རྒྱལ་མཁར་རྩེ།
དྲ་ཚིགས་དོ་དམ་པས།
འབྱུང་ཁུངས། སྤེལ་མཁན། སྤེལ་དུས།2016-10-21
ངོ་སྤྲོད་གནད་བསྡུས།

      མིང་། ཕོ་བྲང་རྒྱལ་མཁར་རྩེ། བཞེང་མཁན། དཔལ་འཁོར་བཙན། བཞེང་དུས བོད་རབ་བྱུང་དྲུག་པའི་ཤིང་འབྲུག་སྤྱི་ལོ ༡༣༦༤ ལོར་བཞེངས། རྣམ་པ།  རྒྱལ་བོའི་ཕོ་བྲང་གི་རྣམ་པར་གྲུབ་ཡོད། ས་གནས། བོད་ལྗོངས་གཞིས་རྩེ་ས་ཁུལ་རྒྱལ་རྩེ་རྫོང་ཁོངས་སུ་ཆགས་ཡོད་། ས་བབ། མཚོའི་ངོས་ནས་སྨི  ༤༠༢༠ འཕགས་ཡོད། ཁྱད་ཆོས། དབྱིན་ཇི་བཙན་འཛུལ་དམག་ལ་འགོག་རྒོལ་བྱེད་སྐབས་མཁར་འདི་བཙན་རྫོང་བྱས་པས་དམག་འཐབ་ལས་རྒྱལ་བར་གྱུར། ཁོ་ཚོས་སྙིང་སྟོབས་དང་ཆོད་སེམས་བརྟན་པོས་དབྱིན་ཇི་བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་ལ་འགོག་རྒོལ་བྱས་པས་བོད་ཀྱི་ལོ་རྒྱུས་ཐོག་བསུབ་ཏུ་མེད་པའི་བྱས་རྗེས་ཤིག་བཞག་ཡོད་པ་རེད།




ཕོ་བྲང་རྒྱལ་མཁར་རྩེ།
      ཕོ་བྲང་རྒྱལ་མཁར་རྩེ་ནི། བོད་ལྗོངས་གཞིས་རྩེ་ས་ཁུལ་རྒྱལ་རྩེ་རྫོང་ཁོངས་སུ་ཆགས་ཡོད་། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི ༤༠༢༠ ཡོད་ཅིང་། བལྟོས་བཅས་ཀྱི་མཐོ་ཚད་ལ་སྨི ༡༢༥ ཡོད་ལ། བོད་ལྗོངས་སྲིད་གཞུང་རྙིང་བའི་རྒྱལ་རྩེ་ས་ཁུལ་གྱི་སྲིད་འཛིན་གནས་ས་ཞིག་ཡིན། དེ་ནི་བོད་རབ་བྱུང་དྲུག་པའི་ཤིང་འབྲུག་སྤྱི་ལོ ༡༣༦༤ ལོར་ནང་ཆེན་འཕགས་པ་དཔལ་བཟང་གིས་རྫོང་བཙན་མང་བོ་བརྩིགས་པའི་ནང་གི་གཅིག་ཡིན། འདིར་རྒྱལ་རྩེ་ཆོས་རྒྱལ་རིམ་བྱོན་རྣམས་བཞུགས་མྱོང་བ་དང་། ཕོ་ལྷ་མི་དབང་གིས་ང་ལུམ་སྦྱར་གསུམ་ལ་ཕར་རྒོལ་བྱེད་སྐབས་ཀྱི་རྟེན་གཞི་བྱས་པ། དེ་བཞིན་བོད་ཤིང་འབྲུག་སྤྱི་ལོ ༡༩༠༤ ལོར་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་དབྱིན་ཇི་བཙན་འཛུལ་དམག་ལ་འགོག་རྒོལ་བྱེད་སྐབས་ཀྱི་གཡུལ་ས་བཅས་བྱས་པའི་རྫོང་བཙན་འདི་ནི་དུས་རབས་ཀྱི་དངོས་དཔང་རྩ་ཆེན་ཞིག་ཡིན། ལོ་རྒྱུས་ཐོག་བོད་རིགས་མི་དམངས་ཀྱི་དཔའ་རྒོད་ཚོས་མཁར་རྫོང་འདིའི་གཡུལ་སའི་ཐོག་དབྱིན་ཇི་བཙན་འཛུལ་བར་རྒོལ་རྡུང་ཚ་ནན་སྤྲད་དེ་ཕ་ཡུལ་སྲུང་སྐྱོབ་བྱེད་པའི་དམག་འཐབ་ནང་ཇི་སྲིད་བར་ནུབ་ཐབས་མེད་པའི་བྱས་རྗེས་བཞག་ཡོད།
 
རྒྱལ་རྩེ་རྫོང་རི།
      རྒྱལ་རྩེ་རྫོང་རིའི་གནའ་ཤུལ་དེ་རྒྱལ་རྩེའི་གནའ་གྲོང་ཁྲོད་ཀྱི་བྲག་རི་གཡང་གཟར་ཅན་གྱི་ཐོག་ཏུ་འགྱིང་ངེར་གནས་ཡོད་པ་དང་། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི ༤༠༢༠ ཡོད་ཅིང་། ལྟོས་བཅས་ཀྱི་མཐོ་ཚད་ལ་སྨི ༡༢༥ ཡོད་ལ། དེ་ནི་བོད་ལྗོངས་སྲིད་གཞུང་རྙིང་བའི་རྒྱལ་རྩེ་ས་ཁུལ་གྱི་སྲིད་འཛིན་གནས་ས་ཞིག་ཡིན་པ་དང་། མྱང་ཆུ་གཙང་བོའི་ཀླུང་ཐང་གི་དབུས་སུ་བརྗིད་ཆགས་ཡིད་དུ་འོང་བ་ཞིག་ཡོད། རྫོང་རིའི་དཔལ་འཁོར་མཆོད་རྟེན་གྱི་ཁ་ཕྱོགས་དེ་ནི་བྲག་གཟར་བོ་ཞིག་ཡིན། བྲག་གཟར་བོའི་དེའི་གཡས་ངོས་ཀྱི་རིའི་ལྟག་པའི་བྱང་ངོས་ནས་རི་དེ་གཟར་བོ་མེད་པར་གྱུར་ཡོད་རུང་རི་སྟེང་དུ་རྩྭ་རྩི་ཤིང་གི་རིགས་སྐྱེས་ཀྱི་མེད། དེ་ནས་བྱང་ངོས་སུ་སྨི་དྲུག་བརྒྱ་ལྷག་ཙམ་སོང་བའི་རྗེས་རིའི་ལྟག་པ་དེ་ཤར་ནུབ་གཉིས་ལ་བརྐྱངས་ཡོད་པ་དང་། ཅུང་རིང་བའི་ནུབ་ཕྱོགས་ཀྱི་རི་ལག་གིས་བསྐོར་བའི་མཚམས་སུ་དཔལ་འཁོར་མཆོད་རྟེན་དེ་ཆགས་ཡོད། དཔལ་འཁོར་མཆོད་རྟེན་པའི་གྲོང་ཁུལ་རྙིང་བ་རྣམས་རྫོང་རིའི་མཐའ་འཁོར་དུ་ཁ་གྲམ་ནས་གནས་ཡོད་པ་དང་། དེང་དུས་ཀྱི་ཞི་འཇགས་བག་བྲོ་བའི་ས་གཞི་འདིའི་སྟེང་ཡིད་སྐྱོ་ཞིང་བརྗིད་ཉམས་ལྡན་པའི་དབྱིན་འགོག་དམག་འཁྲུག་ཞིག་བྱུང་མྱོང་ཡོད། ༡༨༩༤ ལོར་ཤིང་རྟ་ལོའི་ཀྲུང་རིའི་དམག་འཁྲུག་གི་ནང་ཀྲུང་གོ་ཕམ་པར་བྱས་ཤིང་། བཙན་རྒྱལ་རིང་ལུགས་ཀྱིས་ཀྲུང་གོའི་ས་ཆ་རྣམས་དུམ་བུར་བགོ་འགོ་བརྩམས། ༡༩༠༠ ལོར་རྒྱལ་ཁབ་བརྒྱད་ཀྱི་མཉམ་འབྲེལ་དམག་དཔུང་གིས་ཀྲུང་གོར་བཙན་འཛུལ་བྱས་པའི་རྗེས་དབྱིན་ཇི་ཡིས་གོ་སྐབས་བྱུང་སོང་སྙམ་ནས་སླར་ཡང་བོད་ལ་གཞི་ཁྱོན་ཆེ་བའི་དམག་འཁྲུག་ཞིག་རྒྱག་རྒྱུའི་གྲ་སྒྲིག་གང་ལེགས་བྱས། ༡༩༠༢ ལོའི་དབྱར་ཁ་དབྱིན་ཇི་བཙན་འཛུལ་བའི་དམག་དཔོན་ཧོའེ་ཐེས་དབྱིན་དམག་ཉིས་བརྒྱ་ལྷག་ཙམ་ཁྲིད་ནས་གམ་པ་རྫོང་ཁོངས་རྒྱ་ཁང་ཞེས་པའི་ས་ཆ་དེ་བཙན་བཟུང་གིས་འབྲོག་པའི་ར་ལུག་ལྔ་སྟོང་ཙམ་དང་འབྲི་གཡག་དྲུག་བརྒྱ་ལྷག་ཙམ་འཕྲོག་བཅོམ་བྱས། ༡༩༠༣ ལོར་དབྱིན་ཇིའི་གཞུང་ཕྱོགས་ནས་བོད་འབྲས་ས་མཚམས་སུ་ཞི་བའི་གྲོས་མོལ་བྱས་ཏེ་ས་མཚམས་གནད་དོན་ཐག་གཅོད་བྱ་དགོས་པའི་རེ་བ་བཏོན་པ་ལྟར། ལོ་དེའི་ཟླ་གསུམ་པའི་ཚེས་བཅུ་བདུན་ཉིན་གོང་མ་ཆེན་པོའི་བཀས་མངགས་བོད་བཞུགས་ཨམ་བན་སྐུ་ཚབ་གནས་གསུམ་པའི་ཀྲེ་ཧྥུ་ཧྭ་འུན་ཤིང་དང་། གྲོ་མོའི་དཔྱ་ཁྲལ་སི་སྦ་འར། བཀའ་ཤག་གི་ངོ་ཚབ་དྲུང་ཡིག་ཆེ་མོ་བ་བློ་བཟང་འཕྲིན་ལས། དབུས་མདའ་རོང་ཚང་དབང་ཕྱུག་རྒྱལ་བོ་བཅས་འཐུས་མི་བཞི་དང་ལས་བྱ་རྩེ་དྲུང་དགེ་འདུན་ཆོས་དར་དང་། བརྒྱ་དཔོན་འགྱུར་མེད་ཚེ་བརྟན། ལྡིང་དཔོན་མི་ལྔ། རྒྱ་སྦྱོང་དམག་མི་བཅུ་གཉིས་བཅས་གཏོང་གནང་མཛད་ཀྱང་དུས་དེར་དབྱིན་དམག་གི་དམག་དཔོན་རུང་ཧའོ་ཧྥང་དང་། འབྲས་ལྗོངས་སུ་བཅའ་སྡོད་དབྱིན་ཇིའི་ཀྲོན་ཡོན་ཧོས་ཐཱ་གཉིས་ཀྱིས་དབྱིན་ཇིའི་འཐུས་མིའི་མིང་འཁྱེར་ནས་དམག་མི་ཉིས་བརྒྱ་ཙམ་གྱི་སྣེ་ཁྲིད་དེ་བོད་ལ་འབྲེལ་བ་ཙམ་ཡང་མ་བྱས་པར་ས་མཚམས་ལས་བརྒལ་ཏེ་གམ་པ་རྫོང་ཕྱོགས་སུ་ཡོང་བ་དང་། ས་གནས་རྫོང་སྡོད་ཀྱིས་བཀག་འགོག་ཇི་ལྟར་བྱས་ཀྱང་ཉན་འཇོག་བྱ་རྒྱུ་ལྟ་ཞོག རྫོང་དཔོན་ལ་ཉེས་རྡུང་བཏང་བ་མ་ཟད། གྲོས་མོལ་གམ་པ་རྫོང་དུ་བྱ་དགོས་པ་སོགས་ཀྱི་རེ་བ་བཏོན་པས་གྲོས་རྣམས་ལ་ལེགས་འགྲུབ་བྱུང་མེད། དོན་དངོས་ཐོག་དབྱིན་གཞུང་ནས་ཞི་བའི་གྲོས་མོལ་གྱིས་ས་མཚམས་གནད་དོན་ཐག་གཅོད་བྱ་དགོས་ཞེས་པ་དེ་གཡོ་སྒྱུའི་སྦྱོར་བ་ཙམ་ཡིན་ཞིང་། དོན་དུ་བོད་ལྗོངས་དམག་དམངས་ཀྱི་དོ་སྣང་བྱ་ཡུལ་ལ་འགྱུར་བ་བཏང་སྟེ་སྐབས་དེར་བོད་ལ་དྲག་པོའི་བཙན་འཛུལ་བྱ་བའི་གྲ་སྒྲིག་མུ་མཐུད་བྱས་ཡོད་པ་རེད། ༡༩༠༤ ལོར་དབྱིན་ཇིའི་དམག་དཔུང་གིས་རང་རྒྱལ་གྱི་བོད་ལྗོངས་ལ་བཙན་འཛུལ་བྱས་ཏེ་གྲོང་ཚོར་མེ་སྒྱོགས་རྒྱག་པ་སོགས་བྱས་ནས་བོད་འབངས་མང་བོ་བསད་ཡོད། ༡༩༠༣ ལོའི་ཟླ ༡༡ པར། དབྱིན་ཇི་བཙན་འཛུལ་བས་སིང་བའི་རྐང་དམག་ཆིག་སྟོང་བཞི་བརྒྱ་ཙམ་དང་། གོར་ཥའི་དམག་མི་མི་གྲངས་བདུན་བརྒྱ་རྟ་དམག་མི་གྲངས་བརྒྱ། མེ་སྒྱོགས་དང་མེ་མདའ་སྦག་སྦག་གི་དམག་སྡེ་ཁག་གཅིག གཡུལ་འགྱེད་དམག་མིའི་སྨན་ཁང་། རྒྱབ་ཕྱོགས་མཁོ་སྤྲོད་དཔུང་སྡེ་སོགས་མི་གྲངས་ཆིག་ཁྲི་ལྷག་ཙམ་སྒྲིག་འཛུགས་བྱས་ཤིང་། དེའི་ནང་དབྱིན་ཇིའི་དམག་མི་བརྒྱ་ལྷག་ཙམ་ལས་མེད། དབྱིན་ཇིའི་དམག་དཔོན་ཆེན་མོ་རྨད་ཁྭ་ཐང་ནཱའི་བཀོད་འདོམས་འོག་ཧྲང་ཞའོ་དམག་དཔོན་རུང་ཧའོ། ཧྥང་གིས་དམག་སྣེ་འཁྲིད་དེ་ལོ་དེའི་ཟླ་བཅུ་གཉིས་པའི་ཚེས་བཅུ་ཉིན། གོང་གསལ་དབྱིན་དམག་རྣམས་ནག་ཐང་དུ་འཛོམས། དེ་ནས་རིམ་བཞིན་རྫ་ལེབ་ལ་བརྒལ་ཏེ་གྲོ་མོ་རིན་ཆེན་སྒང་དང་། ཕག་རི་སྟོད་ལ། མགུ་རུ་ཕྱོགས་སུ་འོངས། དབྱིན་ཇིས་གྲོ་མོ་བཟུང་ཟིན་པའི་གཏམ་དེ་ཐོས་རྗེས་བོད་བཞུགས་ཨམ་བན་གཡུའུ་ཐད་གྲོས་མོལ་བྱེད་པར་འགྲོ་འདོད་མ་བྱས་པས་བོད་ས་གནས་སྲིད་གཞུང་གིས་དམག་མི་བཏང་ནས་ཕག་རིར་རྒྱབ་སྐྱོར་དུ་བཏང་རུང་། དབྱིན་དམག་གིས་ཟླ ༡༢ པའི་ཟླ་མཇུག་ཏུ་ཕག་རི་བཟུང་ཟིན། དེ་ནས་རུང་ཧའོ་ཧྥང་ལ་འགེབས་སྲུང་བྱ་རྒྱུར་ཁ་གཡར་ཏེ་དུད་སྣེར་བསླེབས་པ་དང་། འདིར་མདའ་དཔོན་ལྷ་སྡིངས་སྲས་དང་། རྣམ་སྲས་གླིང་། རྒྱལ་རྩེ་རུ་དཔོན་སྐྱིད་སྦུག་སོགས་བོད་དམག ༢༠༠༠ ལྷག་ཙམ་ཁྲིད་ནས་བཀའ་དང་དུ་བླངས་ཏེ་དབྱིན་དམག་འགོག་པར་ཡོང་བ་དང་འཕྲད། མདའ་དཔོན་ལྷ་སྡིངས་སྲས་ལ་སོགས་པས་དབྱིན་དམག་རྣམས་གྲོ་མོར་ཕྱིར་འཐེན་བྱས་ཏེ་གྲོས་མོལ་བྱ་དགོས་པའི་རེ་བ་བཏོན་པར་རུང་ཧའོ་ཧྥང་གིས་འཚམ་མཐུན་གྱི་རེ་བ་འདི་དང་ལེན་བྱས་མེད། ཕྱོགས་གཉིས ༡༩༠༤ ལོའི་ཟླ ༣ པ་བར་སྟོབས་མཉམ་ཁ་གཏད་དུ་གནས་ཤིང་། དབྱིན་དམག་གིས་གྲ་སྒྲིག་ལེགས་པར་བྱས་ནས་བོད་དམག་ལ་དཔུང་འཇུག་བྱེད་རྩིས་བྱས། བོད་དམག་གིས་ཀྱང་འགོག་རྒོལ་མཐའ་གཅིག་ཏུ་བྱ་ཆེད་འགོ་དམག་རྣམས་འཛིང་རགས་ཁག་ལ་བགོས་ཏེ་མེ་མདའ་ཡི་སྦུད་ཏི་སྤར་ནས་སྡོད་དགོས་པ་དང་། གྲི་དང་། མདུང་། འུར་རྡོ་སོགས་གྲ་སྒྲིག་ཨང་བསར་དགོས་པ་ལས། འཚབ་འཚུབ་ཀྱིས་མེ་མདའ་ཁ་ཤོར་ཏེ་དཀྲོག་རྐྱེན་བཟོ་བ་སོགས་དགོས་མེད་ཀྱི་བྱ་བའི་རིགས་མི་ཡོང་བ་བྱ་དགོས་པའི་བརྡ་ཁྱབ་ཀྱང་བཏང་ཡོད། དེ་ནས་དབྱིན་བོད་ཕྱོགས་གཉིས་མུ་མཐུད་ཕན་ཚུན་འབྲེལ་མཐུད་བྱས་ཐོག་འཐུས་མི་རྣམས་ཆུ་མིག་གཤོངས་ཀའི་དཀྱིལ་དུ་རྡོའི་རགས་སྐྱོར་ཞིག་ཡོད་སར་ཚང་མ་འཛོམས་པ་དང་། རུང་ཧའོ་ཧྥང་གིས༼གྲོས་མོལ་བྱེད་པར་ཐོག་མར་ཕྱོགས་གཉིས་ཀས་སྔོན་འགྲོའི་ཆ་རྐྱེན་དུ་ཞི་བའི་སྒོ་ནས་གྲོས་མོལ་བྱ་དགོས་སྟབས་དྲག་ཆས་འཇོག་དགོས་པས་ཕན་ཚུན་དམག་མི་ཚོའི་མེ་མདའི་ནང་གི་མདེའུ་འདོན་དགོས་ཤིང་། བོད་དམག་ཚོས་སྦུད་ཏིའི་མེ་གསོད་དགོས་པ་དང་། དབྱིན་དམག་གིས་མེ་མདའི་མདེའུ་ཚང་མ་འདོན་རྒྱུ་ཡིན༽ཞེས་བརྗོད། སྐབས་དེར་བོད་དམག་གི་ལྡིང་དཔོན་ཡན་ལ་འཕྲུལ་མདའ་རེ་མ་གཏོགས་དམག་དཀྱུས་རྣམས་ལ་བོད་མདའ་རེ་དང་། གྲི་དཔའ་དམ་རེ་ལས་མེད། བོད་ཕྱོགས་ཀྱི་འགོ་དམག་དཔོན་རིགས་ཚོས་དགྲ་ཕྱོགས་ཀྱི་ཁ་མཁས་ཚིག་འཇམ་ལ་ཡིད་ཆེས་ཀྱིས་མདའ་དཔོན་ལྷ་སྡིངས་པ་སོགས་འཐུས་མི་རྣམས་ནས་དེ་ལྟར་དང་ལེན་གྱིས་བོད་དམག་རྣམས་ལ་བཀའ་བཏང་བས་བོད་དམག་ཡོངས་ནས་མེ་མདའི་སྦུད་ཏི་བསད་དེ་ཞི་བའི་ཐབས་ལམ་བརྒྱུད་དབྱིན་བོད་གནད་དོན་ཐག་གཅོད་ཡོང་བའི་རེ་སྟོང་སྒུག་སྟེ་བློ་ལྷོད་པོའི་ངང་བསྡད་ཅིང་། དབྱིན་ཇི་བཙན་འཛུལ་བ་ནི་གཡོ་འཕྲུལ་གདུག་རྩུབ་ཀྱི་ལས་ལ་བྱང་ཆུབ་པ་ཞིག་ཡིན་སྟབས་ལྐོག་ཏུ་དབྱིན་དམག་མང་བོ་བོད་དམག་གི་མཐའ་སྐོར་དུ་ཡིབ་སྟེ་བསྡད་ཅིང་། མེ་མདའི་ཁོག་ནང་གི་མདེའུ་བཏོན་ཡང་མཐིལ་གྱི་སྣུམ་བླུགས་སའི་ནང་མདེའུ་སྦས་ཏེ་ཉར། དུས་ཚོད་སྐར་མ་བཅོ་ལྔ་ཙམ་སོང་རྗེས་དབྱིན་དམག་གི་དམག་དཔོན་ཞིག་གིས་གློ་བུར་དུ་མེ་མདའ་ཆུང་ཆུང་ཞིག་བཏོན་ནས་ལྷ་སྡིངས་སྲས་དང་། རྣམ་སྲས་གླིང་སོགས་བོད་ཕྱོགས་ཀྱི་འཐུས་མི་རྣམས་ལ་མེ་མདའ་འཕངས་ཤིང་། མདའ་དཔོན་ལྷ་སྡིངས་ཀྱིས་ཆིབས་པའི་ཐོག་ནས་དཔའ་དམ་ཤུབས་ལས་ཕྱུངས་ཏེ་ཀི་སྒྲ་སྒྲོག་བཞིན་དེར་ཡོད་གཡོག་འགའ་ཞིག་གི་སྣེ་ཁྲིད་དེ་ཐེ་ཚོམ་སྤུ་ཙམ་མེད་པར་མཆོངས་ཏེ་དབྱིན་དམག་གི་རུ་དཔོན་གཅིག་དང་། བརྒྱ་དཔོན་གཅིག ལྡིང་དཔོན་གཅིག་སོགས་འགོ་དམག་བཅུ་གྲངས་ཤིག་ལ་རྨས་སྐྱོན་བཏང་། མཐའ་བཞིར་ཡོད་པའི་བོད་དམག་རྣམས་ཀྱང་དཔའ་ངར་ཞུམ་པ་མེད་པར་རལ་གྲི་འཕྱར་བཞིན་མཆོངས་ཡོང་ཡང་དབྱིན་དམག་གིས་མཐའ་བཞི་བསྐོར་ཏེ་མེ་མདའ་སྦག་སྦག་སོགས་དེང་དུས་ཅན་གྱི་མཚོན་ཆ་བེད་སྤྱད་སྟབས་བོད་དམག་རྣམས་དཔའ་རྩལ་ཅན་གྱི་དཔའ་བོ་ལག་རྡུམ་དང་འདྲ་བར་བྱ་ཐབས་དབེན་པའི་གནས་སུ་ལྷུང་ཞིང་། ༼དམག་འཐབ༽དེ་ཡང་དོན་དངོས་ཐོག་དམར་གསོད་ཆེན་པོ་ཞིག་ལ་གྱུར། ཐེངས་འདིའི་དབྱིན་རྒོལ་དམག་འཐབ་ནང་བོད་དམག་གི་མདའ་དཔོན་ལྷ་སྡིངས་སྲས་དང་། རྣམ་སྲས་གླིང་། རུ་དཔོན་ཁང་གསར་བྱང་མ་སོགས་མི་གྲངས ༡༤༠༠ ལྷག་ཙམ་ཤི་རྨས་བྱུང་བ་དང་། གོ་ལག་ཕལ་ཆེ་བ་དགྲ་ལག་ཏུ་ཤོར་ཞིང་། དབྱིན་དམག་གི་ཧྲང་ཤའོ་དམག་དཔོན་ཏུན་ལའོ་དང་གསར་འགྱུར་འགོད་མཁན་གཅིག་ལ་རྨས་སྐྱོན་ཚབས་ཆེན་ཕོག་པ་དང་། འགོ་དམག་བཅུ་གསུམ་ཙམ་ཤི་རྨས་བྱུང་བ་ལས་དེ་མིན་མི་སྲོག་དང་རྒྱུ་དངོས་གང་ལའང་གནོད་པ་ཆེ་བ་བྱུང་མེད། དུས་དེར་ཆུ་མིག་གཤོངས་ཀ་ནས་ཕྱིར་འཐེན་བྱས་པའི་དམག་མི་ལྷག་འཕྲོས་སུམ་བརྒྱ་བརྒྱད་བཅུ་ཙམ་ལས་མེད་ཀྱང་རྒྱབ་ཕྱོགས་ཀྱི་དཔུང་རོགས་ཁག་གཅིག་རིམ་བཞིན་འབྱོར་ཏེ་དམག་གྲས་ཉིས་སྟོང་སུམ་བརྒྱ་སྐོར་ཡོད་པར་ཞིབ་བཤེར་དང་འབྲེལ་རྫས་མདེལ་དམག་རྒྱགས་སོགས་ལ་ལེགས་སྒྲིག་འོས་འཚམ་བྱས་ཐོག་གཙང་མདའ་བཀྲས་གླིང་བ་དང་། རྒྱལ་རྩེ་མདའ་དཔོན་རམ་པ་བཅས་འགོ་དམག་ཡོངས་ཀྱིས་སེམས་ཐག་གཙང་བཅད་ཀྱིས་དམག་འཐབ་བྱ་རྒྱུའི་དམ་བཅའ་བཞག དཔྱིན་དམག་གིས་མུ་མཐུད་རྒྱལ་རྩེ་ཕྱོགས་སུ་ཡོང་བའི་ལམ་བར་དུ་བྱང་གླིང་དགོན་པ་དང་། སྐུ་འབུམ་དགོན་པ་སོགས་དགོན་སྡེ་མང་བོ་མེར་བསྲེགས་པ་དང་སྐུ་གསུང་ཐུགས་རྟེན་དང་མང་ཚོགས་ཀྱི་དངོས་པོ་མང་བོ་འཕྲོག་བཅོམ་བྱས་ཤིང་། དེ་རྗེས་དབྱིན་དམག་རྣམས་ཁང་དམར་གྱི་ལྷོ་ནུབ་རི་རྒྱབ་ཏུ་གནས་པའི་ཤོ་ལམ་དགོན་དུ་འབྱོར་བའི་ནམ་སྨད་དུ་མདའ་དཔོན་བཀྲས་གླིང་བ་དང་རམ་པ་གཉིས་ཀྱིས་དམག་དཔུང་ཁྲིད་དེ་མཚན་མོ་དྲག་འཐབ་བྱས་ནས་དབྱིན་དམག ༦༠ ལྷག་ཙམ་བསད་རྨས་བཏང་། དེ་ནས་དབྱིན་དམག་རྒྱལ་རྩེར་ཡོང་བའི་ལམ་བར་དུ་འགོག་རྒོལ་དམག་འཐབ་ཐེངས་མང་བྱས་པ་དང་། དབྱིན་དམག་གིས་མདུན་སྐྱོད་ཐོག་རིམ་བཞིན་རྒྱལ་རྩེའི་ཉེ་འགྲམ་གནས་རྙིང་དགོན་པར་འབྱོར་ཏེ་ཆོས་བྱེད་སྐྱེས་བུ་རྣམས་ལ་མནར་གཅོད་ཚད་མེད་བཏང་ཞིང་། དགོན་པ་བཙན་བཟུང་གིས་རྡོ་གཅལ་དཀྱིལ་དུ་སྒར་བརྒྱབས་ནས་བསྡད། བོད་དམག་གིས་གནས་ཚུལ་དེ་ཤེས་འཕྲལ་ཐབས་གྲོས་ནན་ཏན་བྱས་ཏེ་ཉིན་ཞིག་མཚན་མོ་ཀོང་དམག་གིས་གནས་རྙིང་དགོན་པའི་མཐའ་ནས་བསྐོར་ཏེ་གློ་བུར་དུ་འཐབ་རྒོལ་བྱས་ནས་དབྱིན་དམག་མང་བོ་ཚར་བཅད། དེ་རྗེས་དབྱིན་དམག་ལ་དཔུང་རོགས་རིམ་བཞིན་འབྱོར་ཏེ་རྒྱལ་རྩེ་བཙན་བཟུང་ཐོག་འབྲུ་རིགས་ཁལ་སྟོང་ཕྲག་ཁ་ཤས་དང་། འབར་རྫས་ཀྲོན་ཁ་ཤས་འཕྲོག་པ་མ་ཟད། རྒྱལ་རྩེ་རྫོང་གི་ཁང་བ་མང་ཆེ་བ་བཤིག དབྱིན་དམག་གི་རུ་དཔོན་རུང་ཧའོ་ཧྥང་གིས་སྣེ་ཁྲིད་བྱས་པའི་དབྱིན་དམག་རྣམས་མྱང་ཆུའི་འགྲམ་གྱི་ལྕང་ལོ་གླིང་ཁར་སྒར་བརྒྱབས་སྟེ་བསྡད་པའི་སྐབས་སུ་མཚན་མོ་ཞིག་ལ་བོད་དམག་ཆིག་སྟོང་ལྷག་ཙམ་གྱིས་ལག་ཏུ་གྲི་རིང་ཐོགས་ཏེ་དབྱིན་དམག་གི་དམག་སྒར་ཏུ་ཕར་རྒོལ་བྱས་སྟབས་བཙན་འཛུལ་བ་དངངས་སྐྲག་རབ་ཏུ་སྐྱེས་ཏེ་ལ་ལ་ཆུ་ལ་མཆོངས་པ་དང་། ལ་ལ་དམར་གསོད་བཏང་ཞིང་། དམག་དཔོན་རུང་ཧའོ་ཧྥང་དང་དམག་མི་བཞི་བཅུ་ལྷག་ཙམ་དངངས་འཚབ་ངང་གྲོ་མོ་ཆུ་འབི་ཕོ་བྲང་དུ་བྲོས་ཕྱིན། ཁོ་ཚོས་དབྱིན་ཇིའི་དམག་དཔོན་ཆེན་མོ་རྨད་ཁྭ་ཐང་ནཱ་ལ་དམག་རོགས་འཕྲལ་དུ་གཏོང་དགོས་པའི་རེ་བ་བཏོན་པ་བཞིན་རྨད་ཁྭ་ཐང་ནཱ་ཡིས་དམག་དཔུང་འབོར་ཆེན་ཁྲིད་དེ་དེང་རབས་ཅན་གྱི་མེ་སྒྱོགས་དང་། མེ་མདའ་སྦག་སྦག་སོགས་མཚོན་ཆ་མང་བོ་འཁྱེར་ནས་རྒྱལ་རྩེར་འབྱོར་འཕྲལ་བོད་དམག་ལ་ཚུར་རྒོལ་ཤུགས་ཆེན་བྱས་པ་མ་ཟད། ཕ་ལྷ་གྲོང་ཚོ་དང་། ལྕང་ལོ་གླིང་ཁ་བཙན་བཟུང་ཐོག་དམག་དོན་གྱི་རྟེན་གཞི་བཙུགས་ཏེ་རྫོང་རྩེའི་མཐའ་བསྐོར་ནས་ཧ་ཅང་ཉེན་ཁ་ཆེ་བའི་གནས་སུ་གྱར་བ་དང་། དེ་ནས་གནས་རྙིང་དགོན་པར་ཡོད་པའི་དམག་མི་ལ་ཚུར་རྒོལ་བྱས་ཏེ་མེ་སྒྱོགས་བརྒྱབས་ནས་དགོན་པའི་གྱང་སོགས་གཏོར་བ་དང་། བོད་དམག་དང་དགེ་འདུན་པས་འགོག་རྒོལ་མཐའ་གཅིག་ཏུ་བྱས་རུང་མཐར་མང་ཆེ་བ་སྐུ་གཤེགས་པ་དང་། དབྱིན་དམག་རྣམས་ལ་ཤི་རྨས་མི་གྲངས ༢༠༠ ལྷག་ཙམ་བྱུང་བའི་ཐོག་ནས་གནས་རྙིང་དགོན་པ་བཟུང་བ་དང་། བོད་དམག་དང་དགེ་འདུན་པ་མགོ་བཏགས་ཞུ་མ་འདོད་པ་རྣམས་དམར་གསོད་བཏང་ཞིང་། དེང་སང་ཡང་གནས་རྙིང་དགོན་པའི་གྱང་སྟེང་དུ་དབྱིན་དམག་གི་མེ་མདའི་མདེའུ་ཕོག་ཤུལ་ཡོད། དེ་ནས་དབྱིན་དམག་གིས་རྒྱལ་རྩེ་རྩེ་ཆེན་དགོན་བཟུང་ནས་རྒྱལ་རྩེ་དང་གཞིས་རྩེའི་བར་གྱི་འགྲིམ་འགྲུལ་བཀག་པར་བྱས། ཟླ ༧ ཚེས ༡ ཉིན། བོད་ལྗོངས་ས་གནས་སྲིད་གཞུང་གིས་བཏང་ཡོང་བའི་བཀའ་ཚབ་གཡུ་ཐོག་དང་། དྲུང་རྩེ་ཆེན་པོ། སེ་འབྲས་དགའ་གསུམ་གྱི་སྐུ་ཚབ་ཚོགས་པས་རྒྱལ་རྩེར་རུང་ཧའོ་ཧྥང་དང་ཐུག་འཕྲད་བྱས་ཏེ་དབྱིན་དམག་ཕྱིར་འཐེན་གྱིས་གྲོས་མོལ་བྱ་རྒྱུའི་རེ་བ་བཏོན་རུང་རོང་ཧའོ་ཧྥང་གིས་བོད་ལྗོངས་ཀྱི་སྐུ་ཚབ་ལ་ཚད་མཐུན་གྱི་དཔང་ཡིག་མེད་པར་ཁ་གཡར་ཏེ་ཁས་མ་བླངས་པ་མ་ཟད། བོད་དམག་རྣམས་ཟླ ༧ པའི་ཚེས ༥ ཡི་ཉིན་གུང་གོང་དུ་རྒྱལ་རྩེ་རྫོང་རི་ནས་ཕྱིར་འཐེན་བྱ་དགོས་ཞེས་བཤད་པར་ཁོ་བའི་རྒྱུ་མཚན་མེད་པའི་སྐད་ཆ་དེ་བོད་ལྗོངས་དམག་དམངས་ཀྱིས་ཁས་མ་བླངས། དེས་ན་དབྱིན་དམག་གིས་ཟླ ༧ པའི་ཚེས ༥ ཉིན་གྱི་ཕྱི་དྲོར་རྫོང་རིར་ཕྱོགས་ཡོངས་ནས་དཔུང་འཇུག་བྱེད་འགོ་ཚུགས་ཤིང་། དེ་ཉིན་ལ་རྫོང་རིའི་གཤམ་གྱི་ཁྲོམ་ལམ་ཚང་མ་བཟུང་། དེ་ནས་དབྱིན་ཇི་བཙན་འཛུལ་དམག་གིས་ཐོག་མར་རྫོང་ལ་མེ་སྒྱོགས་དང་མེ་མདའ་སྦག་སྦག་ཡང་ཡང་བརྒྱབས། དེ་ནས་རྐང་དམག་གིས་ཚུར་རྒོལ་ཐེངས་མང་བྱས་ཀྱང་བོད་དམག་གིས་བོད་མདའ་དང་། མདའ་གྲི་མདུང་གསུམ། འུར་རྡོ་སོགས་ལ་བརྟེན་ནས་འགོག་རྒོལ་བྱས་པ་མ་ཟད། སྐབས་འགར་མཚན་མོ་རི་རྩེ་ནས་བབས་ཏེ་དབྱིན་དམག་གི་དམག་སྒར་ལ་ཕར་རྒོལ་བྱས་ཡོད། ཟླ་བ་གཅིག་ཙམ་སོང་རྗེས་རིའི་སྒང་གི་ཆུ་ཚང་མ་རྫོགས་པ་དང་། འཚོ་བའི་ཐོག་ལ་དཀའ་ངལ་ཆེ་བའི་གནས་སུ་གྱར། འོན་ཀྱང་བོད་དམག་གི་སེམས་ལ་གཡོ་སྒུལ་སྤུ་ཙམ་མེད་པར་མཚན་མོ་རི་གཤམ་གྱི་ཆུ་སྙིགས་བླངས་ཏེ་བཏུང་བ་དང་། སྐབས་འགར་ཆུ་སྙིགས་རྫོགས་ཏེ་གཅིན་པའང་བཏུངས་ཤིང་། དེ་རྗེས་སྟབས་མ་ལེགས་པ་ཞིག་ལ་ཉིན་ཞིག་རྫས་ལེན་སྐབས་གཟབ་གཟབ་མ་བྱུང་བར་རྫོང་རྩེའི་རྫས་ཁང་ལ་མེ་ཤོར་ཏེ་བོད་དམག་མང་བོ་གྲོངས་ཤིང་། དབྱིན་དམག་གིས་གོ་སྐབས་དེ་དང་བསྟུན་ནས་ཚུར་རྒོལ་དྲག་པོ་བྱས་སྟབས་རི་རྩེ་ནས་བོད་དམག་ཕྱིར་འཐེན་མི་བྱེད་ཐབས་མེད་བྱུང་། ཟླ ༥ ནས ༧ པའི་བར་གྱི་རྒྱལ་རྩེའི་སྲུང་སྐྱོབ་དམག་དེའི་ནང་མ་གཞི་བོད་ལྗོངས་ཀྱི་དམག་དམངས་རྣམས་དམག་ཤོར་ཡོད། འོན་ཀྱང་ཁོ་ཚོའི་དམག་འཐབ་ཁྲོད་དཔའ་ངར་ཞུམ་མེད་ཀྱི་སྙིང་སྟོབས་དང་། དབྱིན་ཇི་བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་ལ་འགོག་རྒོལ་བྱེད་པའི་ཆོད་སེམས་དེས་བོད་ལྗོངས་ཀྱི་ལོ་རྒྱུས་ཐོག་འོད་སྟོང་འབར་བའི་ལོ་རྒྱུས་ཤིག་བྲིས་ཡོད་པ་དང་། ནམ་ཡང་མི་རྣམས་ཀྱིས་དྲན་གསོ་དང་བརྩི་བཀུར་བྱེད་བཞིན་ཡོད། རྒྱལ་རྩེ་རྫོང་རིའི་སྟེང་ནས་རྒྱལ་རྩེའི་རྣམ་པ་ཡོངས་ལ་རྒྱང་བལྟ་བྱས་ཚེ། སྐབས་དེ་དུས་མེ་སྒྱོགས་དང་མེ་མདའི་སྐད་སྒྲའི་ཁྲོད་རྒྱལ་རྩེའི་དམག་དམངས་ཀྱིས་དབྱིན་དམག་ལ་འགོག་རྒོལ་བྱེད་པའི་རྣམ་པ་དེ་སེམས་ངོས་སུ་འཆར་ཐུབ་ཅིང་། རང་གི་སེམས་ནང་དུ་ཡང་ཁོང་ཁྲོ་དང་སྐྱོ་སྣང་ཞིག་སྐྱེས་ཀྱི་འདུག ༼པོ་ཏ་ལ་དུས་དེབ་ལས་བཤུས།༽
 
རྒྱལ་རྩེ་རྫོང་།
      སྔོན་གྱི་རྒྱལ་རྩེ་རྫོང་། མཚན་གཞན་ལ། ཕོ་བྲང་རྒྱལ་མཁར་རྩེ་ཡང་ཞུ། རྒྱལ་རྩེ་རྫོང་ནི་རྒྱལ་རྩེ་གྲོང་བརྡལ་གྱི་དབུས་སུ་རི་འབྲུག་དབྱིབས་འདྲ་བའི་སྟེང་དུ་ཆགས་པས་ཐག་རིང་ནས་ངོ་མཚར་ཆེ་བར་མཐོང་ཐུབ། རྫོང་དེ་ནི་ཐོག་མར་རྒྱལ་བོ་གླང་དར་གྱི་སྐུ་ཚ་དཔལ་འཁོར་བཙན་གྱིས་སྤྱི་ལོ ༩༦༧ ལོར་བཏབ། ཕག་གྲུས་སྲིད་དབང་བཟུང་སྐབས་རབ་བརྟན་ཀུན་བཟང་འཕགས་ཀྱི་ཡབ་ནང་ཆེན་འཕགས་པ་དཔལ་བཟང་གིས་རྒྱས་སྐྲུན་གནང་། ཕག་གྲུ་སྣེ་གདོང་གི་གོ་གནས་བཟུང་ནས་མུ་མཐུད་མྱང་ཆུའི་དཀྱིལ་སྟོད་ཁུལ་གྱི་སྲིད་དབང་བཟུང་། དགའ་ལྡན་ཕོ་བྲང་དུས་རྫོང་ཆེན་དང་། རྫོང་འབྲིང་། མཐའ་རྫོང་། རྫོང་ཆུང་བཅས་རིགས་ལྔ་ལ་དབྱེར་ཡོད་པས་རྒྱལ་རྩེ་རྫོང་ནི་རྫོང་ཆེན་གྱི་ཁོངས་སུ་གཏོགས་པ་ཡིན། སྔར་རྒྱལ་རྩེ་རྫོང་གི་ཕྱོགས་བཞིར་ལྷ་ཁང་བཞི་ཡོད་པ་ལ་ཤར་གུ་རུའི་ལྷ་ཁང་ནི་བྱང་གཏེར་རྡོ་བྲག་ལུགས་དང་། ལྷོ་རབ་རྒྱས་ཚོགས་ཁང་ལྷོ་གཏེར་སྨིན་སྒྲོལ་གླིང་ལུགས། ནུབ་ལྷ་ཁང་སེར་བོར་འགྲོ་བ་ཀུན་སྒྲོལ་ཕྱག་བཞེས། བྱང་ལ་རྩད་གཞུང་བཀའ་བརྒྱུད་ཕྱག་བཞེད་མཛད་པ་ཡིན། ད་ལྟ་བཞུགས་པ་ཤར་རྫོང་མདུན་གུ་རུའི་ལྷ་ཁང་ནང་སྨན་འདམ་གྱི་གུ་རུ་སྣང་སྲིད་ཟིལ་གནོན་གཙོ་འཁོར་གསུམ་གསར་བཞེངས་དང་། ལྡེབས་རིས་རྙིང་མ་མང་བོ་ཡོད་པ་ནི་ཤར་དུ་ཞི་ཁྲོའི་ལྷ་ཚོགས་དང་། ནུབ་ཏུ་ཨོ་རྒྱན་སྟོང་སྐུ་སོགས་མཇལ་རྒྱུ་ཡོད་ལ་དེ་ཁུལ་གྱི་གྲོང་མི་ཚོས་ཚེས་བཅུ་ཉེར་ལྔ་སོགས་ལྷ་ཁང་དེའི་ནང་གཏོང་གནང་བ་ཡིན།༼བོད་ཀྱི་སློབ་འབྲིང་དྲ་བ་ལས་བཏུས།༽
 
རྒྱལ་རྩེའི་མཁར་རྫོང་།
      མཁར་རྫོང་འདི་ནི་གཞིས་རྩེ་ས་ཁུལ་རྒྱལ་རྩེ་རྫོང་ཁོངས་སུ་ཆགས་ཡོད། དེ་ནི་བོད་རབ་བྱུང་དྲུག་པའི་ཤིང་འབྲུག༼༡༣༦༤༽ལོར་ནང་ཆེན་འཕགས་པ་དཔལ་བཟང་གིས་རྫོང་བཙན་མང་བོ་བརྩིགས་པའི་ནང་གི་གཅིག་ཡིན། འདིར་རྒྱལ་རྩེ་ཆོས་རྒྱལ་རིམ་བྱོན་རྣམས་བཞུགས་མྱོང་བ་དང་། ཕོ་ལྷ་མི་དབང་གིས་ང་ལུམ་སྦྱར་གསུམ་ལ་ཕར་རྒོལ་བྱེད་སྐབས་ཀྱི་རྟེན་གཞི་བྱས་པ། དེ་བཞིན་ཤིང་འབྲུག༼༡༩༠༤༽ལོར་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་དབྱིན་ཇི་བཙན་འཛུལ་དམག་ལ་འགོག་རྒོལ་བྱེད་སྐབས་ཀྱི་གཡུལ་ས་བཅས་བྱས་པའི་རྫོང་བཙན་འདི་ནི་དུས་རབས་ཀྱི་དངོས་དཔང་རྩ་ཆེན་ཞིག་ཡིན། མཁར་ཤུལ་དེ་དག་ནི་རྩིག་ཞེང་ཆེ་ལ་ངོས་འཇམ་པ་སྲ་ཞིང་བརྟན་པ་བཅས་ལ་གཞིགས་ན་བོད་རིགས་མེས་པོ་རྣམས་ནི་ལས་ལ་བརྩོན་ཞིང་མཁར་ལས་ཀྱི་ལག་རྩལ་བྱང་ཆུབ་པ་ཡོད་པ་ར་འཕྲོད། ལོ་རྒྱུས་ཐོག་བོད་རིགས་མི་དམངས་ཀྱི་དཔའ་རྒོད་ཚོས་མཁར་རྫོང་འདིའི་གཡུལ་སའི་ཐོག་དབྱིན་ཇི་བཙན་འཛུལ་བར་རྒོལ་རྡུང་ཚ་ནན་སྤྲད་དེ་ཕ་ཡུལ་སྲུང་སྐྱོང་བྱེད་པའི་དམག་འཐབ་ནང་ཇི་སྲིད་བར་ནུབ་ཐབས་མེད་པའི་བྱས་རྗེས་བཞག་ཡོད། རབ་བྱུང་བཅོ་ལྔ་བའི་ས་བྱི༼༡༨༨༨༽ལོར་ལུང་ཐུ་ལར་དབྱིན་འགོག་དམག་འཁྲུག་བྱུང་ནས་ལོ་བཅོ་ལྔ་སོང་བའི་རྗེས་ཀྱི་ཆུ་ཡོས༼༡༩༠༣༽ལོའི་ལོ་མཇུག་ནས་ཤིང་སྦྲུལ༼༡༩༠༤༽ལོའི་ལོ་སྟོད་དུ་རོང་ཁེ་ཕེང་གིས་དབྱིན་དམག་འབོར་ཆེན་ཁྲིད་ནས་སླར་ཡང་བོད་དུ་བཙན་འཛུལ་བྱེད་འགོ་བཙུགས་ཏེ་ལམ་བར་གྲོ་མོ་དང་། ཕག་རི། ཁང་དམར་སོགས་བོད་ཁོངས་ས་ཆ་མང་བོ་བཟས་ནས་ལོ་དེའི་ཟླ་བཞི་བར་ར་རྒྱལ་རྩེ་གྲོང་བརྡལ་བཟུང་། དབྱིན་ཇི་བཙན་འཛུལ་བ་གར་སླེབས་སར་མི་བསད་ཇག་བཅོམ་གྱི་ལས་ངན་མ་བྱས་པའི་ས་མེད། ལོ་དེའི་ཟླ་ལྔ་པའི་ཚེས་གཅིག་ཉིན་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པས་རྒྱལ་རྩེ་ས་ཁུལ་གྱི་ཁྲལ་རྐང་ལ་གཞིགས་ཏེ་ན་གཞོན་གོ་ཐང་སུམ་སྟོང་སྐོང་སྒྲིག་གིས་མཚོན་ཆ་གོ་སྒྲིག་ཐོག་ཟླ་གཅིག་གི་དམག་རྒྱགས་དང་རྫས་མདེལ་འདོན་སྤྲོད་བྱས་ཏེ་བསྟན་དགྲ་དབྱིན་ཇིའི་བཙན་འཛུལ་འགོག་རྒོལ་བྱ་དགོས་ཞེས་པའི་སྐུལ་ཐམ་ཕེབས་དོན་བཞིན་གཞིས་བྱེས་དམག་དམངས་ཚོས་མདའ་དཔོན་བཀྲས་གླིང་བ་དང་རྔོན་མོ་ལུང་གཉིས་ཀྱི་སྣེ་ཁྲིད་འོག་ཏུ་དུས་ཡུན་ཟླ་གཅིག་ཀྱང་མ་འགོར་བར་རྒྱལ་རྩེ་དགྲ་ལག་ནས་ཚུར་བླངས་པ་དང་། ཕྱོགས་མཚུངས་རང་ཕྱོགས་ཀྱི་འདོན་དམག་དང་ཡུལ་དམག་ཁག་གཅིག་གིས་དབྱིན་དམག་དཔུང་སྒར་ལ་འཇབ་རྒོལ་བྱས་ནས་བཙན་འཛུལ་བ་རྣམས་ཐལ་བའི་རྡུལ་དུ་བརླགས་ཏེ་རོང་ཁེ་ཕེང་ཡང་གསོན་བཟུང་ཐུབ་ལ་ཁད་བྱུང་། ལོ་དེའི་ཟླ་དྲུག་པའི་ནང་རོང་ཁེ་ཕེང་དཔུང་སྣོན་སྐྱབས་ཞུར་གྲོ་མོའི་ས་མཚམས་བར་ངོ་བསྐྱོད་ཀྱིས་ཟླ་བདུན་པའི་ནང་དབྱིན་ཇི་བཙན་འཛུལ་བའི་རྒྱབ་སྣོན་དཔུང་རྒྱལ་རྩེར་འབྱོར་ནས་སླར་ཡང་ཛ་དྲག་ཆེ་བའི་གཡུལ་འགྱེད་བྱེད་འགོ་ཚུགས། བོད་ཀྱི་དམག་དམངས་རྣམས་ཀྱིས་དམག་མཁོའི་དངོས་ཟོག་དབོར་འདྲེན་བྱེད་དཀའ་བ་དང་། དགྲ་དང་རང་ཕྱོགས་དབར་གོ་མཚོན་བཟང་ཞན་གྱི་ཧེ་བག་ཤིན་ཏུ་ཆེ་བ་སོགས་ཀྱི་གནས་བབ་ཧ་ཅང་སྡུག་པོའི་འོག་གཉའ་མ་ཞུམ་པར་སྔར་མུས་བཞིན་དཔའ་ངར་ཆེན་པོས་དགྲ་བོར་སྲོག་དང་བསྡོས་པའི་འགོག་རྒོལ་དྲག་པོ་བྱས་ཏེ་དགྲ་དམག་རྣམས་རྒྱལ་རྩེ་རང་དུ་བཀག་ནས་ལྷ་སའི་ཕྱོགས་སུ་གོམ་པ་གང་ཡང་བཏང་མེད། ཉིན་ཞག་དབྱིན་དམག་གིས་དྲག་ཤུགས་ཡོད་རྒུ་སྤྱད་ནས་རྫོང་རྩེར་མེ་སྒྱོགས་སེར་དྲག་བབས་པ་ལྟར་འཕངས་ནས་འུར་མཆོངས་བྱེད་རྩིས་བྱས་ཀྱང་རྒྱལ་རྩེ་དཔལ་ཆོས་དགོན་དང་། རྩེ་ཆེན་དགོན་སོ་སོ་ནས་དབྱིན་དམག་ལ་རྒོལ་རྡུང་ཚ་ནན་སྤྲད་སྟབས་བཙན་འཛུལ་བ་རྣམས་རྫོང་འགྲམ་དུ་བཅར་ཐབས་མ་རྙེད། འོན་ཀྱང་སྟབས་མི་ལེགས་པ་ཞིག་ལ་བོད་དམག་ཅིག་རྫས་ཁང་དུ་རྫས་མདེལ་ལེན་པར་སྐྱོད་སྐབས་གཟབ་ནན་མ་བྱུང་བའི་སྟབས་ཀྱིས་མེ་ཡོད་པའི་སྦི་སྡི་རྫས་མདེལ་གྱི་ཁྲོད་དུ་ལྷུང་ནས་རྫས་ཁང་འབར་གས་སོང་བས་དགྲ་བོས་གོ་སྐབས་དེ་དང་བསྟུན་ནས་རྫོང་རྩེར་ཚུར་རྒོལ་དྲག་པོ་བྱས་ཤིང་། ཁོ་ཚོས་རྫོང་གི་ཕྱོགས་གསུམ་ནས་བསྐོར་ཏེ་ཤི་འཐབ་རོ་འཐབ་ཀྱིས་རྫོང་རྩེར་འཛེགས། རྫོང་སྲུང་བོད་དམག་རྣམས་རྫས་མདེལ་ཟད་ཁར། འཐུང་ཆུ་ཡང་ཆད་པའི་དཀའ་ངལ་དང་ཉེན་ཁ་ཤིན་ཏུ་ཆེ་བ་བྱུང་ཡང་ཁོ་ཚོས་རྡོ་དང་། དབྱུག་པ། འུར་རྡོ་སོགས་ལ་བརྟེན་ནས་མུ་མཐུད་འགོག་རྒོལ་བྱས་ཏེ་རང་དམག་ཁག་གཅིག་དགྲ་བོའི་བསྐོར་རྒྱ་ལས་ཐར་ཏེ་དཔལ་ཆོས་དགོན་དུ་ཐོན། དེ་བྱིངས་བོད་དམག་རྣམས་རྫོང་སྟེང་དུ་དགྲ་བོ་དང་དམར་འཛིང་དྲག་པོ་བྱས་ནས་མཐར་མང་སྣེ་ཉུང་གིས་མི་བརྟེན་པའི་དུས་སུ་རང་ལུག་ཤ་ཁྲག་གི་གྲིབ་མ་ཙམ་ཡང་དགྲ་ལག་ཏུ་མ་བསྐུར་བར་རྫོང་རྩེའི་གཡང་ས་ནས་མཆོངས་ཏེ་ཕ་ཡུལ་སྲུང་སྐྱོབ་བྱ་བའི་ཆེད་དུ་མི་ལུས་རིན་ཆེན་ལེགས་སྐྱེས་སུ་བཤམས་སོ། །ཤོད་རྒྱུན་ལྟར་ན་སྔར་གྱི་རྫོང་བཙན་དེ་ནི་སྟར་བ་རེ་ལ་མཁར་བཅུ་སྐོར་ཡོད་པ་དང་། མཁར་གྱི་མཐོ་ཚད་ལ་ཐོག་བརྩེགས་གསུམ་ཙམ་ཡོད་སྐད་ཀྱང་། དེ་དག་ཚང་མ་དམག་འཁྲུག་ནང་བཙན་འཛུལ་བས་གཏོར་བརླགས་བཏང་བས་ད་ཡོད་ཀྱི་མཁར་ཤུལ་གྱང་རོའི་ཐོག་ནས་དབྱིན་ཇི་བཙན་འཛུལ་བའི་སྡིག་ཉེས་ར་སྤྲོད་ཐུབ་རྒྱུ་ཡོད་ལ། ཕོ་བྲང་རྒྱལ་མཁར་རྩེའི་ས་ས་རྡོག་གཅིག་དང་། རྡོ་རྡོ་རྡོག་རེའི་ཐོག་ནས་བོད་རིགས་དམག་དམངས་ཚོའི་ཞུམ་པ་མེད་པའི་དཔའ་སྟོབས་དང་། བཙན་རྒོལ་རྒྱལ་གཅེས་ཀྱི་བླ་ན་མེད་པའི་སྙིང་སྟོབས་བཅས་མཚོན་རྒྱུ་ཡོད། ད་ཆ་ཕོ་བྲང་རྒྱལ་མཁར་རྩེ་འདིའི་བཞིན་དཔལ་ཉམས་གསོ་ལེགས་པར་ཟིན་ནས་མི་རིགས་ཁག་གི་མི་དམངས་རྣམས་ལ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་གཏོང་བའི་གནས་སུ་འཛིན་པ་མ་ཟད། རྒྱལ་ཁབ་ཕྱི་ནང་གི་གནས་སྐོར་བ་རྣམས་ཡུལ་སྐོར་སྤྲོ་འཆམ་བྱ་ཡུལ་གྱི་གནས་ཆེན་ཞིག་ཀྱང་ཡིན། ༼དུང་དཀར་ཚིག་མཛོད་ལས་བཏུས།༽
 
རྒྱལ་མཁར་རྩེ། 
      མཁར་རྫོང་འདི་ནི་གཞིས་རྩེ་ས་ཁུལ་རྒྱལ་རྩེ་རྫོང་ཁོངས་སུ་ཆགས་ཡོད། དེ་ནི་བོད་རབ་བྱུང་དྲུག་པའི་ཤིང་འབྲུག༼༡༣༦༤༽ལོར་ནང་ཆེན་འཕགས་པ་དཔལ་བཟང་གིས་རྫོང་བཙན་མང་བོ་བརྩིགས་པའི་ནང་གི་གཅིག་ཡིན། འདིར་རྒྱལ་རྩེ་ཆོས་རྒྱལ་རིམ་བྱོན་རྣམས་བཞུགས་མྱོང་བ་དང་། ཕོ་ལྷ་མི་དབང་གིས་ང་ལུམ་སྦྱར་གསུམ་ལ་ཕར་རྒོལ་བྱེད་སྐབས་ཀྱི་རྟེན་གཞི་བྱས་པ། དེ་བཞིན་ཤིང་འབྲུག༼༡༩༠༤༽ལོར་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་དབྱིན་ཇི་བཙན་འཛུལ་དམག་ལ་འགོག་རྒོལ་བྱེད་སྐབས་ཀྱི་གཡུལ་ས་བཅས་བྱས་པའི་རྫོང་བཙན་འདི་ནི་དུས་རབས་ཀྱི་དངོས་དཔང་རྩ་ཆེན་ཞིག་ཡིན། མཁར་ཤུལ་དེ་དག་ནི་རྩིག་ཞེང་ཆེ་ལ་ངོས་འཇམ་པ་སྲ་ཞིང་བརྟན་པ་བཅས་ལ་གཞིགས་ན་བོད་རིགས་མེས་པོ་རྣམས་ནི་ལས་ལ་བརྩོན་ཞིང་མཁར་ལས་ཀྱི་ལག་རྩལ་བྱང་ཆུབ་པ་ཡོད་པ་ར་འཕྲོད། ལོ་རྒྱུས་ཐོག་བོད་རིགས་མི་དམངས་ཀྱི་དཔའ་རྒོད་ཚོས་མཁར་རྫོང་འདིའི་གཡུལ་སའི་ཐོག་དབྱིན་ཇི་བཙན་འཛུལ་བར་རྒོལ་རྡུང་ཚ་ནན་སྤྲད་དེ་ཕ་ཡུལ་སྲུང་སྐྱོང་བྱེད་པའི་དམག་འཐབ་ནང་ཇི་སྲིད་བར་ནུབ་ཐབས་མེད་པའི་བྱས་རྗེས་བཞག་ཡོད། རབ་བྱུང་བཅོ་ལྔ་བའི་ས་བྱི༼༡༨༨༨༽ལོར་ལུང་ཐུ་ལར་དབྱིན་འགོག་དམག་འཁྲུག་བྱུང་ནས་ལོ་བཅོ་ལྔ་སོང་བའི་རྗེས་ཀྱི་ཆུ་ཡོས༼༡༩༠༣༽ལོའི་ལོ་མཇུག་ནས་ཤིང་སྦྲུལ༼༡༩༠༤༽ལོའི་ལོ་སྟོད་དུ་རོང་ཁེ་ཕེང་གིས་དབྱིན་དམག་འབོར་ཆེན་ཁྲིད་ནས་སླར་ཡང་བོད་དུ་བཙན་འཛུལ་བྱེད་འགོ་བཙུགས་ཏེ་ལམ་བར་གྲོ་མོ་དང་། ཕག་རི། ཁང་དམར་སོགས་བོད་ཁོངས་ས་ཆ་མང་བོ་བཟུང་ནས་ལོ་དེའི་ཟླ་བཞི་བར་རྒྱལ་རྩེ་གྲོང་བརྡལ་བཟུང་། དབྱིན་ཇི་བཙན་འཛུལ་བ་གར་སླེབས་སར་མི་བསད་ཇག་བཅོམ་གྱི་ལས་ངན་མ་བྱས་པའི་ས་མེད། ལོ་དེའི་ཟླ་ལྔ་བའི་ཚེས་གཅིག་ཉིན་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པས་རྒྱལ་རྩེ་ས་ཁུལ་གྱི་ཁྲལ་རྐང་ལ་གཞིགས་ཏེ་ན་གཞོན་གོ་ཐང་སུམ་སྟོང་སྐོང་སྒྲིག་གིས་མཚོན་ཆ་གོ་སྒྲིག་ཐོག་ཟླ་གཅིག་གི་དམག་རྒྱགས་དང་རྫས་མདེལ་འདོན་སྤྲོད་བྱས་ཏེ་བསྟན་དགྲ་དབྱིན་ཇིའི་བཙན་འཛུལ་འགོག་རྒོལ་བྱ་དགོས་ཞེས་པའི་སྐུལ་ཐམ་ཕེབས་དོན་བཞིན་གཞིས་བྱེས་དམག་དམངས་ཚོས་མདའ་དཔོན་བཀྲིས་གླིང་བ་དང་རྔོན་མོ་ལུང་གཉིས་ཀྱི་སྣེ་ཁྲིད་འོག་ཏུ་དུས་ཡུན་ཟླ་གཅིག་ཀྱང་མ་འགོར་བར་རྒྱལ་རྩེ་དགྲ་ལག་ནས་ཚུར་བླངས་པ་དང་། ཕྱོགས་མཚུངས་རང་ཕྱོགས་ཀྱི་འདོན་དམག་དང་ཡུལ་དམག་ཁག་གཅིག་གིས་དབྱིན་དམག་དཔུང་སྒར་ལ་འཇབ་རྒོལ་བྱས་ནས་བཙན་འཛུལ་པ་རྣམས་ཐལ་བའི་རྡུལ་དུ་བརླགས་ཏེ་རོང་ཁེ་ཕེང་ཡང་གསོན་བཟུང་ཐུབ་ལ་ཁད་བྱུང་། ལོ་དེའི་ཟླ་དྲུག་པའི་ནང་རོང་ཁེ་ཕེང་དཔུང་སྣོན་སྐྱབས་ཞུར་གྲོ་མོའི་ས་མཚམས་བར་ངོ་བསྐྱོད་ཀྱིས་ཟླ་བདུན་པའི་ནང་དབྱིན་ཇི་བཙན་འཛུལ་པའི་རྒྱབ་སྣོན་དཔུང་རྒྱལ་རྩེར་འབྱོར་ནས་སླར་ཡང་ཛ་དྲག་ཆེ་བའི་གཡུལ་འགྱེད་བྱེད་འགོ་ཚུགས། བོད་ཀྱི་དམག་དམངས་རྣམས་ཀྱིས་དམག་མཁོའི་དངོས་ཟོག་དབོར་འདྲེན་བྱེད་དཀའ་བ་དང་། དགྲ་དང་རང་ཕྱོགས་དབར་གོ་མཚོན་བཟང་ཞན་གྱི་ཧེ་བག་ཤིན་ཏུ་ཆེ་བ་སོགས་ཀྱི་གནས་བབ་ཧ་ཅང་སྡུག་པོའི་འོག་གཉའ་མ་ཞུམ་པར་སྔར་མུས་བཞིན་དཔའ་ངར་ཆེན་པོས་དགྲ་བོར་སྲོག་དང་བསྡོས་པའི་འགོག་རྒོལ་དྲག་པོ་བྱས་ཏེ་དགྲ་དམག་རྣམས་རྒྱལ་རྩེ་རང་དུ་བཀག་ནས་ལྷ་སའི་ཕྱོགས་སུ་གོམ་པ་གང་ཡང་བཏང་མེད། ཉིན་ཞག་དབྱིན་དམག་གིས་དྲག་ཤུགས་ཡོད་རྒུ་སྤྱད་ནས་རྫོང་རྩེར་མེ་སྒྱོགས་སེར་དྲག་བབས་པ་ལྟར་འཕངས་ནས་འུར་མཆོངས་བྱེད་རྩིས་བྱས་ཀྱང་རྒྱལ་རྩེ་དཔལ་ཆོས་དགོན་དང་། རྩེ་ཆེན་དགོན་སོ་སོ་ནས་དབྱིན་དམག་ལ་རྒོལ་རྡུང་ཚ་ནན་སྤྲད་སྟབས་བཙན་འཛུལ་བ་རྣམས་རྫོང་འགྲམ་དུ་བཅར་ཐབས་མ་རྙེད། འོན་ཀྱང་སྟབས་མི་ལེགས་པ་ཞིག་ལ་བོད་དམག་ཅིག་རྫས་ཁང་དུ་རྫས་མདེལ་ལེན་པར་སྐྱོད་སྐབས་གཟབ་ནན་མ་བྱུང་བའི་སྟབས་ཀྱིས་མེ་ཡོད་པའི་སྦི་སྡི་རྫས་མདེལ་གྱི་ཁྲོད་དུ་ལྷུང་ནས་རྫས་ཁང་འབར་གས་སོང་བས་དགྲ་བོས་གོ་སྐབས་དེ་དང་བསྟུན་ནས་རྫོང་རྩེར་ཚུར་རྒོལ་དྲག་པོ་བྱས་ཤིང་། ཁོ་ཚོས་རྫོང་གི་ཕྱོགས་གསུམ་ནས་བསྐོར་ཏེ་ཤི་འཐབ་རོ་འཐབ་ཀྱིས་རྫོང་རྩེར་འཛེགས། རྫོང་སྲུང་བོད་དམག་རྣམས་རྫས་མདེལ་ཟད་ཁར། འཐུང་ཆུ་ཡང་ཆད་པའི་དཀའ་ངལ་དང་ཉེན་ཁ་ཤིན་ཏུ་ཆེ་བ་བྱུང་ཡང་ཁོ་ཚོས་རྡོ་དང་། དབྱུག་པ། འུར་རྡོ་སོགས་ལ་བརྟེན་ནས་མུ་མཐུད་འགོག་རྒོལ་བྱས་ཏེ་རང་དམག་ཁག་གཅིག་དགྲ་བོའི་བསྐོར་རྒྱ་ལས་ཐར་ཏེ་དཔལ་ཆོས་དགོན་དུ་ཐོན། དེ་བྱིངས་བོད་དམག་རྣམས་རྫོང་སྟེང་དུ་དགྲ་བོ་དང་དམར་འཛིང་དྲག་པོ་བྱས་ནས་མཐར་མང་སྣེ་ཉུང་གིས་མི་བརྟན་པའི་དུས་སུ་རང་ལུག་ཤ་ཁྲག་གི་གྲིབ་མ་ཙམ་ཡང་དགྲ་ལག་ཏུ་མ་བསྐུར་བར་རྫོང་རྩེའི་གཡང་ས་ནས་མཆོངས་ཏེ་ཕ་ཡུལ་སྲུང་སྐྱོབ་བྱེད་པའི་ཆེད་དུ་མི་ལུས་རིན་ཆེན་ལེགས་སྐྱེས་སུ་བཤམས་སོ། །ཤོད་རྒྱུན་ལྟར་ན་སྔར་གྱི་རྫོང་བཙན་དེ་ནི་སྟར་པ་རེ་ལ་མཁར་བཅུ་སྐོར་ཡོད་པ་དང་། མཁར་གྱི་མཐོ་ཚད་ལ་ཐོག་བརྩེགས་གསུམ་ཙམ་ཡོད་སྐད་ཀྱང་། དེ་དག་ཚང་མ་དམག་འཁྲུག་ནང་བཙན་འཛུལ་པས་གཏོར་བརླགས་བཏང་བས་ད་ཡོད་ཀྱི་མཁར་ཤུལ་གྱང་རོའི་ཐོག་ནས་དབྱིན་ཇི་བཙན་འཛུལ་པའི་སྡིག་ཉེས་ར་སྤྲོད་ཐུབ་རྒྱུ་ཡོད་ལ། ཕོ་བྲང་རྒྱལ་མཁར་རྩེའི་ས་ས་རྡོག་གཅིག་དང་། རྡོ་རྡོ་རྡོག་རེའི་ཐོག་ནས་བོད་རིགས་དམག་དམངས་ཚོའི་ཞུམ་པ་མེད་པའི་དཔའ་སྟོབས་དང་། བཙན་རྒོལ་རྒྱལ་གཅེས་ཀྱི་བླ་ན་མེད་པའི་སྙིང་སྟོབས་བཅས་མཚོན་རྒྱུ་ཡོད། ད་ཆ་ཕོ་བྲང་རྒྱལ་མཁར་རྩེ་འདིའི་བཞིན་དཔལ་ཉམས་གསོ་ལེགས་པར་ཟིན་ནས་མི་རིགས་ཁག་གི་མི་དམངས་རྣམས་ལ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་གཏོང་བའི་གནས་སུ་འཛིན་པ་མ་ཟད། རྒྱལ་ཁབ་ཕྱི་ནང་གི་གནས་སྐོར་བ་རྣམས་ཡུལ་སྐོར་སྤྲོ་འཆམ་བྱེད་ཡུལ་གྱི་གནས་ཆེན་ཞིག་ཀྱང་ཡིན།


སྔོན་གྱི་རྒྱལ་རྩེ་རྫོང་། 
      མཚན་གཞན་ལ། ཕོ་བྲང་རྒྱལ་མཁར་རྩེ་ཡང་ཞུ། རྒྱལ་རྩེ་རྫོང་ནི་རྒྱལ་རྩེ་གྲོང་བརྡལ་གྱི་དབུས་སུ་རི་འབྲུག་དབྱིབས་འདྲ་བའི་སྟེང་དུ་ཆགས་པས་ཐག་རིང་ནས་ངོ་མཚར་ཆེ་བར་མཐོང་ཐུབ། རྫོང་དེ་ནི་ཐོག་མར་རྒྱལ་བོ་གླང་དར་གྱི་སྐུ་ཚ་དཔལ་འཁོར་བཙན་གྱིས་སྤྱི་ལོ ༩༦༧ ལོར་བཏབ། ཕག་གྲུས་སྲིད་དབང་འཛིན་སྐབས་རབ་བརྟན་ཀུན་བཟང་འཕགས་ཀྱི་ཡབ་ནང་ཆེན་འཕགས་པ་དཔལ་བཟང་གིས་རྒྱས་སྐྲུན་གནང་། ཕག་གྲུ་སྣེ་གདོང་གི་གོ་གནས་བཟུང་ནས་མུ་མཐུད་མྱང་ཆུའི་དཀྱིལ་སྟོད་ཁུལ་གྱི་སྲིད་དབང་བཟུང་། དགའ་ལྡན་ཕོ་བྲང་དུས་རྫོང་ཆེན་དང་། རྫོང་འབྲིང་། མཐའ་རྫོང་། རྫོང་ཆུང་བཅས་རིགས་ལྔ་ལ་དབྱེར་ཡོད་པས་རྒྱལ་རྩེ་རྫོང་ནི་རྫོང་ཆེན་གྱི་ཁོངས་སུ་གཏོགས་པ་ཡིན།
      སྔར་རྒྱལ་རྩེ་རྫོང་གི་ཕྱོགས་བཞིར་ལྷ་ཁང་བཞི་ཡོད་པ་ལ་ཤར་གུ་རུ་ལྷ་ཁང་གི་ཁྱབ་གཏེར་རྡོ་བྲག་ལུགས་དང་། ལྷོ་རབ་རྒྱས་ཚོགས་ཁང་ལྷོ་གཏེར་སྨིན་སྒྲོལ་གླིང་ལུགས། ནུབ་ལྷ་ཁང་སེར་བོར་འགྲོ་བ་ཀུན་སྒྲོལ་ཕྱག་བཞེས། བྱང་ལ་རྩད་གཞུང་བཀའ་བརྒྱུད་ཕྱག་བཞེད་མཛད་པ་ཡིན། ད་ལྟ་བཞུགས་པ་ཤར་རྫོང་མདུན་གུ་རུ་ལྷ་ཁང་ནང་སྨན་འདམ་གྱི་གུ་རུ་སྣང་སྲིད་ཟིལ་གནོན་གཙོ་འཁོར་གསུམ་གསར་བཞེངས་དང་། ལྡེབས་རིས་རྙིང་མ་མང་བོ་ཡོད་པ་ནི་ཤར་དུ་ཞི་ཁྲོའི་ལྷ་ཚོགས་དང་། ནུབ་ཏུ་ཨོ་རྒྱན་སྟོང་སྐུ་སོགས་མཇལ་རྒྱུ་ཡོད་ལ་དེ་ཁུལ་གྱི་གྲོང་མི་ཚོས་ཚེས་བཅུ་ཉེར་ལྔ་སོགས་ལྷ་ཁང་དེའི་ནང་གཏོང་གནང་བ་ཡིན།༼གངས་ཅན་བོད་ཀྱི་གནས་བཤད་ལམ་ཡིག་གསར་མ་ལས་བཏུས།༽