུལ་གྲུ་དེ་ས་སེར་གྱི་དེའུ་མཐོ་ཚད་སྤྱི་ཁྲེ་སུམ་བརྒྱ་ལྷག་ཙམ་ཡོད་པ་ཞིག་གི་ཐོག་ཏུ་རྫོང་གོག་ཅིག་ཡོད་པ་དེ་ནི། སྔར་གླང་དར་གྱི་བཙུན་མོ་ཆུང་བའི་སྲས་འོད་སྲུང་གི་རྒྱུད་པས་བོད་སིལ་བུའི་དུས་སུ་སྟོད་མངའ་རིས་ཕྱོགས་སུ་དབང་སྒྱུར་སྐབས་བྱུང་བའི་གུ་གེ་རྒྱལ་བོའི་ཁབ་ཀྱི་གནས་ཤུལ་དེ་ཡིན། དེའུའི་ཤར་བྱང་གི་སྒང་གཤོངས་སུ་མཁར་རྫོང་གི་གྱང་ཤུལ་ཀྲོང་ངེར་ལངས་ཡོད་པ་དང་། དེའི་གཞོགས་སུ་མཐོ་ཚད་སྤྱི་ཁྲེ་བཅུ་ལྷག་ཙམ་གྱི་མཆོད་རྟེན་སྟར་ཕྲེང་གསུམ་དུ་མཆིས་ཤིང་། དེའུའི་གྱེན་ལྡེབས་སུ་ས་ཕུག་སུམ་བརྒྱ་ལྷག་ཙམ་ཚར་དུ་དངར་བའི་ཁྲོད་དུ་གྱང་རྩིག་བཙག་དམར་མདོག་ལྡན་གྱི་དགོན་པའོ་འདུ་ཁང་ལྟ་བུ་ཞིག་འདུག་པར་གཞིགས་ན། དེ་ནི་སྔ་དུས་དགེ་འདུན་འདུ་བའི་གནས་ཤུལ་ཞིག་ཡིན་བཟོ་མཆིས། རྒྱལ་བོའི་ཕོ་བྲང་ནི་དེའུའི་གྱེན་ལྡེབས་ཀྱི་རྩེ་མཐོར་ཆགས་པའི་གྱང་ཤུལ་ཀེ་རེར་ལངས་པར་བལྟས་ན་དེ་ཞི་ཟིལ་ཆེ་ཞིང་། ཁོར་ཡུག་ཁང་ཁྱིམ་གྱིས་བསྐོར་བའི་གྱང་ཤུལ་དང་། ཕྱོགས་བཞི་མཚམས་བརྒྱད་ལ་གཏུགས་པའི་དོང་ལམ། མཐའ་བཞི་ལྕགས་རིས་བསྐོར་བ་བཅས་མདོར་ན་གནའ་བོའི་རྒྱལ་ས་དེའི་མཁར་རྫོང་ཕྱི་ནང་གི་འཛུགས་སྐྲུན་བརྗིད་ཉམས་ཅན་དེ་ལྟ་བུའི་ཐོག་ནས་འདས་ཟིན་པའི་ལོ་ཟླའི་ནང་དེའི་རྒྱུད་དུ་འདོད་རྒུའི་དཔལ་ལ་འབྱོར་བའི་གྲོང་ཁྱེར་ཆེན་པོ་ཆགས་ཡོད་པ་ཚོད་དཔག་བྱེད་ཐུབ། ཁྱོད་ཀྱིས་དེའུའི་གཤམ་ནས་དོང་ལམ་བརྒྱུད་དེ་ལམ་བུ་ཀྱག་ཀྱོག་འགྲིམས་ཤིང་། སྔར་གྱི་གྱང་རོ་རྩིག་རལ་རྣམས་ལ་བསྐོར་ཏེ་གཡང་གཟར་དེའུའི་རྩེ་མོར་འཛེགས་ནས་རྒྱང་རིང་ལ་བལྟས་པ་ན། མཁར་གྲོང་དེའི་ལྷོ་རྒྱུད་དུ་རབ་དཀར་ཁ་བའི་དོ་ཤལ་གྱིས་མཛེས་པའི་ས་འཛིན་གྱི་ཕྲེང་བ་བསྟར་དུ་བརྒྱུས་པ་རབ་ཏུ་བརྗིད་པ་དང་། ཤར་ནུབ་གཉིས་སུ་ལུང་ཤུར་ས་དྲོད་སྙོམས་ཤིང་རྩྭ་ཆུ་ལེགས་པ་དང་རྩི་ཤིང་ཚོགས་ཀྱིས་གང་བ། བྱང་ངོས་སུ་གསེར་གྱི་བྱེ་མ་འདྲེན་པའི་གླང་ཆེན་ཁ་འབབ་ཀྱི་ཆུ་རྒྱུན་དལ་གྱིས་རྒྱུ་བར་ཉི་ཟེར་ཕོག་པས་སྨིག་རྒྱུ་གཡོ་བ་དང་། དེའི་ཕ་རོལ་ན་རྩེ་མོ་མངོན་པར་མཐོ་བའི་བྲག་རི་མཆོད་རྟེན་གཟུགས་ཅན་གྱིས་ནོར་འཛིན་འཕྲེད་དུ་བཅད་ནས་མཁར་གྲོང་གི་རྒྱབ་ཕྱོགས་འགོག་སྲུང་གི་ཚུལ་དུ་གནས། དེ་ལྟར་མཁར་གྲོང་གི་གནས་གཞི་དང་དེའི་ཕྱོགས་བཞིའི་ཆགས་དབྱིབས་བཅས་ལ་བལྟས་ཚེ། རྒྱལ་བོ་གླང་དར་གྱི་གདུང་རྒྱུད་རྣམས་མཛངས་པའི་ཡོན་ཏན་གྱིས་ཕྱུག་པར་མི་རྣམས་ཀྱིས་ཡིད་སྨོན་མི་བྱེད་པ་སྲིད་དམ། འཇིགས་སུ་རུང་བའི་བཙན་ས་དེ་ལྟ་བུར་མཁར་རྫོང་བཏབ་པ་ནི་དམག་ཇུས་མཁས་ཅན་གྱི་བློ་གྲོས་ལས་བྱུང་བ་གོར་མ་ཆག གཡང་གཟར་དེའུའི་རྩེ་མོ་ཕྱོགས་ཕྱོགས་སུ་ཆུ་རྡོ་ཆེ་ཆུང་མང་བོ་སྤུངས་འདུག་པ་དེ་ཡང་གནའ་དུས་འཐབ་མོ་འགྱེད་སྐབས་ཀྱི་མཚོན་ཆའི་གྲས་ཤིག་ཡིན་སྐད། ངག་སྒྲོས་སུ་འདས་པའི་དུས་ཤིག་ན་གུ་གེར་ཕྱི་སྡེའི་དཔུང་གི་འཇིགས་ཉེན་ཆེན་པོ་བྱུང་བས། གུ་གེ་བས་རང་ཕྱོགས་ཕན་ཡོད་ཀྱི་བཙན་ས་བེད་སྤྱད་དེ་ཕས་རྒོལ་དཔུང་དང་འཐབ་མོ་ལན་མང་བྱས་མཐར་འཁོར་གསུམ་མཚོན་གྱི་ནུས་པ་ཟད་པས་ན་རི་ཀླུང་ཀུན་ཏུ་གང་བའི་རྡོ་ཧྲུག་སྤྱད་དེ་རྡོ་སྒྱོགས་འཕངས་ནས་དགྲ་ཟླ་ཆམ་ལ་ཕབ་ཅེས་ཀུན་གྱིས་གླེང་། ཕོ་བྲང་གི་མདུན་དུ་རྒྱ་ཁྱོན་སྤྱི་ཁྲེ་གྲུ་བཞི་མ་ལྔ་བཅུ་ཙམ་གྱི་སྡིངས་ཆ་ཞིག་འདུག་པ་དེ་ནི་སྔ་དུས་གུ་གེའི་མཛད་ཆེན་སྐབས་དགའ་སྟོན་ལ་རོལ་བའི་གར་འཁྲབ་སྡིངས་ཆ་ཡིན་ཚོད་འདུག ཕོ་བྲང་ཚོམས་ཆེན་གྱི་ཁང་ཐོག་ཞིག་རལ་དུ་སོང་རུང་གཡས་གཡོན་རྩིག་ཞལ་ཐར་ཐོར་ལྷག་པའི་ངོས་སུ་བྲིས་ཆ་ལེཊ་པའི་སངས་རྒྱས་ཀྱི་འཁྲུངས་རབས་ལྡེབས་རིས་ཀྱང་མཐོང་རྒྱུ་འདུག ཉེ་བའི་སྔོན་ལ་འབྲེལ་ཡོད་ལས་ཁུངས་ཀྱིས་ཆེད་དུ་རྩ་འགས་གནང་བའི་ཞིབ་འཇུག་ལས་དོན་མི་སྣ་ཚོས་གུ་གེ་རྒྱལ་པོ་བོའི་མཁར་རྫོང་གནས་ཤུལ་ནས་སྔ་མོའི་ཐོན་སྐྱེད་ཡོ་བྱད་དང་། ཅ་ལག དེ་བཞིན་བོད་ཡིག་གི་དཔེ་ཆ་འགའ་ཞིག་བཙལ་རྙེད་བྱུང་བ་དང་། ལྷག་པར་གནས་ཤུལ་དེ་རང་ནས་སྔར་གུ་གེ་རྒྱལ་བོའི་བང་མཛོད་བཙལ་རྙེད་བྱུང་བའི་ནང་ནས་རྫས་མདེལ་དང་། ཁྲབ་རྨོག་ཕུབ་གསུམ། རྟ་སྒ། མདའ་གྲི་མདུང་གསུམ་སོགས་འདུག་པ་དེ་རྣམས་ས་མཐོའི་གནམ་གཤིས་སྐམ་ཤས་ཆེ་ལ་གསོ་རླུང་དཀོན་པ་བཅས་ཀྱིས་རྐྱེན་པས། དུས་ཡུན་རིང་བོ་དེ་ཙམ་སོང་ཡང་དངོས་པོའི་རང་བཞིན་སྔར་བཞིན་ཉམས་མེད་དུ་གནས་འདུག སྟོད་གུ་གེ་རྒྱལ་རབས་ཀྱི་རིག་གནས་དངོས་རྫས་དང་གནའ་ཤུལ་མང་བོ་དེ་འདྲ་མིག་ལམ་དུ་འཆར་སྐབས་སྔོན་བྱུང་གུ་གེ་རྒྱལ་རབས་ཀྱི་ལོ་རྒྱུས་ལ་ཕྱི་བལྟས་ཤིག་མི་བྱེད་ཐུ་མེད་ཡིན་ཏེ། དེ་ཡང་ཆོས༼འབྱུང་མཁས་པའི་དགའ་སྟོན༽སོགས་རྒྱལ་རབས་ཆོས་འབྱུང་རྣམས་སུ་འཁོད་པར་གཞིགས་ན། བོད་རྗེ་ཁྲི་གཙུག་ལྡེ་བཙན་རལ་བ་ཅན་ཁྲི་ཐོག་ཏུ་ཕེབས་ནས་རྒྱལ་ཐབས་ཀྱི་བྱ་བ་ལེགས་བྱས་ཀྱི་རྒྱུར་བསྒྲུབས་ནས་འབྲས་བུའི་དགའ་སྟོན་ལ་སྤྱོད་པར་རབ་ཏུ་ཆས་ཤིང་། ཁོང་གི་ཐུགས་སུ་འགྲོ་བ་ཀུན་ལ་ཕན་པ་དང་བདེ་བ་མ་ལུས་པ་འབྱུང་བའི་སྒོ་དམ་པ་ནི་ལུང་དང་རྟོགས་པའི་བསྟན་པ་རིན་པོ་ཆེ་ལ་རག་ལས་ཤིང་དེ་འཛིན་ཅིང་སྤེལ་བར་དགེ་འདུན་ལ་ལྟོས་པར་དགོངས་ཏེ། འུ་ཤང་རྡོ་དཔེ་མེད་བཀྲ་ཤིས་དགེ་འཕེལ་གྱི་གཙུག་ལག་ཁང་བཞེངས་པ་དང་། དགེ་འདུན་རེ་ལ་འབངས་མི་ཁྱིམ་བདུན་དུ་བཅད་དེ་ཞབས་ཏོག་བསྒྲུབས། མཐའ་བཞིའི་ཡུལ་གྲུ་ཀུན་ནས་མཁས་གྲུབ་ལོ་པཎ་མང་བོ་གདན་དྲངས་ཏེ་སྔར་མེས་པོའི་དུས་སུ་བསྒྱུར་བའི་མདོ་སྔགས་ཀྱི་ཆོས་མང་བོ་བསྒྱུར་བྱའི་ནང་ལེགས་སྦྱར་གྱི་སྐད་དང་མི་མཐུན་པ་དང་། བོད་སྐད་དུ་ཇི་བཞིན་སྒྱུར་མི་ཐུབ་པར་ལོ་པཎ་སོ་སོའི་རང་སྐད་དུ་བཞག་པའི་གོ་དཀའ་བ་རྣམས་ལ་ཞིབ་མོར་དཔྱད་དེ་བོད་སྐད་ལ་དོན་བསྒྱུར་གཙོ་བོར་བྱས་ཏེ་གཏན་ལ་ཕབ། དེ་ལྟར་ཚུལ་བཞིན་རྣམ་པར་སྤྱོད་པའི་སྟོབས་ཀྱི་ཁེངས་པས་དྲེགས་པ་མཐའ་དག་རང་ཉམས་སུ་བྱེད་པའི་ལུགས་ཀུན་ཆུ་ཤིང་གི་སྙིང་བོ་ལྟ་བུར་མཛད་དེ་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཉིན་མོ་ལྟར་གསལ་བར་མཛད་པའི་སྐབས་དེར། མངའ་བདག་ཁྲི་རལ་པ་ཅན་དགུང་ལོ་སོ་དྲུག་བཞེས་པའི་ལྕགས་མོ་བྱའི་ལོ་ལ་མལ་གྲོ་ཞམ་པའི་ཕོ་བྲང་ན་རྒུན་ཆང་མྱོས་པར་བཞེས་ཏེ་གསེར་ཁྲིར་གཟིམས་པ་ལ་སྟག་རྣ་ཅན་དང་། ཅོག་རོ་ལྷ་ལོད། ལེགས་སྡུག་བཙན་བཅས་སྡིག་བློན་གསུམ་གྱིས་དབུ་ལྟག་པར་བསྐོར་ནས་བཀྲོངས་སོ། དེ་ནས་བོད་ཀྱི་བཙན་པོའི་རྒྱལ་རབས་ཀྱི་ཁྲི་ཐོག་མཐའ་མ་སྟེ་གླང་དར་མ་འུ་དུམ་བཙན་རྒྱལ་སྲིད་དུ་དབང་བསྐུར། དབས་སྟག་རྣ་སོགས་ཀྱིས་བློན་པོ་བྱས། ཁོ་པ་ཚོས་སྐབས་དེའི་རང་བཞིན་གེགས་བར་གྱི་གནས་འགའ་ལ་བསྙད་བཏགས་ཏེ་སངས་རྒྱས་ཀྱི་བསྟན་པ་བསྣུབས། གླང་དར་གྱིས་རྒྱལ་སྲིད་བསྐྱངས་ནས་ལོ་གཉིས་ཙམ་ལས་མ་སོང་དུས་ལྷ་ལུང་དཔལ་གྱི་རྡོ་རྗེའི་ལག་ནས་ཚེ་ཟད། གླང་དར་གྱི་བཙུན་མོ་ཆེན་ཆུན་གཉིས་ལས་ཆུན་མ་ཚེ་སྤོང་བཟའ་ལ་མངལ་ཆགས་ནས་ཟླ་དུས་ཐིམས་པ་དང་སྲས་ཤིག་འཁྲུངས་པ་ཤིན་ཏུ་གཅེས་པར་ཆེན་མས་བསད་དམ་འཕྲོག་གིས་དོགས་ནས་མཚན་མོ་ཡང་མར་མེའི་འོད་དང་མ་བྲལ་བར་བསྲུངས་པས་ན་མཚན་ལ་གནམ་ལྡེ་འོད་སྲུང་དུ་ཐོགས། གནས་ཚུལ་དེ་ཆེན་མ་སྣ་ནམ་བཟས་ཐོས་འཕྲལ་དེ་ནི་རྒྱལ་རྒྱུད་ཤུལ་འཛིན་གྱི་དོན་ལ་ཐུག་པར་བསམས་ཏེ་ཕྲག་དོག་འཁོན་འཛིན་ཆེན་པོས་རིངས་པར་སྤྲང་ཕྲུག་རིན་གྱིས་ཉོས་ཏེ་ང་ལ་བཙན་པོའི་བུ་མངལ་དུ་ཞུགས་ཏེ་མདང་ནུབ་སྐྱེས་སོ་ཞེས་བློན་འབངས་ཁྲོད་དུ་དྲིལ་བསྒྲགས། མདང་སྐྱེས་ཀྱི་ཕྲུ་གུ་ཡིན་ཟེར་བར་སོ་གདའ་བས་བློན་པོ་རྣམས་ཡིད་ཆེས་པར་དཀའ་ཡང་ཡུམ་གྱི་བཀའ་བརྟན་དུ་ཆུག་ཟེར་བས་ན་མཚན་ལ་ཁྲི་ལྡེ་ཡུམ་བརྟན་ཐོགས། དེ་ནས་སྲས་གཉིས་པོ་ལང་ཚོ་དར་ལ་བབས་ཏེ་རྒྱལ་རྒྱུད་འཛིན་དབང་གི་འགལ་བ་ཇེ་ཟབ་ཏུ་སོང་མཐར་ཕྱོགས་སོ་སོའི་བློན་འབངས་ཐ་དད་ཀྱིས་བཟུང་སྟེ་ཡུམ་བརྟན་གྱིས་ལྟེ་བ་ལྷ་ས་བྱས་པའི་དབུ་རུ་དང་འོད་སྲུང་གིས་ལྟེ་བ་ཡར་ཀླུང་ཁྲ་འབྲུག་བྱས་པའི་གཡོ་རུ་བཟུང་ནས་ཕན་ཚུན་འཁོན་འཁྲུག་ཡང་ཡང་བྱུང་བ་དང་། དེའི་སྐབས་སུ་བོད་ཡུལ་ཕྱོགས་ཀུན་གྱི་ཡུལ་གྲུ་རེ་རེར་ཡང་ཆེ་སྲིད་ཆུང་སྲི་དུ་གྱེས་ཏེ་རྩོད། དེ་ནས་རིང་བོ་མ་སོང་བར་དབུ་རུ་འབྲོ་སྦས་འཁྲུག་པའི་སྐབས་དང་བསྟུན་ནས་དབས་ལོ་ཕོ་ལོ་ཆུང་གིས་ལག་དཔོན་བྱས་པའི་གྱེན་ལོག་དང་། མཆིམས་ཀོང་མི་དྲུག་གིས་ལག་དཔོན་བྱས་པའི་གྱེན་ལོག དབས་ཁོ་བཞེར་ལེགས་སྟེང་གིས་ལག་དཔོན་བྱས་པའི་མདོ་ཁམས་ཀྱི་གྱེན་ལོག་སོགས་འབངས་ཀྱི་གྱེན་ལོག་རྒྱ་ཆེར་ལངས་ཤིང་། གནམ་ལྡེ་འོད་སྲུང་དགུང་ལོ་སོ་དགུ་བ་ཤིང་མོ་སྦྲུལ་གྱི་ལོར་ཕོ་བྲང་འཕང་ཐང་དུ་འདས། དེའི་སྲས་དཔལ་འཁོར་བཙན་གྱིས་རྒྱལ་ས་བཟུང་ཡང་རིང་མིན་དུ་སྟག་རྩེ་གཉགས་ཀྱིས་བཀྲོངས། དེའི་ཚེ་ཡུམ་བརྟན་གྱི་ཤུགས་ཇེ་ཆེར་རྒྱས་ཏེ་གཡོ་རུ་སྲིད་དབང་ཁྱེར་ཉེན་ལ་ཐུག་པས་བློན་པོ་ཞང་བ་ཚབ་རིན་ཆེན་སྡེ་དང་། ཅོག་རོ་ལེགས་སྐྲ་ལྷ་ལེགས་གཉིས་ཀྱིས་མ་བཟོད་པར་དཔལ་འཁོར་བཙན་གྱི་སྲས་སྐྱིད་ལྡེ་ཉི་མ་མགོན་དང་བཀྲ་ཤིས་བརྩེགས་པ་དཔལ་གཉིས་ཉེན་གཡོལ་ཡུལ་བྱོལ་དུ་དྲང་ཤིང་ལ་སྟོད་བྱེ་མ་གཡུང་དྲུང་གི་བར་དུ་བསྐྱལ་ནས་མངའ་རིས་ཕྱོགས་སུ་ཕེབས་ཞེས་གཞེན་སྐུལ་ཞུས། དེ་ཡང༼མཁས་པའི་དགའ་སྟོན༽ལས། མངའ་བདག་འོད་སྲུང་སྲས་པོ་དཔལ་འཁོར་བཙན། ལྷ་ཁང་འགའ་བཞེངས་སྟག་རྩེ་གཉགས་ཀྱིས་བཀྲོངས། དེ་སྲས་མཆེད་གཉིས་སྟོད་ཀྱི་ཕྱོགས་སུ་བྱོན། མངའ་རིས་བསྐོར་གསུམ་ལ་སོགས་མངའ་དབང་མཛད། སྟོད་དུ་རྒྱལ་ཁྲིམས་ཞྭ་ཙམ་ཆགས་ཞེས་གྲགས། དེ་ཡི་གདུང་རྒྱུད་འགའ་ཞིག་སྨད་དུ་ཆད། མདོ་སྨད་ཙོང་ཁའི་ཡུལ་ཆེན་མངའ་མཛད་པས། སྨད་དུ་རྒྱལ་ཁྲིམས་ལྷམ་ཙམ་ཆགས་སོ་སྐད། ཞེས་སོ། །དེ་རྗེས་སྐྱིད་ལྡེ་ཉི་མ་མགོན་ལ་སྲས་གསུམ་བྱུང་བའི་ཆེ་བ་དཔལ་གྱི་ལྡེ་རིག་པ་མགོན་གྱིས་མང་ཡུལ་མཚོ་ཡིས་བསྐོར་བ་བཟུང་། འབྲིང་བ་བཀྲ་ཤིས་ལྡེ་མགོན་གྱིས་སྤུ་ཧྲེང་གངས་ཀྱིས་བསྐོར་བ་བཟུང་། ཆུང་བ་ལྡེ་གཙུག་མགོན་གྱིས་གུ་གེ་གཡའ་ཡིས་བསྐོར་བ་སྟེ་ཞང་ཞུང་བཟུང་ཞིང་། ད་ལྟའི་རྩ་མདའ་རྫོང་ཁོངས་གུ་གེ་རྒྱལ་བོའི་ཁབ་ཀྱི་གནས་རྙིང་དེའི་རྒྱུད་དུ་ཆགས་པ་བཅས་ཕྱིས་མི་ཚོས་དེ་རྣམས་ལ་མགོན་གསུན་གྱིས་ནི་སྐོར་གསུམ་བཟུང་། ཞེས་བརྗོད་པ་དེ་ལྟར་ལགས།༼དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས༽ནང་འཁོད་དོན་དུ། གུ་གེ་རྒྱལ་རབས་ཀྱི་གདུང་རྒྱུད་རྒྱལ་ཐོག་བཅུ་དྲུག་ཙམ་བྱུང་བ་ལ་གཞིགས་ན་ད་ལྟའི་རྩ་མདའ་རྫོང་ཁོངས་ཀྱི་གུ་གེའི་ཕོ་བྲང་དང་མཁར་གྲོང་དེ་རྣམས་དུས་རབས་བཅུ་བ་ཙམ་ནས་དུས་རབས་བཅུ་དྲུག་ཙམ་གྱི་བར་རྒྱུད་མཐུད་དེ་རྒྱས་བསྐྲུན་བྱས་པ་ཡིན་འདུག གུ་གེ་རྒྱལ་རབས་ཀྱིས་བོད་ཀྱི་ལོ་རྒྱུས་ཐོག་ཧ་ཅང་གལ་ཆེའི་གོགན་ས་བཟུང་ཞིང་། གནའ་རབས་བོད་ཀྱི་བཙན་པོའི་རྒྱལ་རབས་རྩ་ཐོར་སོང་རྗེས་ཀྱི་མི་ལོ་བཞི་ལྷག་ཙམ་ནང་གུ་གེ་རྒྱལ་རབས་དེ་སྟོད་བོད་ཀྱི་སྟོབས་འབྱོར་ཆེ་བའི་རྒྱལ་ཁབ་ཅིག་ཡིན། དེས་གཡོ་མེད་ངར་ལྕགས་ཀྱི་བཙན་རྫོང་ལྟ་བུར་མེས་རྒྱལ་ལྷོ་ནུབ་ཀྱི་མཐའ་མཚམས་བརྟན་པོར་བསྲུངས་ནས་ཕྱི་སྡེའི་བཙན་འཛུལ་མཐའ་དག་བཀག་སྟེ་མེས་རྒྱལ་གཅིག་འགྱུར་གྱི་བདག་དབང་སྲོང་སྐྱོབ་བྱེད་པར་གཟེངས་སུ་ཐོན་པའི་བྱས་རྗེས་བཞག་ཡོད་པ་རེད། ང་ཚོའི་མིག་ལམ་དུ་ཤར་བའི་གུ་གེ་རྒྱལ་རབས་ཀྱི་གནས་ཤུལ་དང་། གནས་ཤུལ་དེ་ནས་རྙེད་པའི་གོ་མཚོན་སོགས་དངོས་རིགས་དེ་རྣམས་ལས་གུ་གེའི་དམངས་དམག་ཚོས་བསྐྲུན་པའི་དགའ་སྐྱོ་གཉིས་ལྡན་གྱི་ལོ་རྒྱུས་ལེ་ཚན་གསལ་བོར་མཚོན་ཐུབ་བོ། །༼སློབ་འབྲིང་དྲ་བ་ལས་བཏུས།༽

 
གུ་གེ་རྒྱལ་རབས་ཀྱི་གནའ་ཤུལ་སྲུང་སྐྱོང་ཞིག་གསོ་ལས་གཞི་ཡོངས་སུ་མཇུག་རྫོགས།

      གསར་འགོད་པས་བོད་ལྗོངས་མངའ་རིས་ས་ཁུལ་རྩ་མདའ་རྫོང་རིག་དངོས་ཅུས་ནས་རྒྱུས་ལོན་བྱུང་བ་ལྟར་ན།  རྒྱལ་ཡོངས་ཀྱི་རིག་དངོས་སྲུང་སྐྱོང་སྡེ་ཁག་སྐོར་དང་བོ་ལས་ཡ་གྱལ་གཅིག་སྟེ་བོད་ལྗོངས་གུ་གེ་རྒྱལ་རབས་ཀྱི་གནའ་ཤུལ་ལ་ལོ་ངོ་གསུམ་ལྷག་གི་རིང་དུ་གཞི་རྒྱ་ཆེ་བའི་སྲུང་སྐྱོང་ཞིག་གསོ་ལས་གཞི་གཉེར་བ་བརྒྱུད། ཉེ་ཆར་ཡོངས་སུ་ལེགས་འགྲུབ་བྱུང་ཡོད་པར་མ་ཟད། རྒྱལ་ཁབ་རིག་དངོས་ཅུས་ཀྱིས་ཞིབ་བཤེར་ཚོད་ལེན་ཆེད་མཁས་པའི་ཚོ་ཆུང་གིས་ཞིབ་བཤེར་ཚོད་ལེན་མཇུག་རྫོགས་ཡོད་པ་རེད། དུས་རབས་བཅུ་བའི་སྔ་རྗེས་སུ་བཞེངས་བསྐྲུན་བྱས་པའི་གུ་གེ་རྒྱལ་རབས་ཀྱི་རྫོང་མཁར་གནའ་ཤུལ་ནི་བོད་ལྗོངས་མངའ་རིས་ས་ཁུལ་རྩ་མདའ་རྫོང་དུ་ཡོད། དེ་ནི་བོད་ལྗོངས་ནུབ་ཕྱོགས་སུ་ཡོད་པའི་གུ་གེ་རྒྱལ་རབས་ཀྱིས་ཤུལ་དུ་བཞག་པའི་གཞི་རྒྱ་ཆེས་ཆེ་བའི་རྫོང་མཁར་གྱི་གནའ་ཤུལ་ཆེན་པོ་ཞིག་ཡིན། གུ་གེ་རྒྱལ་རབས་ཀྱི་གནའ་ཤུལ་སྲུང་སྐྱོང་ཞིག་གསོའི་ལས་གཞི་ནི། ༢༠༡༡ ལོའི་ཟླ ༥ བར་དངོས་སུ་གཉེར་འགོ་བརྩམས། བསྡོམས་པས་མ་དངུལ་སྒོར་ཁྲི ༥༧༤༤ བཏང་ཡོད་ལ། དེ་ནི་ད་བར་དུ་གུ་གེ་རྒྱལ་རབས་ཀྱི་གནའ་ཤུལ་དུ་གཉེར་བའི་གཞི་རྒྱ་ཆེས་ཆེ་བའི་སྲུང་སྐྱོང་ཞིག་གསོའི་ལས་གཞི་ཡིན་པ་རེད། ལྡེབས་རིས་ཞིག་གསོ་ནི་གུ་གེ་རྒྱལ་རབས་གནའ་ཤུལ་སྲུང་སྐྱོང་ལས་གཞི་ཁྲོད་ཀྱི་ཆེས་གལ་ཆེ་བའི་སྐོར་ཞིག་ཡིན། སྤྱི་ལོའི་དུས་རབས ༡༥ བའི་དུས་དཀྱིལ་དུ་བཞེངས་པའི་གུ་གེ་རྒྱལ་རབས་ཀྱི་ལྡེབས་རིས་ནི། ལོ་རྒྱུས་ཡུན་རིང་ཞིང་རང་བྱུང་གིས་ཤུགས་རྐྱེན་ཐེབས་པས། རྙིང་རུལ་སོགས་ཀྱི་གནད་དོན་མང་བོ་འདུག རྩ་མདའ་རྫོང་རིག་དངོས་ཅུས་ཀྱི་ཅུས་ཀྲང་བློ་བསྟན་གྱིས། ལྡེབས་རིས་ཞིག་གསོ་བྱེད་པའི་བརྒྱུད་རིམ་ཁྲོད་དུ། ཆེད་མཁས་པ་ཚོས་ཐོག་མའི་རྣམ་པ་སོར་འཇོག་བྱེད་པའི་རྩ་དོན་དམ་སྲུང་བྱས་པ་རེད། མིག་སྔའི་བར་དུ། བསྡོམས་པས་ལྡེབས་རིས་རྒྱ་ཁྱོན་སྨི་གྲུ་བཞི་མ ༡༢༧༠ ལྷག་ཞིག་གསོ་བྱས་ཡོད་ལ། དེའི་ཁྲོད་དུ་སྒྲོལ་མ་ལྷ་ཁང་དང་དུས་འཁོར་ལྷ་ཁང་། འཇིགས་བྱེད་ལྷ་ཁང་སོགས་འདུས་པ་རེད།༼ ཡོང་ཁུངས། འོད་ཟེར་ཉིན་རེའི་ཚགས་པར།༽

 
མངའ་རིས་གུ་གེ་ཤོན་ཞབས་བྲོ།

      ལྡེབས་རིས་སུ་བཀོད་པའི་གནའ་བོའི་ཤོན་ཞབས་བྲོ། བོད་ཀྱི་ལོ་རྒྱུས་དེབ་ཐེར་ནང་འཁོད་པ་ལྟར་ན། འཛམ་གླིང་ཡང་རྩེའི་སྟེང་གི་ཡང་རྩེ་ཞེས་གྲགས་པའི་མངའ་རིས་སུ་དར་ཆེ་བའི་གུ་གེའི་ཤོན་ཞབས་བྲོ་དེ་ནི་གནའ་བོའི་ཞང་ཞུང་དུས་སྐབས་སུ་བོན་གྱི་སྟོན་པ་གཤིན་རབ་ཕེབས་སྐྱེལ་ཞུ་རིམ་བཞིན་དུ་ཤོན་ཞབས་བྲོ་འཁྲབ་སྟོན་བྱེད་པ་ཞིག་ཡིན། འཁྲབ་སྟོན་པ་ཉུང་དུས་མི ༡༠ དང་མང་དུས་མི ༡༠༠ ཙམ་ཟིན་གྱི་ཡོད། འཁྲབ་འཁྲིད་པས་གཡག་གི་རྔ་མ་དཀར་བོ་ཞིག་འཕྱར་ཞིང་། འཁྲབ་སྟོན་པ་ཚོས་གཞས་གཏོང་གིན་ཞབས་བྲོ་འཁྲབ་ནས་རྔ་ཆེན་དང་། རྔ་ཆུང་། རྒྱ་གླིང་། དུང་སོགས་རོལ་ཆས་དཀྲོལ་སྲོལ་ཡོད་པ་རེད། ཤོན་ཞབས་བྲོ་དེ་གུ་གེའི་རྒྱལ་རབས་སྐབས་སུ་འཕེལ་རྒྱས་བྱུང་བ་དེ་ཡང་བོད་ཀྱི་ལོ་རྒྱུས་དེབ་ཐར་ནང་བཀོད་པར་གཞིགས་ན ༡༠༤༢ ལོར་མངའ་རིས་མཐོ་ལྡིང་དགོན་དུ་ཇོ་བོ་དཔལ་ལྡན་ཨ་ཏི་ཤ་ཕེབས་སྐབས་སུ་རྟེན་འབྲེལ་མཛད་སྒོའི་ཐོག་ཤོན་ཞབས་བྲོ་འཁྲབ་སྟོན་བྱས་ཚུལ་འཁོད་ཡོད་ལ། ལོ་རྒྱུས་དེ་ཁྲེན་ཅན་ཤིན་གྱིས་གུ་གེ་རྒྱལ་རབས་ཀྱི་གནའ་ཤུལ་ལྷ་ཁང་དམར་བོའི་ཚོམས་ཆེན་གྱི་ལྡེབས་རིས་ཐོག་གསལ་ལེར་བཀོད་ཡོད། དེ་ལས་གུ་གེ་རྒྱལ་བོས་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤར་ཕེབས་བསུ་ཞུ་བའི་མཛད་སྒོ་གྲ་རྒྱས་ཤིག་བཤམས་པའི་ཚུལ་དེ་ཡང་གཏམ་རྒྱུད་ཀྱི་ལམ་ནས་ལྡེབས་རིས་སུ་བྲིས་ཡོད་པར་མ་ཟད། ཚོན་མདོག་བཀྲ་བའི་ཤོན་ཞབས་བྲོའི་འཁྲབ་ཆས་གྱོན་པའི་བུད་མེད་བཅུས་ཤོན་ཞབས་བྲོ་འཁྲབ་བཞིན་པ་ཡང་ཇི་བཞིན་དུ་བཀོད་ཡོད་པ་རེད། ༢༠༠༨ ལོར་གུ་གེའི་ཤོན་ཞབས་བྲོ་དེ་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་དུ་བཅུག་པ་རེད། དེར་ལོ་རྒྱུས་ཡུན་རིང་ལྡན་པ་དང་། ཐུན་མིན་གྱི་ཁྱད་ཆོས་ལྡན་པ། ངོ་མཚར་བའི་འཁྲབ་ཆས་ཡོད་པ། སྙན་འཇེབས་ལྡན་པའི་གླུ་གཞས་དང་། གསོན་ཉམས་ལྡན་ལ་སྤྲོ་སྣང་དོད་པའི་གར་སྟབས་བཅས་ངོམས་རྒྱུ་ཡོད་པ་ཞིག་རེད། ད་ལྟ་ཤོན་ཞབས་བྲོ་དེ་མངའ་རིས་རྩ་མདའ་རྫོང་ནས་མྱོང་རོལ་བྱེད་ཐུབ།༼ ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། ༽

 
གུ་གེའི་མཁར་ཤུལ་གྱི་བྲག་ཕུག་ནས་ཚད་ལྡན་ལོ་རྒྱུས་དཔེ་རྙིང་རྩ་ཆེན་རྙེད་པ།

      ཀྲུང་གོའི་མི་རིགས་ལོ་རྒྱུས་སློབ་ཚོགས་ཀྱི་ཧུའེ་ཀྲང་གཞོན་པ་དང་། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པ། སྐད་གྲགས་ལྡན་པའི་བོད་རིག་པ་མཁས་ཅན་བཅས་ཡིན་པའི་པ་སངས་དབང་འདུས་ལགས་ཀྱིས་ཉེ་ཆར་གསར་འགོད་པར་བོད་ལྗོངས་མངའ་རིས་ས་ཁུལ་རྩ་མདའ་རྫོང་གི་གུ་གེ་མཁར་རྫོང་གི་རྗེས་ཤུལ་བྲག་ཕུག་གོག་ཧྲུལ་ཞིག་ནས་དཔེ་ཪྙིང་གི་ཚད་ལྡན་ལོ་རྒྱུས་ཡིག་ཆའི་དཔེ་དུམ་རྩ་ཆེན་ཪྙེད་ཅིང་།  གསལ་འབྱེད་བས་པ་བརྒྱུད་ཡིག་ཆ་དེར་རིག་གཞུང་ཞིབ་འཇུག་གི་རིན་ཐང་ཧ་ཅང་ཆེན་པོ་ལྡན་ཡོད་ཅེས་གསུངས་པ་རེད། པ་སངས་དབང་འདུས་ལགས་ཀྱིས ༢༠༡༡ ལོའི་ཟླ ༨ པར་ས་གནས་དེ་གའི་དགེ་འདུན་པ་ཞིག་རྩ་མདའ་རྫོང་གྲོང་གི་ཉེ་འགྲམ་དུ་གནས་པའི་གུ་གེའི་རྒྱལ་རབས་ཀྱི་རྫོང་གྲོང་གི་གནའ་ཤུལ་དུ་འཛེགས་པ་དང་།  རྩ་རང་མཁར་འོག་མའི་བྲག་ཕུག་གོག་ཧྲུལ་ཞིག་ནས་ནང་པའི་ཆོས་དཔེ་ཤོག་ལྷེ་བཅུ་གྲངས་ཁ་ཤས་དང་དཔེ་དུམ་ཁ་ཤས་ཪྙེད་པ་དང་དེ་དག་ཉར་ཚགས་བྱས། ད་ལོའི་ཟླ ༦ པར་པ་སངས་དབང་འདུས་ལགས་མངའ་རིས་སུ་རིག་གཞུང་རྟོག་ཞིབ་གནང་བར་ཕེབས་ནས་དཔེ་ཪྙིང་འཚོལ་རིང་དཔེ་ཪྙིང་ཉར་ཚགས་བྱེད་མཁན་འཕྲད། པ་སངས་དབང་འདུས་ལགས་ཀྱིས་གསལ་འབྱེད་བས་པ་བརྒྱུད་དེའི་ནང་ནས་རིག་གཞུང་ཞིབ་འཇུག་གི་རིན་ཐང་ཧ་ཅང་ཆེན་པོ་ལྡན་པའི་དཔེ་ཪྙིང་གི་ལོ་རྒྱུས་དཔེ་དུམ་དེ་ཪྙེད་བྱུང་ཞེས་གསུངས་པ་རེད། པ་སངས་དབང་འདུས་ལགས་ཀྱིས་དཔེ་དུམ་དེའི་ཡི་གེའི་ནང་དོན་ཆ་ཤས་གཉིས་སུ་ཕྱེ་བ་དང་ཆ་ཤས་དང་བོར་སྤྱི་ལོའི་གོང་གི་དུས་རབས་གཉིས་པའི་བོད་ཀྱི་བཙན་པོ་དང་བོ་གཉའ་ཁྲི་བཙན་པོ་ནས་དུས་རབས་དགུ་བའི་དུས་མཇུག་གི་བཙན་པོ་གླང་དར་མའི་བར་གྱི་རྒྱལ་རབས་མི་རྒྱུད་མདོར་བསྡུས་ཤིག་བཀོད་ཡོད་པ་དང་། ཆ་ཤས་གཉིས་པའི་ནང་དུས་རབས ༡༠ བའི་བོད་བཙན་པོའི་རྒྱལ་རྒྱུད་ཀྱི་སྐྱིད་ལྡེ་ཉི་མ་མགོན་མངའ་རིས་སུ་སྲིད་དབང་འཛུགས་པར་བསྐྱོད་པ་ནས་དུས་རབས ༡༡ པའི་དུས་མཇུག་གི་གུ་གེའི་རྒྱལ་རབས་ཀྱི་ལོ་རྒྱུས་ཞིབ་ཙམ་བཀོད་ཡོད་པ་རེད་ཅེས་ངོ་སྤྲོད་གནང་བ་རེད། ཁོང་གིས་ད་རེས་ཪྙེད་པའི་ཡིག་ཆའི་ཡིག་གཟུགས་གནའ་ཉམས་དོད་ལ་བབ་བརླིང་ལྡན་པ་དང་། བོད་བཙན་པོའི་ཡིག་ཆ་འབྲི་སྟངས་ཀྱི་ཤུགས་རྐྱེན་མངོན་གསལ་དོད་པ། མིང་བརྡ་ཪྙིང་པ་བཅས་ཡོད་པས་དུས་རབས ༡༢ པའི་རྗེས་ཀྱི་ཡིག་ཆ་འབྲི་སྟངས་དང་ཚིག་སྤྱོད་སྟངས་དང་གཏན་ནས་འདྲ་གི་མེད་པ་རེད། དཔེ་དུམ་དེ་བཙེམས་ཡོད་པ་དང་། མཐོ་ཚད་ལི་སྨི ༩ དང་ཞེང་ཚད་ལི་སྨི ༡༦ ཡོད་པ། གོང་འོག་ཆ་ཤས་གཉིས་ཀྱི་ཤོག་ལྷེ་ཁ་ཤས་རལ་ཡོད་པས་ད་ཆ་ཤོག་ལྷེ ༢༥ ཡོད་པ། ཤོག་ལྷེ་རེར་ཡིག་ཕྲེང ༦ ནས ༨ བར་ཡོད་པ། ཡི་གེ་གསལ་བ། བོད་ཡིག་གི་མིང་རྐྱང ༥༣༠༠ ལྷག་ཙམ་ཡོད་པ་རེད། པ་སངས་དབང་འདུས་ལགས་ཀྱིས༼ཡིག་ཆའི་རྒྱབ་ངོས་ཤོག་ལྷེ་ཁ་ཤས་རལ་ཡོད་ཀྱང་ཡིག་ཆ་དེ་ནི་དུས་རབས ༡༢ པའི་དུས་རབས་སྟོད་མར་བྲིས་པ་ཞིག་ཡིན་པ་གཏན་འཁེལ་བྱེད་ཆོག་པའི་རྒྱུ་མཚན་གང་ལེགས་ལྡན་པ་དེ་ནི་མིག་སྔར་ཤེས་པའི་ལོ་རྒྱུས་རིག་པའི་གྲགས་ཅན་དཔེ་དེབ ༼ལྡེའུ་ཆོས་འབྱུང་དང་།༼ཡར་ཀླུང་ཇོ་བོའི་ཆོས་འབྱུང༼བོད་ཀྱི་རྒྱལ་རབས་གསལ་བའི་མེ་ལོང༼དེབ་ཐེར་དམར་བོ༼དེབ་ཐེར་སྔོན་པོ༼མངའ་རིས་རྒྱལ་རབས༼མཁས་པའི་དགའ་སྟོན༽སོགས་ལས་སྔ་བ་ཡོད༽ཅེས་གསུངས་པ་རེད། པ་སངས་དབང་འདུས་ལགས་ནི་རྒྱལ་སྤྱིའི་བོད་རིག་པའི་ལྷན་ཚོགས་སྐབས་དགུ་བ་དང་བཅུ་པའི་ལས་འཛིན་དང་། སི་ཁྲོན་སློབ་ཆེན་བོད་རིག་པ་ཞིབ་འཇུག་སུའོ་རིག་གཞུང་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཡིན་པ་དང་དུས་ཡུན་རིང་པོའི་ནང་བོད་ཡིག་གི་གནའ་རབས་ལོ་རྒྱུས་ཞིབ་འཇུག་གནང་གི་ཡོད་པ་རེད། ཁོང་གིས་ཡིག་ཆ་དེའི་རིག་གཞུང་ཞིབ་འཇུག་གི་རིན་ཐང་ཧ་ཅང་ཆེ་བ་དང་བོད་བཙན་པོ་དང་གུ་གེ་རྒྱལ་རབས་ཀྱི་ལོ་རྒྱུས་ཞིབ་འཇུག་ཁྲོད་དུ་དེ་སྔའི་ལོ་རྒྱུས་ཡིག་ཆའི་ནང་དོགས་གནད་ཡོད་པ་དང་ཚིག་དོན་ཁ་མི་གསལ་བའི་ལོ་རྒྱུས་ཀྱི་བབ་ཁག་གཅིག་ཡིག་ཆ་དེའི་ནང་དེ་བས་ཁ་གསལ་པོ་བཀོད་ཡོད་སྟབས་ཤོད་ཚུལ་འདྲ་མིན་སྣ་ཚོགས་ཁག་གཅིག་གསལ་བོ་བཟོས་ཡོད་པའི་ངོས་འཛིན་གནང་བ་རེད། ངོ་སྤྲོད་བས་པར་གཞིགས་ན། སྤྱི་ལོ ༢༠༡༢ ལོའི་ཟླ་བ ༧ པར་ཁྲུན་ཏུའུར་འཚོགས་པའི་སྐབས་གཉིས་པའི་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་གནའ་དཔེའི་རྒྱལ་སྤྱིའི་རིག་གཞུང་དཔྱད་གླེང་ཚོགས་འདུའི་ཐོག་པ་སངས་དབང་འདུས་ཀྱིས་ཡིག་ཆ་དེའི་ནང་དོན་གཙོ་བོ་དང་ལོ་རབས་ཀྱི་ཁུངས་འཚོལ་ར་སྤྲོད། རིག་གཞུང་ཞིབ་འཇུག་གི་རིན་ཐང་བཅས་རྒྱལ་ཁབ་ཕྱི་ནང་གི་མཁས་པ་རྣམས་ལ་རིག་གཞུང་སྙན་ཞུ་ཕུལ་བ་དང་མཁས་དབང་རྣམས་ཀྱིས་དོ་ཁུར་ཆེན་པོ་གནང་ཡོད། ཨ་རིའི་ཧ་ཧྥོ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བ། གྲགས་ཅན་བོད་རིག་པ་མཁས་པ་ཧྥན་ཏེ་ཁང་གིས་ཀྱང་དེབ་དེ་གང་མགྱོགས་དཔེ་སྐྲུན་བས་ནས་མཐོང་ཐུབ་པའི་རེ་བ་གནང་ཡོད། དེང་གི་མངའ་རིས་ས་ཁུལ་རྩ་མདའ་རྫོང་དུ་གུ་གེའི་རྒྱལ་རབས་ཀྱི་གནའ་ཤུལ་མང་བོ་ཡོད་པ་དང་། དེབ་དེ་ཪྙེད་སའི་བྲག་ཕུག་ནི་རྫོང་གྲོང་ལྷོ་ངོས་ཀྱི་མཐོ་ཚད་ལ་སྨི ༣༠༠ ཙམ་ཡོད་པའི་ས་སེར་རི་སྒང་དུ་གནས་པ་དང་རི་སྟེང་དུ་མཁར་ཤུལ་ཆགས་ཤིང་། རི་སྐེད་དུ་བྲག་ཕུག་དང་མཆོད་རྟེན་གྱི་ཞིག་རོ་མང་བོ་ཡོད། གུ་གེ་རྒྱལ་རབས་དེ་དུས་རབས ༡༠ པ་ནས་དུས་རབས ༡༧ པའི་བར་ཁྱོན་རྒྱལ་བོ ༡༦ བརྒྱུད་ཡོད་པ་དང་བོད་ལྗོངས་ནུབ་ཕྱོགས་ཀྱི་མངའ་རིས་མཐོ་སྒང་དུ་འོད་སྟོང་འབར་བའི་གུ་གེའི་ཤེས་རིག་བཏོད་ཡོད།

 
གུ་གེ་ཤུལ་བཞག་གནའ་མཁར་སྲུང་སྐྱོབ་འཛུགས་སྐྲུན་སྐུལ་འདེད་བྱས་པ།

      ཉེ་བའི་ཉིན་འདི་གར་མངའ་རིས་ས་ཁུལ་དུ་གུ་གེ་ཤུལ་བཞག་གནའ་མཁར་སྲུང་སྐྱོབ་འཛུགས་སྐྲུན་གྱི་གཏན་འཇགས་རང་བཞིན་ལ་གདེང་ཚོད་དང་སྲུང་སྐྱོབ་བྱ་ཐབས་ཀྱི་ཚོགས་འདུ་འཚོགས་པ་རེད།  ཚོགས་འདུའི་ཐོག་ཆེད་མཁས་པ་དག་གིས་གུ་གེ་ཤུལ་བཞག་གནའ་མཁར་གྱི་སྤྱིའི་གནས་ཚུལ་དང་སྔོན་ཆད་ཀྱི་ཞིག་གསོའི་གནས་ཚུལ། ས་རིམ་གནས་ཚུལ། ས་རྒྱུའི་ཆགས་ཚུལ་དང་ས་ཁམས་ཁོར་ཡུག ས་དབྱིབས། འཛུགས་སྐྲུན་ཁྲོད་ཀྱི་རྟོག་ཞིབ་དང་། གཏོར་བརླག་གི་རྣམ་པ་དང་དེའི་རྒྱུ་རྐྱེན། རི་ངོས་གཏན་འཇགས་གནས་ཚུལ་བཅས་ཀྱི་ཕྱོགས་ལ་ཚན་རིག་གི་བྱ་ཐབས་དང་སྦྲགས་དབྱེ་ཞིབ་བགྱིས། དེར་མ་ཟད་ཆུའི་ཕྱིར་འདོན་དང་དེ་གསོ་སྐྱོང་། ཁུང་ཕུག་གི་སྲུང་སྐྱོབ་བཅས་ཉེ་ལམ་མྱུར་བར་ཐག་གཅོད་བྱ་དགོས་བའི་གནད་དོན་ལ༼ཁ་སྣོན་གཅིག འགོག་སྲུང་བཞི། མཉམ་སྦྲེལ་བཞི༽ཡི་གྲོས་འཆར་བཏོན་པ་རེད། གྲོས་ཚོགས་ཀྱིས་ད་དུང་གནའ་མཁར་སྲུང་སྐྱོབ་བྱ་བ་རྗེས་མར་གྲོས་གཞི་བཏོན་པ་སྟེ། ཐོག་མར་གུ་གེ་གནའ་མཁར་གནས་བའི་ཁོར་ཡུག་གི་གནམ་གཤིས་གནས་ཚུལ་ལ་འགྱུར་ལྡོག་ཆེ་ན་ཡང་མིག་སྔར་དེའི་ཕྱོགས་ལ་རྒྱུས་ལོན་པའི་གནམ་གཤིས་དང་ཆུ་དཔྱད་རྒྱུ་ཆ་ལྟོས་བཅས་ཀྱིས་ཉུང་བ་དང་། གོ་ལ་ཧྲིལ་བོའི་དྲོད་ཚད་ཇེ་མཐོར་འགྲོ་བའི་གནས་ཚུལ་ལ་གཞིགས་ནས་གོམ་གང་མདུན་སྤོས་ཀྱིས་ཆུ་འདོན་འཛུགས་སྐྲུན་ཨར་ལས་བཟོ་བཀོད་ལ་ཞིབ་འཇུག་བྱ་རྒྱུ། གཉིས་པ། ས་ནགས་ཀྱི་ས་རྒྱུའི་ཆགས་ཚུལ་དང་གུ་གེའི་རིའི་གཟུགས་གཉིས་ཀྱི་གཅིག་མཐུན་རང་བཞིན་གྱི་རྐྱེན་པས་ལ་ངོས་ཀྱི་ས་རྒྱུ་གཏན་འཇགས་དང་རྨང་གཞིའི་བཟོ་བཀོད་ཞིབ་འཇུག་ལ་ཤུགས་ཇེ་ཆེར་གཏོང་རྒྱུ། གསུམ་ནས་གུ་གེ་གནའ་མཁར་གྱི་རླུང་ཕྱོགས་དང་ཁ་གཏད་པའི་རི་ངོས་སྦྲང་ཚང་དབྱིབས་སུ་མངོན་པ་གཞིར་བཟུང་ནས། ཨར་ལས་བཟོ་བཀོད་ཁྲོད་རླུང་འགྱུར་གྱི་གནས་ཚུལ་ལ་བསམ་གཞིགས་གཏོང་བ། བཞི་བ། ཨར་ལས་ཞིག་གསོ་དེ་ངེས་པར་དུ་སྔོན་གྱི་རྣམ་པ་སྲུང་འཛིན་བྱས་པའི་རྨང་གཞིའི་ཐོག་བཟོ་བཀོད་བྱེད་པ་དང་། སྔར་གྱི་རྣམ་པ་དེ་མི་འགྱུར་བར་འབད་པ་བྱ་རྒྱུ། ༼བོད་སློབ་འབྲིང་དྲ་བ་ལས་བཏུས།༽

 
གུ་གེ

      གུ་གེ་རྒྱལ་རབས་ཆགས་ཡུལ་གྱི་ས་གནས་ཤིག་ཡིན་པའི་ཐོག རྒྱལ་ཡོངས་ཀྱི་རིག་དངོས་སྲུང་སྐྱོབ་སྡེ་ཚན་ཁོངས་སུ་གཏོགས་པ་དང་། མངའ་རིས་ས་ཁུལ་གྱི་ཧ་ཅང་གལ་ཆེའི་གནའ་རབས་འཛུགས་སྐྲུན་གྱི་ཆགས་ཤུལ་གྲས་ཤིག་ཀྱང་ཡིན། དེང་སང་བོད་རང་སྐྱོང་ལྗོངས་ཀྱི་རྩ་མདའ་རྫོང་ཁོངས་སུ་ཡོད། གནའ་རབས་ཀྱི་གཞུང་རྙིང་བར་ཞང་ཞུང་ཟེར་ཞིང་། བོད་ཀྱི་བཙན་པོའི་རྒྱལ་རབས་མ་ཚུགས་གོང་གི་ཞང་ཞུང་རྒྱལ་རབས་ཀྱང་ས་གནས་འདིར་ཆགས་པ་ཡིན། རྒྱ་ཡིག་གི་ལོ་རྒྱུས་ཡིག་ཆ་རྙིང་བའི་ནང་ཡང་ཐུང༼羊同༽འཁོད། དེའི་སྐོར་གྱི་ཚིག་འགྲེལ་གཤམ་གསལ་ཞང་ཞུང་ཞེས་པ་དེར་གཟིགས་དགོས། གུ་གེ་ནི་མངའ་རིས་ཁུལ་གྱི་ལྷོ་ནུབ་ཕྱོགས་སུ་ཡོད་ཅིང་། ནུབ་དང་། ལྷོ། བྱང་ངོས་བཅས་རྒྱ་གར་དང་ཀསྨིར་དང་ས་འབྲེལ་ཡིན་པ་དང་། ཤར་དང་ལྷོ་ངོས་བོད་རང་སྐྱོང་ལྗོངས་ཀྱི་སྒར་རྫོང་དང་། སྤུ་ཧྲེངས་རྫོང་དང་འབྲེལ་ཡོད། གླང་ཆེན་ཁ་འབབ་ཆུ་བོའི་དཀྱིལ་རྒྱུད་དུ་གནས་ཤིང་། རྫོང་ཡོངས་ཀྱི་ས་ཆའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ ༢༢༥༠༠ དང་། མི་འབོར ༤༥༤༩ ༼༡༩༨༣ལོ༽ཡོད་པའི་ནང་མང་ཆེ་བ་བོད་རིགས་ཡིན་ཅིང་། ཞིང་ལས་མི་འབོར་བསྡོམས་གྲངས ༢༩༠༤ དང་། ས་ཞིང་གི་རྒྱ་ཁྱོན་སྨི ༡༡༨༠༠ ཙམ་ཡོད་པ་དེས་མི་གྲངས་བསྡོམས་འབོར་གྱི་གྱི་བརྒྱ་ཆའི ༦༣ དང་གྲངས་ཆུང ༨ ཟིན། འབྲོག་ལས་མི་འབོར ༧༢༧ ཙམ་ཡོད་པ་དེས་མི་གྲངས་བསྡོམས་འབོར་སྤྱིའི་བརྒྱ་ཆའི ༡༦ ཟིན། ནགས་ཚལ་གྱི་རྒྱ་ཁྱོན་སྨི ༤༠༠ ལྷག་ཙམ་ཡོད་པ་དེས་མངའ་རིས་ས་ཁུལ་ཡོངས་ཀྱི་ནགས་ཚལ་རྒྱ་ཁྱོན་སྤྱིའི་བཞི་ཆ་གཅིག་ཟིན། དགོན་པ་གྲངས ༧༥ ཡོད་པའི་ནང་རྙིང་མའི་དགོན་པ ༦ ས་སྐྱའི་དགོན་པ ༡༢ བཀའ་བརྒྱུད་དགོན་པ ༢༠ དགེ་ལུགས་དགོན་པ ༣༥ བོན་པོའི་དགོན་པ ༡ ཆོས་ལུགས་ངེས་གཏན་མེད་པའི་དགོན་པ ༡ བཅས་ཡོད་པ་དང་། དགོན་པ་གཞན་དག་ལ་གྲྭ་བ་དང་ཨ་ནེ་གྲངས་འབོར་ཇི་ཡོད་དཔྱད་གཞི་མ་རྙེད་ཀྱང་། དགེ་ལུགས་པའི་དགོན་པ་རྣམས་ལ་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་སྐབས་གྲྭ་གྲངས ༧༢༥  ཡོད་པར༼བེེ་སེར༽ལས་གསུངས། དེ་སྔའི་བོད་ས་གནས་སྲིད་གཞུང་སྐབས་རྩ་ཧྲེངས་རྫོང་དང་། མདའ་པ་རྫོང་གཉིས་སུ་དབྱེ་ཡོད་ཀྱང་། བོད་ལྗོངས་ཞི་བའི་བཅིངས་འགྲོལ་ཐོབ་རྗེས་རྫོང་གཉིས་ཟླ་སྒྲིལ་བཏང་སྟེ་རྩ་མདའ་རྫོང་ཞེས་རྫོང་རིམ་པའི་སྲིད་འཛིན་ས་ཁུལ་གཙུགས་པ་རེད།    ༼དུང་དཀར་ཚིག་མཛོད་ལས་བཏུས།༽