མི་ལ་རས་པ།
དྲ་ཚིགས་དོ་དམ་པས།
འབྱུང་ཁུངས། སྤེལ་མཁན། སྤེལ་དུས།2016-10-21
ངོ་སྤྲོད་གནད་བསྡུས།

      རྗེ་བཙུན་མི་ལ་རས་པ་ནི་རབ་བྱུང་དང་བོའི་ལྕགས་འབྲུག་ལོ་སྟེ་སྤྱི་ལོ ༡༠༤༠ ལོར་ལ་སྟོད་གུང་ཐང་སྐྱ་རྔ་རྩ་རུ་སྐུ་འཁྲུངས། ཕ་ཡབ་ཀྱི་མིང་ལ་ཤེས་རབ་རྒྱལ་མཚན་དང་། མ་ཡུམ་གྱི་མིང་ལ་མྱང་ཚ་དཀར་རྒྱན་ཟེར།  ཡབ་ཀྱིས་བུ་སྐྱེས་པ་ཐོས་པས་སེམས་རབ་ཏུ་དགའ་བས་སྐྱེས་མིང་ལ་ཐོས་པ་དགའ་ཞེས་ཡབ་རང་གིས་བཏགས།  ཆུང་ངུའི་དུས་སུ་ཡབ་སྙུན་གཞི་དྲགས་པོ་ཐེབས་ནས་སྐུ་གཤེགས། འདའ་ཁར་ཁོང་གི་ནོར་རྫས་བུ་སྨད་ཚང་མ་བུས་གཉེན་སོ་ཟིན་གྱི་བར་ཨ་ཁུ་ཨ་ནེའི་གཙོས་ཕ་ཚན་རྣམས་ལ་བཅོལ་བཏམས་བྱས་ནས་འདས།  རྗེས་སུ་ཨ་ཁུ་དང་ཨ་ནེས་རྒྱུ་ནོར་བདག་བཟུང་བྱས་པས་མི་ཚད་ཁོང་མ་བུ་དག་ལ་གཡོག་བྱེད་དུ་བཅུག ཟས་ངན་ངོན་ཙམ་ལས་མ་བྱིན་པར་སྡུག་ཚད་ལས་འདས་པ་གཏད། མ་ཡིས་ངན་ལན་བསློག་པར་ནན་གྱིས་བུ་མཐུ་བསླབ་པར་བཏང་། བུ་ཡིས་ཨ་མའི་དམ་ཚིག་ཞེ་ལ་བཅགས་ཏེ་མཐུ་བསླབས་པས་གྲུབ་རྟགས་མངོན་དུ་གྱུར་ནས་དགྲ་ལ་མཐུ་བཏང་བས་མི་སུམ་ཅུ་ལྷག་བསད། སླད་ནས་རང་སྡིག་བྱས་པར་འགྱོད་ཆེན་གྱིས་གདུང་ཏེ་ཟས་བརྗེད་གཉིད་བཅག་གིས་ཆོས་དང་བླ་མ་བཙལ། ཕྱིས་སུ་རང་གི་ཚེ་རབས་ལས་ཀྱིས་འབྲེལ་བའི་བླ་མ་སྒྲ་སྦྱོར་མར་བ་ལོ་ཙཱ་དང་མཇལ་ནས་ལུས་ངག་ཡིད་གསུམ་ཕུལ་ལྟོ་གོས་ཆོས་གསུམ་ཞུས། དེའི་བར་དུ་ཆོས་ལ་སློབ་སྦྱོང་བྱས་ཡོད་པའང་ཏན་ཏན་ཡིན་ངེས་རེད། བླ་མའི་བཀའ་ལྟར་ལོ་དྲུག་ལྷག་ལ་བཀའ་བ་ཚད་མེད་པ་དང་ཡིད་ཆད་བདུན་གྱིས་སྒྲིབ་པ་སྦྱངས་ཏེ་ཆོས་ཀྱི་སྣོད་རུང་དུ་གྱུར། དེ་ནས་བླ་མས་གདམས་པ་རྣམས་ལྷག་ལུས་མེད་པར་བསྩལ་ནས་སྒྲུབ་པ་ཉམས་ལེན་བྱེད་དུ་བཅུག དེ་ནས་རང་ཡུལ་ཕྱོགས་སུ་ཕེབས་ཏེ་ཡུནརིང་ལ་དཀའ་སྤྱོད་སྙིང་རུས་དྲགས་པོས་སྒྲུབ་པ་བྱས་པས་མཐར་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་སོ། ། ཁོང་གིས་སྒྲུབ་བརྒྱུད་བསྟན་པའི་སྲོལ་བཙུགས། བུ་སློབ་རས་པ་མང་དུ་བསྐྱངས། ཞལ་གདམས་ཉམས་མགུར་མང་བོ་བརྩམས་སོ། །




མི་ལ་ཐོས་པ་དགའ།
     ཁོང༼༡༠༤༠--༡༡༢༣༽ནི་མར་བའི་སློབ་མ་ཀ་ཆེན་བཞིའི་ཡ་གྱལ་བྱང་གི་ཀ་ཆེན་ཡིན། ཡབ་མི་ལ་ཤེས་རབ་རྒྱལ་མཚན་དང་ཡུམ་མྱང་ཚ་དཀར་རྒྱན་གཉིས་ཀྱི་སྲས་སུ་མང་ཡུལ་གུང་ཐང་གི་སྐྱ་རྔ་རྩ་རུ་སྐུ་འཁྲུངས། སྐུ་ཆུང་ངུའི་སྐབས་མཚན་ལ་ཐོས་པ་དགའ་ཞེས་འབོད། ཁོང་སྐུ་བལྟམས་ནས་ཡུན་རིང་མ་སོང་བར་ཡབ་སྐུ་གཤེགས་པས་ཨ་ཁུ་དང་ཨ་ནེས་སྡུག་པོ་ཚད་མེད་བཏང་། དེ་རྗེས་ཡུམ་གྱི་བཀའ་བཞིན་མཐུ་བསླབས་ནས་འཁོན་གླན་པར་མི་རྟ ༣༥ བསད། སླད་ནས་སྡིག་པ་ལ་འགྱོད་དེ་ཆོས་བྱ་བར ༡༠༧༨ ལོར་ལྷོ་བྲག་ཏུ་ཕེབས་ཏེ་མར་བ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས་དང་མཇལ། མར་བས་མི་ལར་ཞིང་འདི་རྐོས་ཤིག་གསུངས་པ་ལྟར་བཀའ་ཐོག་མ་བསྒྲུབས། སྐྱེམས་ཆང་གནང་བ་གཙང་མར་བཞེས་པས་གདམས་ངག་གི་སྣོད་དུ་དགོངས་ནས་རྗེས་སུ་བཟུང་། སྡིག་སྒྲིབ་སྦྱོང་བའི་སླད་དུ་སྐུ་མཁར་ཟླུམ་པོ། སོག་ཀ ཟླ་གམ། གྲུ་གསུམ་རྣམས་རྩིག་ཏུ་བཅུག་པས་སླར་ཡང་བཤིག མཐར་སྲས་མཁར་དགུ་ཐོག་ཅེས་སུ་གྲགས་པ་གྲུ་བཞི་དགུ་ཐོག་རྩེ་མོ་རིན་པོ་ཆེ་འབར་བ་ལྟ་བུ་རྩིགས་གསུངས་ནས་མདོ་ཁྱམས་དབུ་རྩེ་དང་བཅས་པ་བརྩིགས་པར་མཛད། གཞན་ཡང་དབང་གྲལ་ནས་ལན་མང་བཏོན་པ་སོགས་ཡིད་ཆད་ཆེན་པོ་བདུན་གྱིས་སྒྲིབ་པ་སྦྱངས་ཏེ། བླ་མ་མར་བའི་དྲུང་དུ་ལོ་དྲུག་ཟླ་བ་བརྒྱད་ཙམ་བཞུགས་ནས་དཀའ་བ་ཚད་མེད་སྤྱད་མཐར་དབང་དང་གདམས་ངག་རྫོགས་པར་བཞེས། ལྷ་དང་བླ་མས་ཁོང་གི་གསང་བའི་དབང་དང་གདམངས་ངག་རྫོགས་པར་བཞེས། ལྷ་དང་བླ་མས་ཁོང་གི་གསང་བའི་མཚན་ལ་བཞད་པའི་རྡོ་རྗེ་ཞེས་བཏགས་པར་གྲགས། བླ་མའི་སྐུ་མདུན་ནས་ཞལ་བྲལ་ཁར་བླ་མས། ཁྱོད་ལ་བྱིན་དང་གཞན་ལ་བྱིན། །གལ་ཏེ་སྲང་ལ་བཅལ་ཡོད་ན། །སུམ་འགྱུར་བས་ཀྱང་མི་ལྷག་རི། །ཞེས་འཁོད་པའི་ཤོག་དྲིལ་ཐམ་ག་བརྒྱབ་པ་ཞིག་གནང་སྟེ་སྡུག་ཐུག་པའི་དུས་འདིར་ལྟོས། དེ་བར་མ་བལྟ་གསུངས་ནས་མར་བའི་བསྟན་པ་ཡོངས་རྫོགས་ཁོང་ལ་གཏད། ཆོས་ལ་ཞེས་པའི་བར་སྐྱེལ་ཐུང་མཛད་དེ་སྤྱི་བོར་ཕྱག་བཞག་ནས་སྨོན་ལམ་དང་གནས། རྒྱུད་འཛིན་ལ་སོགས་པའི་མ་འོངས་ལུང་བསྟན་དུ་མ་མཛད། དགུང་ལོ་ཞེ་ལྔ་བ ༡༠༨༤ ལོར་སྟོད་ཕྱོགས་སྐྱིད་གྲོང་དང་གཉའ་ནང་ཁུལ་དུ་ཕེབས་ཤིང་སྒྲུབ་པའི་དམ་བཅའ་མཛད་དེ། ལོ་དགུའི་རིང་ན་བཟའ་རས་རྐྱང་དང་ཟས་ཟ་ཚོད་ཙམ་ལ་བརྟེན་པ་སོགས་དཀའ་སྤྱད་དྲག་པོས་བསྒོམས་པས་སྐུ་ཚེ་དེ་ཉིད་ལ་མཆོག་གི་དངོས་གྲུབ་ཐོབ། དེ་ནས་ཕྱོགས་གཞན་དུ་ཕེབས་ནས་སྣོད་དུ་རུང་བའི་སློབ་མ་རྣམས་ལ་གསང་སྔགས་ཀྱི་གདམས་ང་ཅི་རིགས་གནང་བ་སོགས་སྙན་པའི་གྲགས་པ་ས་ཕྱོགས་ཀུན་ཏུ་ཁྱབ། སྒྲུབ་བརྒྱུད་ཀྱི་བསྟན་པའི་སྲོལ་བཙུགས། ཉམས་མགུར་མང་དུ་བརྩམས་གཤིས་རྗེས་རབས་པས༼རྗེ་བཙུན་མི་ལ་རས་པའི་རྣམ་ཐར་རྒྱས་པར་ཕྱེ་བ་མགུར་འབུམ༽ཞེས་བྱ་བར་བསྒྲིགས། མཐར་བསྟན་པ་ཡོངས་རྫོགས་མཉམ་མེད་དྭགས་པོ་ལ་གཏད། ཐུགས་ཀྱི་སྲས་མཆོག་ལ་ད་དུང་རས་ཆུང་བ། འབྲི་སྒོམ་རས་པ། སེ་བན་རས་པ། རས་པ་ཞི་བ་འོད། ཁྱི་ར་རས་པ། ངན་རྫོང་རས་པ། བདེ་བ་སྐྱོང་། ར་རྫི་རས་པ་སྟེ་རས་པ་མཆེད་བརྒྱད་དང་། སྟོན་པ་དྲུག རས་མ་བཅུ་གཉིས། གྲུབ་ཐོབ་མ་དྲུག་སོགས་བགྲང་གིས་མི་ལང་བ་བྱུང་། རྣམ་ཐར་ལོ་རྒྱུས་རྒྱས་པ་གཙང་སྨྱོན་ཧེ་རུ་ཀ་སངས་རྒྱས་རྒྱལ་མཚན་གྱིས ༡༤༩༥ ལོར་བརྩམས་པའི༼རྗེ་བཙུན་མི་ལ་རས་པའི་རྣམ་ཐར༽དང་། རྟ་ཚག་པ་ཚེ་དབང་རྒྱལ་གྱིས ༡༤༤༧ ལོར་བརྩམས་པའི༼ལྷོ་རོང་ཆོས་འབྱུང་ཐུབ་བསྟན་གསལ་བྱེད༽དུ་གསལ།  ༼བོད་སྤྱི་བཤད་ལས་བཏུས།༽
     
ཨ་བོ་མཐུ་ཆེན།
    རྗེ་བཙུན་མི་ལ་རས་པ་ཁོང་རབ་བྱུང་དང་བོའི་ལྕགས་འབྲུག༼སྤྱི་ལོ༡༠༤༠༽ལོར་ཡབ་མི་ལ་ཤེས་རབ་རྒྱལ་མཚན་དང་ཡུམ་མྱང་ཚ་དཀར་རྒྱན་གཉིས་ཀྱི་སྲས་སུ་མང་ཡུལ་གུང་ཐང་སྐྱ་རྔ་རྩ་རུ་སྐུ་འཁྲུངས་ཤིང་ཆུང་དུས་ནས་ཡབ་གཤེགས་ཏེ་སྡུག་མང་བོ་མྱངས། དེ་རྗེས་མཐུ་བསླབས་ནས་འཁོན་ལན་བསློག་ཆེད་མི་རྟ་མང་བོ་བསད། མཇུག་ཏུ་སྡིག་པ་ལ་འགྱོད་བཤགས་བྱ་ཆེད་ས་རྟ༼སྤྱི་ལོ༡༠༧༨༽ལོར་ལྷོ་བྲག་ཏུ་ཕེབས་ཏེ་མར་བ་ལོ་ཙྰ་བ་ཆོས་ཀྱི་བློ་གྲོས་དང་མཇལ། དེར་ལོ་དྲུག་ཟླ་བརྒྱད་ཙམ་བཞུགས་ཏེ་བླ་མ་དེ་ལས་དབང་དང་མན་ངག་རྫོགས་པར་བླངས། དགུང་ལོ་ཞེ་ལྔ་བ་ཤིང་བྱ༼སྤྱི་ལོ༡༠༨༤༽ལོར་སྟོད་ཕྱོགས་སྐྱིད་གྲོང་དང་གཉའ་ནང་དུ་ཕེབས་ཤིང་སྒྲུབ་པའི་དམ་བཅའ་མཛད་དེ་ལོ་དགུའི་རིང་དཀའ་སྤྱད་དྲག་པོས་བསྒོམས་པས་མཆོག་གི་དངོས་གྲུབ་ཐོབ། དེ་ནས་ས་ཕྱོགས་གཞན་དུ་འབྱོན་བཞུད་མཛད་དེ་སྣོད་དུ་རུང་བའི་སློབ་མ་རྣམས་ལ་གསང་སྔགས་ཀྱི་གདམས་པ་ཅི་རིགས་གནང་། རས་ཆུང་བ་དང་དྭགས་པོ་ལྷ་རྗེ་སོགས་སློབ་མ་གྲགས་ཅན་མང་བོ་བྱུང་། ཉམས་མགུར་མང་དུ་བརྩམས་ཏེ་རྗེས་རབས་པས༼རྗེ་བཙུན་མི་ལ་རས་པའི་རྣམ་ཐར་རྒྱས་པ་ཕྱེ་བ་མགུར་འབུམ༽ཞེས་པར་བསྒྲིགས། རབ་བྱུང་གཉིས་པའི་ཆུ་ཡོས༼སྤྱི་ལོ༡༡༢༣༽ལོར་སྐུ་གཤེགས་སོ། །༼གངས་ལྗོངས་མཁས་དབང་རིམ་བྱོན་གྱི་རྩོམ་ཡིག་གསེར་གྱི་སྦྲམ་བུ་ལས་བཏུས།༽

     
རྗེ་བཙུན་མི་ལ་རས་པ།
      སྒྲུབ་བརྒྱུད་བསྟན་པའི་སྲོལ་འབྱེད་མཁན་ནི་རྗེ་མི་ལ་རས་པ་ཡིན། ཆུང་དུས་ཀྱི་མཚན་ལ་ཐོས་པ་དགའ་ཟེར་ཞིང་། རབ་བྱུང་དང་བོའི་ལྕགས་འབྲུག་ལོར་ལ་སྟོད་གུང་ཐང་སྐྱ་རྔ་རྩ་རུ་སྐུ་འཁྲུངས། སྔ་མཐུ་བསླབས་ནས་དགྲ་མང་བོ་བསད། སླད་ནས་སྡིག་པ་ལ་འགྱོད་དེ་ཆོས་བྱས་པས་གྲུབ་པའི་གོ་འཕང་མཐོན་པོར་སོན། ཁོང་གིས་མར་བ་ལོ་ཙཱའི་སྙན་གྲགས་ཐོས་ནས་ལྷོ་བྲག་ཏུ་བྱོན། བླ་མའི་བཀའ་ལྟར་སྲས་མཁར་དགུ་ཐོག་བརྩིགས་པ་སོགས་ཆོས་ཕྱིར་དཀའ་ཆེན་ལོ་དྲུག་ཟླ་བརྒྱད་ཙམ་ལ་སྤྱད་དུ་བཅུག་མཐར་དབང་དང་གདམས་ངག་རྫོགས་པར་གནང་། དགུང་ལོ་ཞེ་ལྔ་བ་ཤིང་བྱི་ལོར་སྟོད་ཕྱོགས་སྐྱིད་གྲོང་དང་གཉའ་ནང་ཁུལ་དུ་ཕེབས་ཏེ་ལོ་དགུའི་རིང་ལ་ན་བཟའ་རས་རྐྱང་དང་ཟས་ཟྭ་ཚོད་ཙམ་ན་བརྟེན་ནས་དཀའ་སྤྱད་དང་སྙིང་རུས་དྲག་པོས་བསྒོམས་པས། སྐུ་ཚེ་དེ་ཉིད་ལ་མཆོག་གི་དངོས་གྲུབ་བརྙེས། དེ་ནས་ས་ཕྱོགས་གཞན་དུ་མཛད་ནས་སྣོད་དུ་རུང་བ་རྣམས་ལ་གསང་སྔགས་ཀྱི་གདམས་པ་གནང་ཞིང་། ཉམས་མགུར་མང་དུ་བརྩམས། ཐུགས་ཀྱི་སྲས་པོ་ལ་ཉི་མ་ལྟ་བུ་དྭགས་པོ་ལྷ་རྗེ་དང་། ཟླ་བ་ལྟ་བུ་རས་ཆུང་བ་སོགས་མང་དུ་བྱོན། སྒྲུབ་བརྒྱུད་བསྟན་པའི་སྲོལ་བཙུགས། རབ་བྱུང་གཉིས་པའི་ཆུ་ཡོས་ལོར་སྐུ་གཤེགས།༼ཤེས་བྱ་དྲི་བརྒྱ་བ་ལས་བཏུས།༽
     
མི་ལ་རྡོ་རྗེ་རྒྱལ་མཚན།
སྐུ་ཚེ་སྟོད།
      རྗེ་བཙུན་གྲུབ་ཐོབ་ཀྱི་རྒྱལ་བོ་མི་ལ་རས་པའི་རྣམ་ཐར་ནི། དེའང་སྐུ་འཁྲུངས་པའི་ཡུལ་ནི་མང་ཡུལ་གུང་ཐང་གི་སྐྱ་རྔ་རྩའི་ཀོ་རོན་བྱ་བར་རིགས་ཁྱུང་བོ། ཡབ་མི་ལ་ཤེས་རབ་རྒྱལ་མཚན་དང་ཡུམ་མྱང་བཟའ་དཀར་ལེགས་གཉིས་ཀྱི་སྲས་སུ་ལྕགས་ཕོ་འབྲུག་གི་ལོ་ལ་ཡ་མཚན་གྱི་ལྟས་བཅས་སྐུ་བལྟམས། དེ་ནས་ལོ་གསུམ་ནས་སྲིང་མོ་པེ་ཏ་མགོན་སྐྱིད་བྱ་བ་སྐྱེས། རྗེ་བཙུན་ལ་མཚན་ཐོས་པ་དགའ་གསོལ། མི་ལ་ཞེས་པ་ནི་ཡབ་མེས་ཀྱི་རིགས་ལ་མི་ལ་ཙ་ཊ་བྱ་བའི་གདོན་བཏུལ་བའི་མིང་རུས་ལ་ཆགས་པ་སྐད། རྗེ་བཙུན་དགུང་ལོ་བདུན་ནས་ཡབ་འདས་པ་ལ། ཨ་ཁུ་གཡུང་རྒྱལ་དང༌། ཨ་ནེ་དཔལ་འདྲེན་སོགས་ཕ་ཚན་ཆེ་བར་ཡོད་པས། རྒྱུ་ནོར་རྣམས་ངེད་ཚོས་ཉར་ཚགས་བྱེད། ཁྱེད་མ་བུ་གསུམ་སྡུག་པོ་མི་གཏོང་ཟེར་ནས་ཁོང་ཚོས་བདག་བྱས། དེ་ནས་བུ་ཐོས་པ་དགའ་ཅུང་ཟད་ནར་སོན་པ་དང༌། ཡུམ་གྱི་ཕ་མེས་ཉེ་དུ་གྲོང་བ་རྣམས་བསྡུས་ནས་སྟོན་མོ་བྱས་ཏེ། ངའི་བུ་དང་ལེགས་སེ་ཆུང་གཉེན་བསྒྲིགས་ཡོད་ཅིང་ད་ཁྱིམ་སོ་ཟིན་ཙམ་ཡོད་པས། རྒྱུ་ནོར་ཚང་མའམ་མིན་ཀྱང་བུ་ཁོ་རང་གི་ནོར་སྐལ་ཙམ་ཞིག་སྙིང་རྗེས་ལྟོས་ལ་བྱིན་བྱས་པས། དེ་སྔོན་གསོས་པ་དྲ་མ་ཡིན༌། རྒྱུ་གཡར་རྩིས་སྤྲད་པ་ཡིན་པས་གཏད་རྒྱུ་མེད། ཁྱོད་མ་སྨད་ཀྱིས་མང་བའི་དམག་དང་ཉུང་བའི་མཐུ་ཅི་དགའ་གྱིས་ཟེར་ནས་འཇིགས་ཉམས་མེར་སོང༌།
   
མཐུ་སློབ་ཚུལ།
      དུས་དེ་ཙམ་ན་རྩ་ཡི་མི་ཐོད་ཁར་སློབ་དཔོན་ཞིག་ཡོད་སར་འབྲི་ཀློག་བསླབ་པར་བཞག མ་དང་ཞང་བོ་ལེགས་སེའི་ཕ་མིང་གི་གྲོགས་བྱས། འབྲི་ཀློག་མཁས་པར་བྱུང༌། དུས་རེ་ཤིག་མ་ན་རེ། རང་རེ་མ་བུ་རྒྱུ་ནོར་ཤོར་རྗེས་མང་ན་དམག་ཉུང་ན་མཐུ་གྱིས་ཟེར་ནས་བསྡིགས་མོ་བྱས། རང་ཚོའི་ཉམ་ཞན་པ་འདིར་མེད། ཁྱོད་ཀྱིས་མཐུ་ཞིག་བྱེད་དགོས། མ་བྱས་ན་ཁྱོད་རང་གང་དགར་སོང༌། རང་ཕ་མིང་ཡུལ་དུ་འགྲོ་བ་ཡིན་ཟེར་གཅུད་ལ་བོར་བས་མཐུ་བྱེད་པར་ཁས་བླངས། མ་ཡི་ཞིང་སྐལ་བཙོང་བའི་རིན་རྟ་ཁམ་པ་རྟེལ་གྲགས་བྱ་བ་དང་ཚོས་སྲང་བཞི་ཁུག་པས། ཚོས་དང་གྲོ་ཕྱེ་རྟ་ལ་བཀལ༌། མཐུ་སློབ་པའི་མི་དྲུག་དང་བསྡེབས་ནས་བཏང༌། སྐྱིལ་བའི་ལྡོན་ཁར་བུ་ཁྱོད་ཀྱི་སྙིང་རུས་གྱིས། མཐུ་རྟགས་བྱུང་ན་ཅི་རྙེད་བསྐུར་ནས་ཡོང་ཟེར། གྲོགས་ཚོར་ངའི་བུ་དགྲ་གཉེན་ངོ་མི་ཤེས་པ་ཞིག་ཡོད་པས་འདི་ལ་སྙིང་རྗེའི་ལྟོས་ཟེར་བཅོལ་གཏམ་ནན་བཅག་བྱས། ཁོང་རྣམས་འགྲོགས་ནས་མཐུ་གང་ཆེ་དྲིས་ཤིང་གཙང་ནས་མར་སོང་བས། ཡར་ལུང་གཉག་གཡུང་སྟོན་ཆེ་ཟེར། དེ་གར་ཕྱིན་ནས་རྟ་དང་དངོས་པོ་ཅི་ཡོད་ཕུལ།
      མཐུ་བསླབས་ནས་ལོ་གཅིག་སོང༌། གྲོགས་པོ་རྣམས་འགྲོ་རན་པས་ཚ་ལམ་དུ་བསྐྱལ། རང་ནི་ཡུལ་དུ་མཐུ་རྟགས་མེད་པས་འགྲོ་ས་མེད་ནས་ཡར་ལོག་པའི་ལམ་ཁ་ནས་རྟ་ལུད་མཐུ་བ་གང་རྙེད་པ་བླ་མའི་ཞིང་དུ་བླུགས། དེར་བླ་མས་གཟིགས་ནས་མཉེས། ཁྱོད་ཅི་ཡིན་གསུངས་པར་སྔོན་གྱི་ལོ་རྒྱུས་ཞིབ་ཏུ་ཞུས་པས་སྙིང་རྗེ་གསུངས། འོ་ན་ངའི་གཟའ་གདོང་དམར་ནག་ཟེར་བ་གནུབ་ཆུང་ལ་ཡར་ཕུལ། ཁོང་གི་སེར་བ་མཛུབ་ཁྲིད་ཀྱི་གདམས་པ་དེ་ང་ལ་གནང་བ་ཡིན་པས་ད་ཁྱོད་དེར་གཏོང་གསུངས་ཤིང༌། རྟ་དཀར་བོ་སྟོང་ལ་གྲགས་ཞེས་པ་དང་སྣམ་བུ་བུབས་འགའ་བསྐུར་ནས་བུ་དང་སྦྲགས་ཏེ་བཏང༌། དེར་གནུབ་ལ་རྟེན་རྣམས་ཕུལ་ནས་ཞུས་པས། དཔེ་ཞིག་གཏད་ནས་བློ་ལ་ཟུངས་ཟེར། དེ་ནས་ཁོང་གི་བུ་གཅིག་དང་མཉམ་དུ་མཚམས་ལ་བཞག་པས་ཟླ་གཅིག་གིས་འགྲུབ།
      དེར་སེང་ལྡེང་གི་ཕུར་བ་རྐང་མགྱོགས་པ་གཉིས་ལ་བསྐུར་ནས་འདི་ང་ཡི་མ་ལ་གཏོད་ལ་ཁོང་ཚོའི་མཁར་ལ་འདེབས་སྟངས་མང་དུ་གྱིས་བྱས་པས། དེ་ཙམ་ན་ཁོལ་མོ་གཅིག་གིས་སྡིག་པ་གླང་ཤད་ཙམ་གྱི་ཀ་བ་འཐེན་པ་མཐོང་སྟེ། ཨ་ཁུའི་བུ་ལ་གནའ་མ་བླངས་བའི་ཆང་སྟོན་གྱི་སར་ཕྱི་མི་རྣམས་གྱེས་ནང་མི་རྣམས་མ་གྱེས་པར་དེར་ཁང་པའི་ཐེབ་འོག་ཏུ་མི་ཉེར་ལྔ་ཤི དེར་གྲོང་བ་རྣམས་ཀྱིས་མི་ལའི་མཐུ་ཡིན་པར་ཤེས་ནས་གསོད་མི་གཏོང་ཟེར་བའི་ལྐོག་ཆད་བྱས། དེའི་ཡུལ་དེའི་གཙོ་བོའི་ཆུང་མ་རྗེ་བཙུན་ཕ་མ་འཛོམ་དུས་གཡོག་མོ་ཡིན་པ་དེས་རྗེ་བཙུན་གྱི་མ་ལ་བྱ་བཏང༌། མས་ཀྱང་རྣལ་འབྱོར་པ་ཞིག་ལ་བརྔན་བྱིན་ནས་མ་རིག་པར་དུག་པོའི་བར་དེར་གསེར་སྲང་བདུན་སྦས་སྟེང་དུ་ལྷན་པ་ནག་པོ་བརྒྱབས། ཡི་གེ་བསྐུར་བར་བུ་ཁྱོད་ཀྱི་མཐུ་བྱས་བྱུང་བས་གོ་ཆོད། ཁྱོད་ཡུལ་མིས་གསོད་པའི་གྲོས་འཆམས་པས་སྲོག་ཟོན་གྱིས། ད་དུང་གྲོང་བ་འདིར་སེར་བ་གཅིག་ཐོངས་དེ་ནས་བསམ་པ་འགྲུབ་རྒྱག་ཆད་ན་རི་ཆེན་པོའི་ནུབ་ཕྱོགས་སྤྲིན་ནག་ལྡིང་བའི་འོག་ཏུ་ཉེ་ཚན་བདུན་ཡོད་པས་དེར་ཚོལ་མ་ཤེས་ན་རྣལ་འབྱོར་པ་རང་ལ་འདྲི་རྟོག་གྱིས་ཞེས་འདུག
      དེར་ཇོ་མོའི་བརྡ་གོ་ནས་དུག་པོ་ནས་གསེར་བཏོན། དེར་སེར་བ་གནང་བར་ཞུ་བྱས་པས། སེར་བ་ངས་ཀྱང་ཤེས་ཏེ་ཆད་ལ་གནོད་པས་ཁོང་ཅན་དུ་སོང་གསུངས། དེ་ནས་ཡར་ལུང་དུ་གཉགས་ཀྱི་སར་ཕྱིན་ནས་ཞུས་པས་གནང་ཞིང༌། གཉགས་ཀྱི་བུ་གཅིག་དང་ངེད་གཉིས་སྒྲུབ་ཁང་དུ་ཞུགས་ནས་སེར་བ་བསྒྲུབས་པས་ཞག་ཉི་ཤུ་རྩ་ལྔ་ནས་ཐུན་ཐམས་ཅད་ཁོལ་ཏེ། དེར་སྙེ་མ་ཐོན་ཙམ་དུ་སེར་བ་གཅིག་ཕབ་བཙས་མའི་སྒང་གཅིག་ཕབ། དེ་ལྟར་སེར་བ་ལོ་རེ་རེར་ལན་གཉིས་རེ་གཏོང་བ་ཡིན་ཞེས་ཤིང་གི་བྱང་བུ་བྲིས་ཤིང་བཙུག་པས་ཀུན་ཧ་ལས།

སློབ་གཉེར་མཛད་པ།
      དེ་སྐབས་མ་ཡིས་བོང་བུ་ཞིག་ལ་ཚོས་ལྟང་གཉིས་བཀལ་ནས་འགྲོས་པར་བསྐུར་ནས་ད་ཡང་བུ་ཡིས་གོ་བཅད། བུ་རང་ཡུལ་དུ་མགོ་མི་ཚུད་པར་བྱས་པ་མ་ལན་པ་ཡིན། ད་ནི་འགྲོ་གང་བདེ་སོང་ལ་དམ་པའི་ཆོས་ཤིག་ཨེ་འགྲུབ་གྱིས་ཟེར་བའི་འཕྲིན་བྱུང་ངོ། །དེར་གཡུང་སྟོན་ཁྲོ་རྒྱལ་གྱིས་ཀྱང་རང་གཞན་གཉིས་སྡིག་ཚན་པོ་ཆེ་བསགས་པས་ཆོས་ངེས་པར་བསྒྲུབ་དགོས་གསུངས། གནུབ་ཆུང་གིས་ཀྱང་དེ་བཞིན་དུ་དགོས་གལ་ཆེ་བ་ཡིན་གསུངས། བླ་མ་གཉིས་ནས་སྣམ་བུ་ལ་སོགས་ཕྱག་རྟེན་གནང་ནས་གཙང་རོང་སྟོན་ལྷ་དགའ་མཇལ་དུ་བྱོན། ཕྱག་རྟེན་རྣམས་ཕུལ་ཏེ་མཇལ། གྱེར་སྟོན་གྱིས་གང་ནས་འོང་གསུངས། ཁྲོ་རྒྱལ་གནུབ་ཆུང་གཉིས་ཀྱི་རྩ་ནས་འོང་ཞུས། ཨེ་མཐུ་སེར་གྱིས་མི་མང་བོ་སྡུག་བསྔལ་ལ་སྦྱར་ཨང་གསུངས། སྡིག་ཆེ་བས་ཐུགས་ལ་འདོགས་པར་ཞུ་ཞུས་པས། འདིར་འོང་བ་ལེགས། ངའི་དམ་ཆོས་རྫོགས་པ་ཆེན་པོ་འདི། ནང་རྟོགས་ན་ནང་སངས་རྒྱས། ནུབ་རྟོགས་ན་ནུབ་སངས་རྒྱས། སྐལ་ལྡན་ལས་འཕྲོ་ཅན་རྣམས་སྒོམ་མི་དགོས་པར་གྲོལ་བའི་ཆོས་ཟབ་མོ་ཡོད་པས་སྐྲག་མི་དགོས་གསུངས་ནས་གདམས་པ་ཡང་གནང༌།
      མྱང་སྟོད་ཁ་རེ་བྱ་བ་ན་ཁ་མི་བྱང་ཆུབ་རྒྱལ་བོ་ལས་སྒྱུ་འཕྲུལ་གྱི་རྒྱུད་ལ་སོགས་པ་མང་དུ་ཞུས། ཡར་འབྲོག་ཏུ་མར་བ་འབྱུང་ངེ་བྱ་བ་ལ་མདོ་སེམས་སོགས་ཀྱི་ཆོས་མང་དུ་ཉན། གཞན་ཡང་བླ་མ་མང་བོ་ལས་ཆོས་མང་དུ་ཉན་ཞིང་སློབ་གཉེར་བག་རེ་ཡང་བྱས། དེ་ནས་གཙང་རོང་དུ་སྙིང་རུས་དྲག་པོ་བསྐྱེད་ནས་སྒྲུབ་པའི་ཚེ། རོང་སྟོན་ནས་ངའི་ཆོས་འདིས་ཁྱོད་ལ་ཕན་ཆེར་མི་འོང་བས། ད་ལྷོ་བྲག་ཆུས་ཁྱེར་དུ་མར་བ་ལོ་ཙཱ་བྱ་བ་རྒྱ་གར་ནཱ་རོ་པཎ་ཆེན་གྱི་ཐུགས་སྲས་སྡིག་པོ་ཆེ་བཙན་ཐབས་སུ་སངས་རྒྱས་པའི་གདམས་པ་ཡོད་གྲགས་པས་དེར་འགྲོ་བ་དྲག་གསུངས། མར་བའི་མཚན་ཐོས་པ་ཙམ་གྱིས་ཐུན་མིན་གྱི་དད་པ་སྐྱེས། དེ་ཉིད་དུ་ཁྲེས་པོ་ཁུར་ནས་བྱོན། ལྷོ་བྲག་ཏུ་བསླེབས་པ་དང་མར་བ་ལོ་ཙཱ་གར་བཞུགས་དྲིས་པས་དེ་འདྲ་ཟེར་བ་འདིར་མེད་ཟེར། གཅིག་གི་ཁུ་བོ་བློ་གྲོས་ཡིན་པ་འདྲ་ཁོ་རྒྱ་གར་ཐེངས་འགའ་ཕྱིན་པ་ཡིན་ཟེར། དེ་ཡིན་ན་སྤང་རྐོ་ཞིང་ཡོད་པས་ཡར་སོང་དང་ཟེར། དེར་སོང་བས་རྣལ་འབྱོར་པ་གཟུག་བོང་ཆེ་ཞིང་རལ་པ་སིག་གེ་བ་ཞིག་སྤང་བརྐོས་ནས་གདའ། དེར་མར་བ་ལོ་ཙཱ་གར་བཞུགས་ངེད་ཀྱིས་མཇལ་འདོད་ཞེས་པས། སྤང་ལ་རི་མོ་ཞིག་བྱས་འདི་རྐོས་དང་བླ་མ་མཇལ་སྣ་བྱ་ཟེར་སྤང་དེ་བརྐོས་པས་ཐོན་པ་དང༌། བླ་མ་དམ་པའི་གདམ་ངག་གནད། །རྩ་ཁམས་དབུ་མར་བསྡུས་པ་ཡི། །ཉོན་མོངས་ཐ་བ་འདུལ་ལགས་ན། །འབྲས་བུ་མྱུར་དུ་སྨིན་ཏེ་མཆིས། །ཟེར་ནས་ས་ལ་རི་མོ་ཅིག་བྱས་ཏེ་འདི་ཙམ་ཞིག་རྐོས་ཟེར། ཡང་དེ་རྐོས་པས་ཐོན་ཙམ་ན། བརྒྱུད་ལྡན་བླ་མའི་བྱིན་རླབས་ཀྱིས། སེམས་ཉིད་ལྷུག་པའི་ངོ་བོར་གནས། དྲན་པའི་ཐ་བ་འདུལ་ལགས་ན། སྟོན་ཐོག་འབྲས་བུ་མྱུར་དུ་སྨིན། ཞེས་ཟེར་ཞིང་ལས་ལ་རེམ་པོ་ཞིག་འདུག་ཟེར།
      དེ་ནས་སྤོ་ཐོའི་གསེབ་ནས་ཆང་གཅིག་བླངས་ཏེ། ཁོ་རང་གིས་གསོལ་ཏེ། འཕྲོ་གཅིག་གདའ་བ་མི་ལ་ལ་བླུད་ནས་ངོམས་པར་བྱུང༌། དེ་ནས་ཡང༌། བདེ་བ་ཆེན་པོའི་ཆང་གི་དངོས། ཡང་དག་དོན་ཆེན་གསང་བ་འདིས། ཡོངས་དག་ཐ་བ་འདུལ་ལགས་ན། སྟོན་ཐོག་འབྲས་བུ་སྨིན་ཏེ་མཆིས། ཞེས་ཟེར་ཞིང་དེ་དག་ཁ་བྱང་གི་ཚིགས་སུ་གོ་ཞིང༌། གཞན་གྱི་རྟོག་དཔྱོད་ཅི་ཡང་མ་བྱུང༌། བླ་མ་ཡིན་པར་ཡང་མ་ཤེས། དེ་ནས་ལག་ཆ་རྣམས་བཟུང་ནས་སྒོ་རྩར་ཕྱིན་པ་དང༌། འདིར་སྡོད་དང་ངས་ཞུ་ལེན་ཅིག་བྱ་ཟེར། དེ་ནས་དལ་གཅིག་ལོན་པ་དང༌། གཅིག་བྱུང་ནས་མཇལ་འདོད་ན་ནང་དུ་བྱོན་ཟེར། དེར་སོང་ནས་བར་ཁང་གཅིག་ཏུ་ཕྱིན་པ་དང༌། ད་ཅིའི་རྣལ་འབྱོར་པ་དེ་རལ་བ་ས་བྲུལ་ལེ་ན་བཟའ་དང་སྟེགས་གཅིག་གི་ཁ་ན་སང་ངེ་བཞུགས་པས་ཞལ་མཐོང་བ་དང༌། དངངས་ཡེར་གྱིས་སོང་བས་བླ་མས་དེ་ཙམ་འཇིགས་མི་དགོས་ངའི་སྤྱོད་ལམ་འདི་ལ་གཞན་ཀུན་མི་ཤེས་པ་ཡིན་གསུངས། ལོ་རྒྱུས་ཞིབ་ཏུ་ཞུས་ནས་མི་སྡིག་པོ་ཆེ་ཡིན་པས་ལུས་ངག་ཡིད་གསུམ་འབུལ། ལྟོ་གོས་ཆོས་གསུམ་ཞུ་ཞུས་པས། གསུམ་ཀ་མི་འོང་གསུངས་པས་ཆོས་གནང་བར་ཞུ་ཞུས་པས། ཁྱོད་ཀྱི་མིང་ལ་མཐུ་ཆེན་ཐོགས་གསུངས།
      དེར་ལྷོ་བྲག་ཏུ་སྟོན་ཐོག་གཅོད་སར་བསོད་སྙོམས་བྱས་པས་ནས་དགའ་བར་བྱུང༌། ནས་ཕུད་ཙེ་གང་ཁུར་ནས་བླ་མར་ཕུལ་བས་ཤེད་པོ་ཆེས་མི་འོང་ཁང་ཤིང་ཆགས་དོགས་ཡོད། ཁྱོད་ལ་ལས་ཀ་རེམ་པོ་ཞིག་འདུག་པས་ངའི་ཇོ་སྲས་མདོ་སྡེ་ལ་ཕོག་པའི་མཁར་གཅིག་བརྩེགས་དགོས་གསུངས་ནས། མཁར་སྒོར་མོ་སོག་ཀ་ཟླ་གམ་གྲུ་གསུམ་རེ་ཕྱེད་ཙག་ལོང་ནས་ཡང་ཕྱིར་བཤིག་པའི་ཞལ་བཀོད་གནང། ཡང་མཁར་ཁང་གྲུ་བཞི་ཕྱི་ཁྱམས་ཀ་བ་སུམ་ཅུ་སོ་གཉིས་དང་བཅས་པའི་རྨིང་བཞག །ཉིན་པར་མཁར་བརྩེགས། ནང་སྔ་ནུབ་ཀྱི་ཆུ་དང་མེ་ཤིང་གསོག །སྲོད་ལ་རྔོ་འཐག་བྱས། བླ་མའི་ཆིབས་སྟེགས་ཇོ་མོའི་གཞོན་སྟེགས་བྱས། ལུས་སྲོག་ལྟོས་མེད་མོས་གུས་བྱས་ཤིང་བརྩེགས་པས་ཐོག་གསུམ་གྲུབ། དེ་དུས་རྔོག་གཞུང་པ་སོགས་སློབ་མ་མང་བོར་དབང་ཞུར་ཕྱིན། ཇོ་མོའི་མར་རྡོག་ཆེ་བ་གཅིག། ཤ་སྐལ་གཅིག སྣམ་བུ་གཅིག་ཁྱེར་ནས་དབང་གྲལ་བསྡད། འདི་རྣམས་གང་ནས་བྱུང་གསུངས། ཇོ་མོའི་གནང་ལགས་བྱས། ང་ཡི་དངོས་པོ་ཁྱོད་ཀྱི་འབུལ་བ་མི་འོང༌། ཁྱོད་ལ་ཡོད་ན་ཁྱེར་ཤོག་གསུངས། དེར་ཐུགས་མུག་ནས་བཤུམ་པར་ཇོ་མོས་སེམས་གསོ་བཏང། ཇོ་མོས་ཉིན་རེར་ཚལ་མ་རྒྱ་མ་རེ་དུས་གསུམ་དང༌། ཆང་ངོམ་པ་རེ་གནང་ནས་ཐུགས་ལ་བཏགས། ཡང་གཅིག་གཉལ་པའི་འབུལ་སྐྱེལ་ཡོང་བ་ལྷོ་སྨད་པའི་ཇག་པས་ཁྱེར་བ་བྱུང་སྐབས། བླ་མས་འདི་བསྟན་པ་ལ་གནོད་པ་ཡིན། ཁྱོད་ཀྱིས་སེར་བ་ཕོབས་དང་སྡིག་པས་མི་གནོད་པའི་ཐབས་ཡོད་གསུངས། སེར་བ་ཕབ་ནས་ད་གདམས་པ་ཞུ་འཚལ་ཞུས་པས། སྡིག་བྱས་པའི་བརྔན་པར་ཆོས་སྟོན་མི་རུང་གསུངས།
      དེར་སྡུག་བསྔལ་ཚད་མེད་བྱུང༌། དེ་ནས་ཇོ་མོས་གྲོ་ཆས་ཅུང་ཟད་གནང་བ་ཁྱེར་ནས་ཡོང་བས་བྲག་རྩ་ཞིག་ཏུ་ཉལ། ཕྱིར་ནང་ཚ་བ་བསྐོལ་བའི་དོན་དུ་རྗེས་ཀྱིས་གང་ནས་འདུག །ག་རེ་དེ་སྔོན་ཁང་བ་བརྩིགས་པ་ཕྱེད་བླ་མའི་དོན་ཡིན་རུང༌། ཕྱེད་རང་གི་རེད་འདུག་ཡར་ལོག་པ་དྲག་སྙམ་ཕྱིན་པས་ཇོ་མོ་ཐུགས་དགྱེས། ཡང་མཁར་ལས་གྱིས་གསུངས། དེ་ནས་སྒལ་བ་བྱང་ནས་རྨ་རུལ་སོང་བ་བླ་མས་གཟིགས་ནས་རྟ་བོང་ལྟར་སྒལ་ལྕིབ་ཕུབས་གསུངས། ཡང་དབང་ཞུ་བ་འགའ་བྱུང་བར་མ་ཚུད།
      ཇོ་མོས་ཐབས་བྱ་གསུངས་ནས་མཐུ་ཆེན་འགྲོ་བ་སྐད་ཇོ་མོས་བཤོལ་བ་སྐད་བྱས་པས་ཅི་བྱེད་པ་ཡིན་གསུངས། མཐུ་ཆེན་འགྲོ་བ་རེད་ཞུས་ཀྱང་མ་གནང༌། ཕྱིར་ཉིན་ཁྱོད་ཞེ་སྡང་སྐྱེས་སམ་གསུངས། མ་སྐྱེས་ཀྱང་རང་ལ་ཆོས་སྐལ་མེད་པ་རེད་སྙམ་མཚན་ཁོ་ནར་ངུས་པ་ཡིན་ཞུས་པས། ཁྱོད་ང་ལ་ངུ་ཤག་བྱེད་པའི་ཡུས་ཅི་ཡོད་གསུངས་ཕྱག་མཁར་བརྒྱབས་ནས་སྒོར་ཕུད། ཇོ་མོས་ད་དུང་ཁྱོད་ཡི་མ་ཆད་པར་གཉུག་སྲིང་དང་ངས་ཀྱང་ཞུ་ནས་གནང་བ་ཡིན་གསུངས། ཁོང་རང་གིས་ཕྱག་རྒྱ་ཆེན་པོའི་གདམས་པ་ཞིག་གནང་བ་ཉམས་སུ་བླངས་པས་སེམས་ལ་འཕྲོད་པར་བྱུང༌། དེ་ལྟར་ལོ་རེ་ལ་རྩག་རེ་ཐོན་པའི་ཐོག་བདུན་ལོན། དེར་དོལ་གྱི་ཚུལ་སྟོན་དབང་ངེ་དཔོན་སློབ་རྣམས་བདེ་མཆོག་གི་དབང་ཞུ་བར་སླེབ། ཇོ་མོའི་ཕག་ནོར་གཡུ་ཞིག་ཡོད་པ་འདི་མཐུ་ཆེན་གྱི་ཕྱག་རྟེན་ཡིན། ད་རེས་དབང་གནང་བར་ཞུ་ཞུས་མདུན་དུ་ཁྲིད་པས། ང་ཡི་གཡུ་ཡིན་ཁྱོད་ཀྱི་འབུལ་བ་མི་ཡོངས་གསུངས་ནས་ཕྱག་འཁར་རྒྱབ་པས་ཁོང་གཉིས་ཕྱིར་བྲོས། དེར་ཇོ་མོ་ན་རེ། ནཱ་རོ་མཻ་ཏྲིའི་བརྒྱུད་པ་ཚེས་བཅུ་ལ་བརྩོན་མཛད་པས་དེ་དུས་ཐབས་ཤིག་ཡོད་ཟེར།
      དེར་ཚེས་བཅུའི་སྐབས་ཆང་གར་མ་མང་དུ་བླ་མ་ལ་དྲངས་པས་བད་ནས་གཟིམ་པའི་ཚེ། ཏཻ་ལོ་ནཱ་རོའི་དབུ་སྐྲ་ན་བཟའ་དུམ་བུ་རེ་དང༌། དམ་རྫས་བདུད་རྩི། ཕྱག་ཕྲེང་གི་རྡོག་མ་ཁ་ཤས་རྣམས་བླངས་ཏེ། འདི་རྣམས་ཁྱེར་ལ་རྔོག་ཅན་སོང་དང་བླ་མའི་གདམས་པ་ཁོང་ལ་ཡོད་པས་ཞུས་ཤིག་གསུངས་ནས་བཏང་ངོ༌། །དེར་མཐུ་ཆེན་བླ་མ་རྔོག་པའི་མདུན་དུ་བསླེབས་ནས་རྟེན་རྣམས་ཕྱག་ཏུ་ཕུལ་ནས་ཇོ་མོས་འདིར་བཏང་བ་ཡིན། གདམས་ངག་ཐུགས་ལ་འདོགས་པར་ཞུས། འོ་ན་དོར་ཚོང་དུས་པས་ངའི་འབྲོག་ནོར་ཐམས་ཅད་དེད་ནས་གཏད་དུ་མ་ཉན་པས་དེར་སེར་བ་ཕོབས། དེ་ནས་གདམས་ངག་བྱ་ཡིས་གསུངས། དེར་དོལ་པ་ལ་སེར་བ་ཕབ་ནས་ལོ་ཐོག་བཅོམ། ལམ་བར་ནས་བྱེའུ་རོ་ཕད་བུ་གང་ཁྱེར་བ་བླ་མའི་དྲུང་དུ་སྤུངས་པ་ལ། བླ་མས་སེ་གོལ་གཅིག་མཛད་པས་བྱིས་རོ་རྣམས་ནམ་མཁར་ཅིག་དེར་གྱིས་འཕུར་སོང་བས་ངོ་མཚར་སྐྱེས། དེར་དབང་གདམས་ངག་ཐོབ་ཅིང་སྒྲུབ་པ་ལ་འབད་ཀྱང་ཡོན་ཏན་ཆེན་པོ་མ་བྱུང་བས། འདིར་བླ་མའི་བཀའ་ཨེ་ཡོད་གསུངས་པས། མེད་ཞུས། ཇོ་མོས་བཏང་བ་ཁོ་ན་ཡིན་ཞུས་པས། ཨེ་ཨེ་དེ་ཡིན་པ་འདྲ། ད་ལན་བླ་མའི་སྐུ་མཁར་ཚར་བའི་དགའ་སྟོན་དུ། ང་རང་ཤོག་གསུངས་གདའ་བས་དངོས་པོ་སྤོང་དག་བྱ་རྒྱུ་ཡིན། ཁྱོད་ཀྱི་ཟངས་དཀར་ལུང་བཞི་འདི་ཟུངས་ལ་བླ་མར་ཕུལ་གསུངས། ཁོང་རྣམས་ལྷོ་བྲག་མདོར་བསླེབས་མཐུ་ཆེན་སྔོན་དུ་སོང་ནས་ཇོ་མོ་མཇལ་བས་ཐུགས་དགྱེས།
      རྔོག་གཞུང་བས་འབུལ་སྐྱེལ་དེད་ནས་བྱོན་ཡོད་པས་བསུ་བ་མཛད་དམ་ཞུས་པས་བསུ་བ་འཐད་གསུངས། ཇོ་མོ་ནས་སྤོས་ཕོར་ཐོགས་ནས་བསུ་བ་མཛད། དེ་ནས་བུ་ཆེན་རྣམས་འདུས་ནས་མཁར་སྟོན་ལ་ཚོགས་འཁོར་བསྐོར་ཞིང་དབང་བསྐུར་མཛད། ཡང་བླ་མས་རྔོག་ལ་མཐུ་ཆེན་ཁྱོད་ཅན་དུ་སོང་བར་གདམས་པ་ཨེ་བྱིན་གསུངས། རྟེན་རྣམས་གནང་བས་བྱིན་པ་ཡིན་ཞུས། ཇོ་མོས་དེ་ང་ལེན་པ་ཡིན་ཞུས་པས་འདི་ཚོས་རྐུ་མ་བྱས་གསུངས་ནས་རྦ་བེར་བརྒྱབས། རྔོག་པས་སྤོང་དག་གི་འབུལ་བ་བྱས་ནས་སྙན་དྲིལ་ཞུས་པར། སྙན་བརྒྱུད་ཆོས་ཀྱི་ཕྱི་མོ་ཡིན། ཁྱོད་ཀྱི་ར་ཡི་ཕྱི་མོ་བཞག་པས་དེ་ཕུལ་གསུངས། དེ་ཉིད་དུ་བྱོན་ནས་རྒྱབ་ཏུ་ཁུར་ནས་ཕུལ། ང་ལ་དེ་འདྲའི་དགོས་པ་མེད་ཀྱང་ཆོས་ཀྱི་ཆེ་བ་ཡིན་གསུངས། དེ་ནས་མཐུ་ཆེན་གྱི་ཟངས་ཕུལ་བ་ལ་དགྱེས་ཏེ། རྦ་བེར་རྒྱབ་ཅིང་རྟེན་འབྲེལ་བཟང༌། ཆེ་རྒྱུ་མེད་ཏེ་རང་ལ་མནོག། ནང་གཙང་བས་དམ་ཚིག་གཙང་ཞིང་སྣོད་དང་ལྡན། མདོག་དམར་བས་མཁའ་འགྲོ་འདུ་ཞིང་གདམས་པ་ཟབ་མོ་ཐོབ། ཕྱི་ནག་པས་འཕྲལ་སྡུག་དཀའ་བ་སྤྱད་དགོས། ནང་ན་ནས་འབྲུ་གསུམ་བླུགས་པས་ལྟོ་བ་བསེར་རེ་བ་འབྱུང༌། ལུང་བཞི་ཡོད་པས་རྒྱུ་མཚན་བཞི་འོང༌། རྒྱུ་བཟང་བས་རྒྱུད་པ་ཇེ་བཟང་ལ་འགྲོ། སྐད་སྙན་པས་སྙན་པ་ཆེ་གསུངས། དེ་ནས་མཐུ་ཆེན་ལ་དགེ་བསྙེན་གྱི་སྡོམ་པ་གནང་ཞིང༌། མཚན་རྡོ་རྗེ་རྒྱལ་མཚན་བྱ་བར་བཏགས། བདེ་མཆོག་ལ་སོགས་པའི་དབང་བསྐུར་བས། བླ་མ་འཁོར་ལོ་བདེ་མཆོག་དངོས་སུ་ཞལ་གཟིགས། ད་ཡང་མཐུ་ཆེན་ངེད་གཉིས་མཚམས་ལ་འདུག་དགོས་གསུངས་ནས་སྐུ་མཚམས་མཛད་ཅིང༌། སྙན་བརྒྱུད་ཆོས་དྲུག་ཕྱག་རྒྱ་ཆེན་པོ། རིམ་ལྔའི་དམར་ཁྲིད། བསྲེ་འཕོ་སྐོར་གསུམ་ལ་སོགས་གདམས་པ་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་གནང་ཞིང་ཁྱོད་ལ་བྱིན་དང་གཞན་ལ་བྱིན། གལ་ཏེ་སྲང་ལ་གཞལ་ཡོད་ན། འབུམ་འགྱུར་བས་ཀྱང་མི་ལྷག་སྟེ། གསུང་ཞིང་ད་ཡང་གདམས་པ་ཐམས་ཅད་རྫོགས་པར་ཐོབ་པ་ཡིན་པས། ལྷོ་བྲག་སྟག་ཉའི་ཕུག་ཏུ་སོང་ལ་སྒོམས་གསུངས།
      དེར་སོང་ནས་བསྒོམས་པས་ཡོན་ཏན་ཐམས་ཅད་རྒྱུད་ལ་སྐྱེས་ནས་ཡོད་པའི་ཚེ། མཁའ་འགྲོ་མའི་ལུང་བསྟན་བྱུང་ཞིང་བླ་མའི་མདུན་དུ་སོང་སྟེ་འདོད་ཆོས་ཀྱི་བྱེ་བྲག་མང་དུ་ཞུས་པ་རྫོགས་པར་གནང་ནས། ན་མོ་བཀའ་བརྒྱུད་གོང་མའི་རྣམ་ཐར་འདི། །ཞེས་དང༌། ཇོ་མོ་བདག་མེད་མས་ཀྱང༌། ཁྱོད་སྙིང་རུས་ཅན་གྱི་སྡུག་བསྲན་ཅན། ཞེས་སོགས་གསུངས་མི་ལ་ཡང་ཤིན་ཏུ་དགའ། དེ་ནས་བླ་མ་དང་ཇོ་མོས་ཐུགས་ལ་བཏགས་ཤིང་གདམས་ངག་ཐམས་ཅད་རྫོགས་པ་དང༌། མི་ལས་མགུར་ལ་སྔ་བ་གཙང་ལ་ཡར་འགྲོའི་མགུར་ཕུལ་བ། རྗེ་མི་བསྐྱོད་ཀྱི་ངོ་བོ་ལྷོ་བྲག་པ། ཞེས་ཞུས་པ་དང༌། བླ་མའི་ཞལ་ནས། རྗེ་བླ་མའི་སྐུ་ལ་གསོལ་བ་འདེབས། ཞེས་པ་ནས། མི་ལ་རས་པའི་སྙིང་རུས་ལ། །སངས་རྒྱས་བསྟན་པའི་སྲོག་ཤིང་ཡོད། །ཅེས་སྨོན་ལམ་གྱི་མགུར་གསུངས། ད་ཞག་ཤས་མ་འགྲོ་བར་ཇོ་སྲས་འདས་པའི་དུས་མཆོད་གཅིག་བྱེད་གསུངས། དེར་གྲྭ་སློབ་ཐམས་ཅད་འཚོགས་ནས་ཚོགས་ཀྱི་འཁོར་ལོ་བསྐོར་བའི་ཚོགས་གྲལ་དུ། མཐུ་ཆེན་གྱི་ཕྱག་ཕུལ་ཏེ། ཇོ་སྲས་འགྲན་ཟླ་བྲལ་བ་དེ་གདུལ་བྱའི་བསོད་ནམས་ཀྱིས་མ་དབང༌། ད་ཆོས་བརྒྱུད་འཛིན་པའི་སློབ་མ་དང་དར་རྒྱས་གང་དུ་འབྱུང་ཞུས་པས། ངས་ཀྱང་དོ་ནུབ་བརྟགས་པ་བྱེད་ནས་ནངས་པར་ཆོས་ཀྱི་ཕ་ཕོག་བྱེད་གསུངས། ཕྱིར་ནང་ཐམས་ཅད་འཚོགས་པར་རྨི་ལམ་ལུང་བསྟན་གྱི་མགུར་གསུངས་པས། ཤར་དུ་ཀ་ཆེན་གཅིག་བཙུགས་པ་རྨིས། ཞེས་གསུང་ཞིང་གཞུང་གི་རྔོག་སྟོན་ཆོས་རྡོར་གྱིས་བཤད་རྒྱུན་ཆུ་བོའི་གཞུང་དང་འདྲ་གསུངས། དོལ་གྱི་ཚུལ་སྟོན་དབང་ངེས་འཕོ་བ་རྒྱ་མཐོང་ཁ་ཕྱེས་པ་ལྟ་བུས་འགྲོ་དོན་གྱིས། གཙང་གི་མེས་སྟོན་ཆེན་པོས་འོད་གསལ་བུམ་ནང་མར་མེ་ལྟ་བུ་སྦོར། ཁྱོད་གུང་ཐང་གི་མི་ལ་རས་པས་གཏུམ་མོ་ཤིང་བཤག་ལ་མེ་སྦར་བ་ལྟ་བུས་རང་གཞན་སྨིན་པར་གྱིས། ལར་མཁར་གྱིས་ཁོ་བོ་ལ་དགོས་པ་མེད་རུང་ཁྱོད་སྒྲིབ་པ་སྦྱངས་བའི་རྟེན་འབྲེལ་ཡིན། ད་དེ་ལྟར་རྫོགས་པར་མ་གྱུར་པས་གནས་གངས་ཁྲོད་འགྲིམས་ལ་སྒྲུབ་པ་ལ་བརྩོན་ན་གྲོལ་བར་འགྱུར་རོ་གསུངས། དེ་ནས་བླ་མ་ཡབ་ཡུམ་དཔོན་སློབ་རྣམས་ཀྱིས་གྲོ་ལམ་ཞིག་ཏུ་སྐྱེལ།
      དེར་བླ་མས་མི་ལའི་ཕྱག་ནས་བཟུང་སྟེ་རྒྱ་གར་ནས་ལུས་མེད་མཁའ་འགྲོའི་ཆོས་སྐོར་དགུ་ཡོད་པའི་བཞི་ངས་བླངས་ཡོད་ལྔ་བོ་དེ་ཁྱོད་ཀྱིས་ལོན་པར་གྱིས། ང་དང་ཁྱོད་གཉིས་འདུ་འབྲལ་མེད་པ་ཡིན་ཞེས་གསུངས་ནས་བཀྲ་ཤིས་སྨོན་ལམ་མཛད་དོ། །དེ་ནས་རྗེ་བཙུན་ཡུལ་དུ་བྱོན་པས་ཁང་བ་འགྱེལ་ཞིང་འཇག་མས་གང༌། སྲིང་མོ་སྤྲང་དུ་སོང་བས་ནུབ་མོ་གཟིམ་མ་ཟིན། ཐོ་རངས་སྐྱོ་ཕྱེད་དེ་བ་ལ། མི་རྟག་པའི་མགུར་གསུངས། དེ་ནས་སློབ་དཔོན་རྙིང་མ་བའི་དྲུང་དུ་བྱོན་ནས་མི་རྟག་པའི་མགུར་གསུངས། ཨ་ནེ་ཕུ་འབྲོག་མདའ་ཞིང་འཛོམས་ཡོད་པས་དེར་སོང་དང་རྒྱག་ཆུ་ལ་ཕན་པ་ཞིག་སྟེར་འོང་གིས་གསུངས། དེར་ཨ་ནེ་ཅན་དུ་སོང་ཙ་ན་སྤྲང་བོ་ཕ་མེས་བླ་འཚོང་བོ་ཟེར་ནས་སྦྲ་ཡི་ཀ་བས་བརྡུང༌། གུང་ཐང་ཕུག་ཏུ་བཞུགས་དུས་ཕྱེ་དུམ་པ་ཞིག་ཞིང་རིན་ཡིན་ཟེར་བསྐྱལ། རག་མ་བྱང་ཆུབ་ནམ་མཁའ་རྫོང་དུ་བསྒོམས་པས་རྨི་ལམ་བརྡ་ཤར་གྱི་མགུར་མཛད། བྲག་དཀར་སྤོ་མཐོན་དུ་ཟྭ་ཚྭ་མེད་རྡོལ་མེད་གསོལ་བས་སྐུ་ལུས་ཤེད་མེད་པར་གྱུར། ཉིན་གཅིག་ཡུལ་མིས་མཐོང་བས་འདྲེ་རེད་ཟེར་ཞིང་བྲོས། ཡང་སྒྲོ་ཚོལ་མི་འགའ་བྱུང་བས་ཙམ་པ་དུམ་པ་ཞིག་བྱིན་པ་ཟྭ་ལ་བཏབ་ནས་གསོལ་བས་ཁམས་དྭངས། དེར་ཡུལ་མིས་རྗེ་བཙུན་གྱི་ལོ་རྒྱུས་བཤད་པས་པེ་ཏས་ཚོལ་ནས་མཇལ་དུ་ཕྱིན། སྐུ་ལུས་མཐོང་བས་ཡིད་སྡུག་ནས་མང་དུ་ངུས། འདིར་ཤི་བས་མི་ཕན་བསོད་སྙོམས་ལ་སོང་ཟེར་བས། སྡིག་ཆེ་བས་དགེ་སྦྱོར་མ་འགྲུབ་ན་བསོད་སྙོམས་ལ་མི་འགྲོ་གསུངས།
      ཡང་པེ་ཏས་ཆང་སྦང་ཟོ་བ་གང་དང་ཤ་ཟན་ཅུང་ཟད་ཁུར་བ་ཚོགས་འཁོར་མཛད་ཡང་ཉིན་གཅིག་སྣམ་བུ་སྲེ་བོ་ཞིག་ཁྱེར་ནས་འདི་ལ་གོས་གྱིས་ལ་བླ་མ་བ་རི་བའི་ཉེ་གནས་ལ་འགྲོ་ཟེར་བས་དེར་ཆོས་བརྒྱད་སྤང་བའི་མགུར་གསུངས། གཞན་ཡང་ཁྱི་ར་བ་དང་གཤིན་རྡོར་མོ་སོགས་ཀྱིས་འཚོ་བ་ཅུང་ཟད་རེ་སྦྱར་བ་ལ་སྨོན་ལམ་དང་བསྔོ་བ་མཛད། དེ་ལྟར་གནས་དེར་ལོ་དྲུག་སོང༌། དེ་ནས་བྲག་དམར་མཆོང་གླིང་ཁྱུང་གི་རྫོང་ལ་ལོ་བཅུ་གཉིས་ཀྱི་དམ་བཅའ་བྱས་ནས་ཡུལ་མིས་མི་ཚོར་བར་ཤི་ཨི་ཐུབ་བསམ་པ་མཛད་གསུངས། ཉིན་གཅིག་ཐུག་མ་བཏུས་ནས་རྡོ་ལེབ་སྟེང་དུ་བཏིང་བས་རླུང་གིས་གཏོར་ཤིང་སྐམ་པོ་བཅག་པས་འགྱེལ་ནས་དབང་བོ་མ་བྱུང༌། ལྷག་པས་བརྒྱལ་སངས་ནས་ཡིད་སྐྱོ་བའི་སྐབས་བླ་མ་བཞུགས་པའི་ཕྱོགས་ནས་སྤྲིན་དཀར་བོ་བྱུང་བར་བླ་མ་དྲན་དྲུག་གི་མགུར་མཛད། སྤྲིན་སྣམ་བུ་རྐྱང་འདྲའི་སྣེ་མོར་བླ་མ་མར་བ་ཞལ་གཟིགས་ནས་དགའ་དྲགས་པའི་གསོལ་འདེབས་མཛད། དེ་ནས་ཕུག་པར་ཨ་ཙ་ར་བདུན་གྱི་ཆོ་འཕྲུལ་ལ་བྱམས་སྙིང་རྗེའི་མགུར་མཛད་པས་འཇའ་ཡལ་བ་བཞིན་སོང༌། དེར་ལོ་བཅུ་གཉིས་ཀྱི་དམ་བཅའ་རྫོགས། དེ་ནས་ལ་ཕྱི་ཆུ་བཟང་དུ་བྱོན་ནས་བསྒོམས་པས་ལྷ་འདྲེས་ཆོ་འཕྲུལ་སྣ་ཚོགས་བྱུང་བ་ཟིལ་གྱིས་མནན། ཕྱི་ནང་ཁ་ཟས་ཀྱི་བྱེ་བྲག་མང་བོ་ཕུལ་བ་བཞེས་པས་ཟླ་མང་བོར་འཚོ་བ་མི་དགོས་པ་བྱུང༌། སྙེ་ནམ་དུ་གཤིན་རྡོར་མོ་སྟོན་པ་ཤཱཀྱ་གུ་ཎ་སོགས་ཀྱིས་བསྙེན་བཀུར་ཡོན་བདག་བྱས། རྗེ་བཙུན་ལ་ཕྱི་གངས་དུ་ཕྱེ་བྲེ་དོ། ཤ་གཟུག་གཅིག་མར་ཤག་གཅིག་བསྣམས་ནས་བྱོན་པ་ལ། སྟག་ཡོས་གཉིས་ཀྱི་ལོ་མཚམས་སུ་ཁ་བ་ཉིན་མཚན་བཅོ་བརྒྱད་བབས་ལམ་ཆད། ཡོན་བདག་རྣམས་ཀྱིས་འདས་མཆོད་ཕུལ།
      ཕྱིས་ཟླ་བ་བདུན་པའི་ནང་ཡུལ་མི་དྲུག་འཚོལ་དུ་སོང་བས་རྗེ་བཙུན་དང་མཇལ། རྗེ་བཙུན་གཟི་མདངས་ཆེ་བར་བཞུགས་པས་ལྷ་འདྲེས་འཚོ་བ་ཕུལ་བ་འདྲ་ཞུས། སྐབས་འགར་མཁའ་འགྲོ་མས་ཚོགས་སྐལ་དང༌། སྐབས་འགར་མི་མ་ཡིན་གྱི་འཚོ་བ་སྦྱར་གསུངས། དེ་ནས་སྙེ་ནམ་གྱི་བྲག་ཕུག་ལ་བཞུགས་སྐབས་རས་ཆུང་བ་སོགས་སྐལ་ལྡན་གྱི་སློབ་ཚོགས་མང་དུ་འདུས་ནས་ཆོས་གསུངས། གཞན་ཡང་ཤེལ་ཕུག་ནམ་མཁའི་རྫོང་དང༌། སྐྱིད་ཕུག་ཉི་མ་རྫོང་དུ་ཡོན་བདག་འདུས་ནས་ཆོས་ལ་བཀོད་པའི་མགུར་མཛད། དེ་ནས་ལིང་བའི་བྲག་ཏུ་བྲག་སྲིན་མོ་ལ་མགུར་གསུངས་ནས་དམ་ལ་བཏགས། དེ་ནས་སློབ་ཚོགས་རྣམས་ཀྱིས་ལིང་བའི་བྲག་ནས་སྙེ་ནམ་བྲོད་ཕུག་ཏུ་གདན་དྲངས་པེ་ཏ་དང་ཨ་ནེས་ཆོས་ཞུས། དེར་རྗེ་བཙུན་གྲགས་པའི་སྙན་པས་ཁྱབ་ནས་སྡེ་རྣམས་ཀྱིས་ཚོགས་གསོགས་དང༌། རས་པའི་སློབ་ཚོགས་མང་དུ་བྱུང༌། སྙེ་ནམ་དུ་ལོ་སྟོན་དར་ལོ་གཉིས་ཀྱིས་གཙོར་བྱས། བཀའ་གདམས་པའི་མཚན་ཉིད་རྣམས་ཕྲག་དོག་གིས་རྩོད་པ་བྱས་པར། སྙེ་ནམ་རིའི་དགོན་པ་ན། །མི་ལ་རས་པ་སྒོམ་པ་ལ། །སྟོན་པ་ལོ་སྟོན་ཟུག་རྔུ་སྐྱེས། །དེ་རང་སྟོན་པ་ཨེ་མ་འཁྲུལ། །ཡོན་བདག་ཕོ་མོའི་དད་ཟས་ལ། །ཁྱེད་མཁས་བཙུན་བཟང་བོ་སེར་སྣ་སྐྱེས། །དེ་རང་མཁས་པ་ཨེ་མ་འཁྲུལ། །དོན་མེད་ཚིག་གི་སྟོང་སྒྲ་ལ། །དོན་བདེན་པར་མ་འཛིན་སྟོན་པ་ལགས། །ཚིག་ཐ་སྙད་མུ་སྟེགས་རྟོག་པ་ལ། །ཚེ་སུམ་གཉིས་ཟད་པ་མ་ཚོར་རམ། །རྟོག་གེའི་ངན་ཚིག་སྣ་ཚོགས་ལ། །ཚེ་སྟོང་བར་མ་ཟད་སྟོན་པ་བ། །ངས་ཚིག་ངན་གྱི་ཡ་བོ་ལབ་མི་ཁོམ། །མུ་སྟེགས་སྟོན་པ་དྲང་མི་ལ། །ཚད་མི་ཚོད་མ་འཐུང་མ་མྱོང༌། །ད་རེས་རྩོད་པ་སྟོན་པ་རྒྱལ། །ཅེས་གསུངས་ཤིང་རིམ་ཀྱིས་ཆོས་ཀྱི་དྲི་བ་དང་གསུང་མགུར་མཛད་པས་མཐར་གདམས་ངག་ཞུས་ནས་སྟོན་སྒོམ་ཆེ་བར་གྱུར།
      དེ་ནས་རས་ཆུང་བ་རྒྱ་གར་དུ་འབྱོན་གསུངས་པར་བཤོལ་མ་ཐེབས་ནས། སྙེ་ལམ་དུ་གསེར་ཅུང་ཟད་བསོད་སྙོམས་སུ་ཕུལ་བ་རས་ཆུང་བའི་རྫོངས་མཛད་ནས། ད་རེས་བླ་མ་མར་བའི་བཀའ་བཞིན་ལུས་མེད་མཁའ་འགྲོའི་ཆོས་སྐོར་ལྔ་རྒྱ་གར་ནས་ལེན་རྒྱུ་ཡོད་གསུངས་པ་ད་རེས་གདན་དྲོངས་ཤོག་གསུངས། དེ་ནས་རས་ཆུང་རྒྱ་གར་དུ་བྱོན་ནས་ཏི་པུ་པ་དང༌། མ་གཅིག་གྲུབ་པའི་རྒྱལ་མོ་སོགས་མཇལ་ནས་གསེར་གྱི་མཎྜལ་ཕུལ་ཏེ། ལུས་མེད་མཁའ་འགྲོའི་ཆོས་སྐོར་ལྔ་དང༌། གཞན་ཡང་གདམས་པ་ཟབ་ཁྱད་ཅན་མང་བོ་ཞུས། ཏི་པུ་པས་ག་པུར་གུར་གུམ་སིནྡྷུ་ར་ཨ་ཀ་རུ་ནག་པོའི་འཁར་བ་རྣམས་རྗེ་བཙུན་ལ་ཕྱག་རྟེན་དུ་བསྐུར། དེ་ནས་རས་ཆུང་བ་བལ་བོར་ཕེབས་ནས་དེ་ན་མུ་སྟེགས་ཀྱི་སྟོན་པ་ངན་སྔགས་སྣ་ཚོགས་ཤེས་པ་ཞིག་འདུག་པ་ལ་གསེར་ལྷག་མ་རྣམས་ཕུལ་ནས་ངན་སྔགས་རྣམས་ཞུས་ནས་འོང་བ་ན། རྗེ་བཙུན་བྲག་དམར་མཆོང་གླིང་ན་བཞུགས་ནས་གཟིགས་པར། རས་ཆུང་བ་ཤེལ་གྱི་མཆོད་རྟེན་ཞིག་ཏུ་ཡོད་པ་ལ། ངན་སྔགས་སྣ་ཚོགས་ཞུས་ནས་རླུང་དམར་འཚུབས་མ་གཅིག་ཏུ་གྱུར་སོང་བས་ལམ་དུ་བར་ཆད་བྱུང་བར་མཁྱེན་ནས། དཔལ་མོ་དཔལ་ཐང་ལ་བསུ་བར་བྱོན། རས་ཆུང་བ་དང་འཕྲད། དེར་སེར་བ་བབས་པས་རས་ཆུང་བ་དབུ་གཏུམས་ནས་བཞུགས་སེར་བ་སྲབ་སྐབས་རྗེ་བཙུན་མ་བཞུགས་པ་ལ་གར་བྱོན་བཙལ་བས་གཡག་རྭ་ཞིག་གི་ནང་དུ་རྗེ་བཙུན་ཆུང་དུ་མ་སོང༌། གཡག་རྭ་ཆེ་རུ་མ་སོང་བར་དེར་ཤོག་གསུངས་ཀྱང་མ་ཐར། རྗེ་བཙུན་སྒོར་བྱོན་ཏེ་ལྟ་སྟངས་མཛད་པས་སྤྲིན་དྭངས། དེ་ནས་རུ་བར་རྒན་མོ་ཞིག་ལ་བསོད་སྙོམས་བྱས་པས་གཏད་དུ་མ་ཉན། རྒྱང་དེར་ཕེབས་ནས་གཟིམས། ནང་བར་རུ་བ་གཞན་མི་འདུག །རྒན་མོ་ཤི་བ་གཟིགས་ནས་བསྔོ་སྨོན་མཛད། ཟ་མ་ཟོས་འཕྲོ་ཅུང་ཟད་ཡོད་པ་བསྣམས་ནས་བྲག་དམར་མཆོང་གླིང་དུ་བྱོན། དེར་རས་ཆུང་བ་ཆུ་ལེན་དུ་བྱོན་པའི་ཕར་ཁར་རྐྱང་ཕ་མ་བདུན་དང༌། སྤྱང་ཀི་མ་བུ་བདུན་བརྩེ་ཞིང་འདུག་པ་མཐོང་བས་ཐུགས་ཡེངས་སོང་བ་དང༌། དེ་ནས་ཡར་བྱོན་པས་ཤོག་བུའི་ཚིག་དྲི་བྲོ་བས་གོང་ནས་གདམས་ངག་ལ་སྙད་འདོགས་ལུགས་ཀྱིས་སྲེག་གམ་སྙམ་པས་དཔེ་ཁུག་སྟོང་བར་གཟིགས། དེར་དད་པ་ལོག་ནས་སེམས་སྡུག་པས་རྗེ་བཙུན་གྱིས་སྐུ་ལུས་ཀྱི་བཀོད་པ་དང་རྫུ་འཕྲུལ་སྣ་ཚོགས་བསྟན་ཅིང་རྐྱང་མགུར་སྐོར་གསུམ་སོགས་མཛད་ངན་སྔགས་བསྲེགས་པ་མ་གཏོགས་གཞན་མཁའ་འགྲོའི་ཕྱག་ཏུ་ཡོད་པས་གསོལ་བ་ཐོབས་གསུངས། དེར་བྲག་གསེབ་ནས་དཔེ་ཀུན་ཆིལ་གྱིས་བྱུང་བས་དེ་ནས་མི་ལྡོག་པའི་དད་པ་སྐྱེས་སོ། །ཡང་ཉིན་གཅིག་སྐུ་ལུས་བཀོད་པ་དྲུག་མཛད་པ་ལས་མཐོང་སྣང་སྣ་ཚོགས་འདི་ཇི་ལྟར་ལགས་ཞུས་པས། སྣ་ཚོགས་ཆུ་ཡི་སྣོད་རྣམས་སུ། །ཇི་ལྟར་ཟླ་བའི་དཀྱིལ་འཁོར་བཞིན། །དག་པའི་འགྲོ་རྣམས་ཐམས་ཅད་ལ། །ཐ་དད་སྣང་ཡང་དེ་བཞིན་མིན། །ཞེས་སོགས་གསུངས་སོ། །ཡང་ཉིན་གཅིག་ཟད་པར་གྱི་ཏིང་ངེ་འཛིན་དུ་མ་བསྟན་པ་དེ་ཇི་ལྟར་ལགས་ཞུས་པས། མེ་ཡིས་མི་ཚིག་ཆུས་མི་བྱིང༌། །སྤྱོད་པ་གླང་ཆེན་འགྲོས་ཀྱི་གར། །དག་པའི་འགྲོ་རྣམས་ཐམས་ཅད་ལ། །ཐ་དད་སྣང་ཡང་དེ་བཞིན་མིན། །ཞེས་སོགས་གསུངས་སོ། །ཡང་མ་ཇོ་ལྕམ་མོའི་ཚོགས་འཁོར་གཅིག་བསྐོར་བའི་གྲལ་དུ་ཁྱེད་ལ་སློབ་མ་གྲུབ་ཐོབ་ཨེ་ཡོད་ཞུས་པས། མཁའ་འགྲོའི་ལུང་བསྟན་སྤྲུལ་བའི་སྐུ། དྭགས་པོ་ཉི་མ་འགྲོ་ལ་འཆར། །རས་ཆུང་ཟླ་བ་སྤྲུལ་བའི་སྐུ། །སྒོམ་སྟག་ཇོ་དར་ཞི་བ་འོད། །འབྲི་སྒོམ་ལ་སོགས་ཉི་ཤུ་ལྔས། །འགྲོ་དོན་བྱེད་འབྱུང་མཁའ་འགྲོའི་གསུངས། །གྲུབ་ཐོབ་ལྔ་དང་རྟོགས་ལྡན་བརྒྱད། །རང་བྱུང་ཉམས་ཤར་བརྒྱ་རྩ་བརྒྱད། །ཆོས་མཐུན་སློབ་མ་སྟོང་རྩ་འོང༌། །ཆོས་འབྲེལ་ཐོབ་པ་ཁྲི་འབུམ་སྟེ། །ལག་ལེན་སྐྱོང་བ་འགའ་རེ་འདུག །ཁྱོད་དྲི་རྟོག་བྱེད་པ་བག་ཆགས་བཟང༌། །གསུངས་སོ། །དེ་ནས་བལ་བོའི་རྒྱལ་བོ་ལ། མགུར་གསུངས་པ་དང༌། རྒྱ་གར་གྲུབ་ཐོབ་དྷརྨ་བོ་དྷི་དང༌། བོད་ཀྱི་མི་ལ་རས་པ་གཉིས་བལ་ཡུལ་དུ་མཇལ་འཕྲད་མཛད་པའི་སྐོར་དང་གུང་ཐང་སྣ་རྩེའི་ཕུག་ཏུ་ལྷ་ཡི་བུ་མོ་བརྒྱད་བྱུང་ནས་ཆོས་ཞུས་པ་དང༌། དིང་རི་ནས་ཕ་དམ་པ་ཚུར་བྱོན། རྗེ་བཙུན་གཉའ་ནང་ནས་ཕར་བྱོན། ཐོང་ལའི་ལ་ཁར་ཆོས་དང་རྫུ་འཕྲུལ་མཛད་པ་དང༌། སྐྱིད་ཕུག་ཉི་མ་རྫོང་དུ་ཁྱི་ར་བ་མགོན་པོ་རྡོ་རྗེ་རྗེས་སུ་བཟུང་ཕྱིར་ཤྭ་གྲོལ་ཁྱི་གྲོལ་མཛད་པའི་སྐོར་དང༌། ཡང་གཙང་གི་ག་ར་ཁ་ཆེའི་མགྲོན་ཁང་དུ་དགེ་བཤེས་གཡག་རུ་ཐང་བ་དང་སེ་བན་སྟོན་ཆུང་གཉིས་རྗེས་སུ་བཟུང༌། བྲིན་གྱི་ཕུག་པར་འདྲེ་དམག་གི་ཆོ་འཕྲུལ་བསྟན་པར་ཆོས་གསུངས་ནས་དམ་ལ་བཏགས་པ་དང༌། རས་ཆུང་བ་དང་ལེགས་སེ་འབུམ་རྣམས་ཀྱིས་དབང་བསྐུར་ཞུས་པའི་སྐབས་བུམ་པ་ནམ་མཁར་འཕར་ནས་དབང་བསྐུར་བ་དང༌། ཐང་སྐུ་ལ་རབ་གནས་མཛད་པ་མེ་ཏོག་རང་འབྱར་དུ་སོང་བ་རྣམས་དང༌། ཆུ་མིག་དངུལ་འབུམ་དུ་རས་པ་ཞི་བ་འོད་རྗེས་སུ་བཟུང་བའི་སྐོར་དང༌། གུང་ཐང་ལྷོ་སྒོ་ན་ཉ་མ་བཙུན་སེང་རྗེས་སུ་བཟུང་བ་དང༌། གངས་ཏི་སེར་བྱོན་ནས་ནཱ་རོ་བོན་ཆུང་དང་རྫུ་འཕྲུལ་འགྲན་པས་མཐར་ཟིལ་གྱིས་མནན་ནས་ཚར་བཅད་པ་དང༌། གུང་ཐང་ཡངས་པ་ཅན་དུ་བུད་མེད་རྗེས་སུ་བཟུང་བ་སྙན་བརྒྱུད་ཀྱི་བདག་མོར་གྱུར་པ་དང༌། ལྕིམ་ལུང་གི་ཆུ་མཐའ་མཁར་ཕུར་བྱོན་དུས་ངན་རྫོང་བྱང་ཆུབ་རྗེས་སུ་བཟུང་བ་དང༌། གཙང་གི་དིང་རི་མཁར་དམར་དུ་ལྷ་རྗེ་གཡང་ངེ་ལ་མགུར་མཛད། གཙང་བོང་རོང་གི་གྲོང་དུ་རྟོགས་ལྡན་རས་ཆུང་མ་རྗེས་སུ་བཟུང་བའི་སྐོར་རྣམས་སོ། །དེ་ནས་རེས་གཅིག་གི་ཚེ་རྗེ་བཙུན་ཆུ་བར་ན་ཏིང་ངེ་འཛིན་ལ་བཞུགས་པའི་ཚེ་ཆུ་ཕོ་འབྲུག་ལོ་དཔྱིད་ར་བའི་ཚེས་བརྒྱད་ལ་ཤ་ཟ་ཆེན་མོ་ལྔས་ཆོ་འཕྲུལ་བར་ཆད་བརྩམ་པར་ཟིལ་གྱིས་མནན་པས་ཕྱག་འཚལ་ནས་སོང༌། ཡང་དབྱར་ར་བའི་ཚེས་བཅུའི་ནུབ་མོ་མཚར་སྡུག་ཅན་གྱི་བུ་མོ་ལྔས་མཆོད་ཅིང་སེམས་བསྐྱེད་སྡོམ་པ་ཞུས་ནས་ཞབས་སྤྱི་བོར་བླངས་ནས་སོང༌། ཡང་སྟོན་འབྲིང་བོའི་ཚེས་བཅུ་གཅིག་དགུང་མོར་བུད་མེད་གཅིག་གིས་ཇོ་མོ་བྲོ་འཚལ་བས་སྤྱན་འདྲེན་པར་ཞུས་ནས་དར་གྱི་སྣམ་བུའི་སྟེང་ནས་གདན་དྲངས། ཡུལ་གྱི་ཕྱུགས་རྫིས་དམར་ཐབ་ཀྱིས་མཁྲེན་པར་གྱུར་པའི་ཡུལ་མི་ལ་ཡང་ཡམས་རིམ་བྱུང༌། དེར་ཡི་གེ་བརྒྱ་བའི་ཁྲུས་དང༌། སྒྲོལ་མ་ཀུ་རུ་ཀུལླེའི་གཟུངས་སྒྲུབ། གཙུག་ཏོར་རྣམ་རྒྱལ་གྱིས་ཚེ་བསྲིང་མཛད་པས་ནད་ཡམས་ཐམས་ཅད་ཞི། ཟླ་བ་དེའི་ཉེར་དགུའི་ཉིན་ཚེ་རིང་མཆེད་དང་ཡུལ་བདག་གིས་བར་དོའི་ཁྲིད་ཞུས། བྱི་བ་ཟླ་བའི་ཚེས་བརྒྱད་ནུབ་མོར་ངོ་མཚར་བའི་གསང་མཆོད་ཕུལ་ཏེ་བསྟན་པ་བསྲུང་བར་དམ་བཅའ་ཕུལ་ལོ། །དེ་དག་ནི་བཀྲ་ཤིས་ཚེ་རིང་མའི་ཞུས་ལེན་གྱི་སྐོར་རོ། །དེ་ནས་རས་ཆེན་རས་ཆུང་གཉིས་བཅས་ཅོག་རོ་འབྲིང་མཚམས་སུ་རས་ཆུང་མ་རྗེས་སུ་བཟུང་བས་གྲུབ་པ་བརྙེས་ནས་མཁའ་སྤྱོད་དུ་གཤེགས་སོ། །དེ་ནས་རས་ཆུང་བ་རྒྱལ་ཁམས་བསྐོར་བར་གཤེགས་པ་ལ་བཤོལ་མ་ཐེབས་པར་བྱོན་པའི་དེ་དག་གི་ལོ་རྒྱུས་རས་ཆུང་བ་ཉིད་ཀྱི་རྣམ་ཐར་དུ་གསལ་ལོ། །དེ་ནས་རྗེ་བཙུན་གྱི་མདུན་དུ་རས་པ་བསྒྲེས་པ་རྣམས་བཞུགས་པའི་སྐབས་རས་ཆུང་བས་རྗེ་བཙུན་ལ། རང་རེ་རྣམས་ལྷོ་བྲག་མར་བའི་རྒྱུད་འཛིན་དུ་འདུག་པས། ངེད་སློབ་མ་རྣམས་ལ་རྒྱུད་པ་འཛིན་ཅིང་འཚོགས་པ་སྐྱོང་བ་འགའ་རེ་ཨེ་འོང་ཞུས་པས། རྒྱུད་འཛིན་དམ་པ་ཞིག་སྤྱན་སྔར་ཡོང་གསུངས། དེར་ཞག་བཅོ་ལྔ་ནས་དྭགས་པོ་སྙི་སྒོམ་སྤྱན་སྔར་བྱོན། ཕྱག་རྟེན་དུ་ཇ་གསེར་ཕུལ་བ་ཆོས་རྒྱགས་གྱིས་གསུངས་ནས་གནང༌། དེ་ནས་རྗེ་བཙུན་གྱིས་སྣེ་ལེན་གྱི་མགུར་མཛད། དེ་ནས་དབང་བསྐུར་དང་རྗེ་བཙུན་རྣལ་འབྱོར་མའི་ཐབས་ལམ་ལ་སོགས་པའི་གདམས་ངག་ཞུས་ནས་བསྒོམས་པས་ཐབས་སྟོན་ཁྱད་པར་ཅན་འཁྲུངས༌། བདེ་མཆོག་མཁའ་འགྲོ་སྙན་བརྒྱུད་ཀྱི་བཀའ་རྒྱས་པར་མཛད། ཉམས་ཀྱི་འཆར་སྒོ་དང་རྨི་ལམ་གྱི་བརྡ་དོན་རྣམས་ཞུས་ལེན་གྱི་མགུར་མཛད། བར་དོའི་གདམས་པ་དང༌། ཞལ་གདམས་སྐྱེས་མགུར་གྱི་ཚུལ་དུ་མཛད། ད་ནི་གདམས་ངག་ཐམས་ཅད་རྫོགས་པས་ཁྱོད་ལ་ཡོན་ཏན་སྐྱེ་བ་ལ་དཀའ་ཚེགས་མི་དགོས། འདིར་ཐོག་མར་ཕྱིན་པའི་ནུབ་མོ་ཁྱུང་གཅིག་བྱ་རྒོད་མང་བོས་བསྐོར་བ་མེ་ཏོག་སེར་བོའི་གླིང་དུ་བབས་པ་རྨིས། བླ་མ་གོང་མ་རྣམས་ཀྱིས་བརྒྱུད་འཛིན་ལུང་བསྟན་ལྟར་ང་ཡི་བརྒྱུད་པ་འདི་ཁྱོད་ལ་གཏད་པས་ཟུང་དང་སྒྲུབ་བརྒྱུད་ཀྱི་བསྟན་པ་དར་བར་འགྱུར་རོ། །ད་དབུས་སུ་སོང་ལ་སྒྲུབ་གནས་སྒམ་པོ་ལུང་བསྟན་པ་དེར་སྒྲུབ་པ་གྱིས། བུ་ཁྱོད་ཡོས་ཀྱི་ལོ་རྟའི་ཟླ་བའི་ཚེས་བཅུ་བཞི་ལ་བྲིན་དུ་སླེབ་པར་གྱིས་གསུངས་སོ། །དེ་ཐམས་ཅད་དྭགས་པོའི་ཞུ་ལེན་གྱི་སྐོར་དང༌། ཡང་རེས་ཤིག་གི་ཚེ། རས་ཆུང་བ་རྡོ་མོན་གྱི་མཚམས་སུ་ལུང་བསྟན་ཅིང་ད་ནི་རེས་ཤིག་དབུས་སུ་སོང༌། མ་འགྲོ་ཟེར་དུས་འགྲོ་རང་ཟེར། ད་མ་འདུག་པར་སོང་ལ་འགྲོ་དོན་གྱིས་གསུངས་ནས་ཞལ་ཏའི་མགུར་མ་མང་དུ་མཛད། རས་ཆུང་བས་ཀྱང་སྨོན་ལམ་ཞལ་མཇལ་ལ་སོགས་ཀྱི་མགུར་ཕུལ་ནས་བྱོན་ནོ། །དེ་ནས་སྙེ་ནམ་ཀྱི་མི་སྡེ་རྣམས་འདིར་ཤོག་ཚོགས་འཁོར་ཡོད་ན་བཟང་གསུངས། དེར་འདུས་ནས་ཚོགས་འཁོར་བསྐོར་ཏེ་ཆོས་མང་དུ་གསུངས། མགུར་བཞེངས་འཇའ་འོད་མེ་ཏོག་ཆར་དུ་འབེབས་པ་སོགས་ཡོན་ཏན་གྱི་ཁྱད་པར་མང་དུ་བྱུང༌། ཀུན་ལ་བསྔོ་སྨོན་ཞལ་ཏ་མཛད་པས་དགའ་སྤྲོ་དང་བཅས་པས་སོང་ངོ༌། །དེ་ནས་འབྲི་སྒོམ་དང་སེ་བན་རས་པ་ངན་རྫོང་རས་པ་སོགས་མང་དུ་འཚོགས་པ་ལ། བླ་མའི་ཞལ་ནས། རྣལ་འབྱོར་ལུས་ཀྱི་མེ་ཏོག་འདི། །འཆི་བདག་རྐྱེན་གྱི་བ་མོ་ཡིས། །བཅོམ་ཏེ་ཕ་རོལ་འགྲོ་དུས་སུ། །ང་ལ་མཐོང་སྣང་སྣ་ཚོགས་འོང༌། །ཞེས་གསུངས་ཤིང༌། འབྲི་སྒོམ་ཁྱེད་དྲང་བོ་ཡིན། ཇི་ལྟར་འོང་སྨྲོས་ཤིག་གསུངས་པ་ལ། རྗེ་བཙུན་ཆེན་པོ་ལ་མཐོང་སྣང་ལ་སོགས་སྐྱེ་འཆི་མི་མངའ་ཡང༌། དག་མ་དག་གི་མཐོང་སྣང་ལ་སོགས་འབྱུང་བ་ལགས་སམ་ཞུས་པས། ཁྱོད་ཀྱིས་གོ་ནས་འདུག་གསུངས། དེར་སེ་བན་གྱིས་རྗེ་བཙུན་གྲོང་ན་ཇི་ལྟར་བྱེད་ཞུས་པས། ལྷོ་བྲག་མར་བའི་བཀའ་དྲིན་གྱིས། །བྱ་བ་ཐམས་ཅད་བྱས་ནས་ཡོད། །མི་ལ་རས་པའི་སྙིང་རུས་ཀྱིས། །བྱེད་པ་ཐམས་ཅད་ཟིན་ནས་ཡོད། །ཅེས་སོགས་མགུར་མཛད་ཅིང༌། ད་ང་ཡི་ཤུལ་དུ་དངོས་པོ་ཆེན་པོ་མེད། ཨ་ག་རུ་ནག་པོ་འབའ་ཞིག་གི་ཕྱག་འཁར་དང༌། ཨ་རུ་ར་རྣམ་པར་རྒྱལ་བ་དང༌། རས་ཀྱི་པན་ཞུ་དང༌། རས་དུམ་གཅིག་དྭགས་པོ་ལ་བསྐུར། སྦ་བེར་དང་རས་དུམ་གཅིག་རས་ཆུང་བ་ལ་བསྐུར། གྲི་གུ་མེ་ཆ་མ་འདི་ངན་རྫོང་སྟོན་པ། རུས་པའི་ཐུར་མ་འདི་འབྲི་སྒོམ་རས་པ། པཎ་ཞུ་ཧྲུལ་པོ་འདི་སེ་བན་ནས་ཟུང༌། རས་འདི་དུམ་བུ་གྱིས་ལ་རས་པ་རེ་རེ་ལ་རེ་རེ་བྱིན། ནོར་ཆེ་བ་མིན་ཏེ། དངོས་གྲུབ་སྣ་རེ་འོང་སྲིད། སྒོམ་ཁང་གི་ཕུག་པར་གསེར་ཞིག་ཡོད་པ་ལ་འགྱེད་གྱིས་གསུངས་སོ། །དེར་མ་དག་པའི་བོན་སྟོན་གཅིག་གིས། ཡུལ་དུ་ནད་ཡམས་དཀོན་པ་རྗེ་བཙུན་གྱི་བྱིན་རླབས་ཡིན་ཏེ། ང་ཡི་ཁ་ཡི་ཟ་ཕུ་འགགས་ཟེར་ནས། མཛེ་མོ་གཅིག་ལ་རྔན་དུ་གཡུ་བྱིན་ནས། ཞོ་ཕོར་བ་གང་ལ་དུག་བཏབ་དེ་བསྐུར་བ་དྲངས་པ་དང༌། རྗེ་བཙུན་མཛེ་མོ་ཁྱོད་ཀྱིས་གཡུ་ཐོབ་པར་བྱ་བའི་ཆེད་དུ་འཐུང་བ་ཡིན་གསུངས་ནས་གསོལ་བ་དང༌། ཕོར་བ་ཡང་བཀྲུས་ནས་གནང་སྟེ། མཁའ་འགྲོ་མ་ཡི་ཆད་པས་དེ་ནུབ་བོན་པོ་ཤི་བས་དུག་དྲངས་པར་ཤེས་ཏེ། ཨ་ག་མཁྱེན་བཞིན་དུ་གསོལ་བའི་དཔེ་ཡོད་དམ་ཞུས་པས། ཨ་མཚར་བོ་ང་ཡི་འདུལ་ཞིང་ཐམས་ཅད་རྫོགས་པ་ཡིན། གསུངས་ནས་གསོལ་འདེབས་དང་བསྔོ་བ་མང་དུ་མཛད་ཅིང་བོན་པོ་མཛེ་མོ་གཉིས་ཀྱང་མཐོ་རིས་སུ་དྲངས་སོ། །དེ་ནས་རྗེ་བཙུན་ཆེན་པོ་དེ་གཞོན་ནུ་ནོར་བཟང་དང༌། ནཱ་རོ་ཆེན་པོའི་རྣམ་ཐར་བཞིན་དཀའ་བ་དཔག་ཏུ་མེད་པས་བླ་མ་དམ་པ་བསྟེན་ཅིང༌། གདམས་པ་ཟབ་མོའི་ཐུགས་བལྟམས་ཏེ། རི་ཁྲོད་རྣམ་དག་ཏུ་ལུས་སྲོག་ལ་ལྟོས་པ་མེད་པར་སྒྲུབ་པ་ཁས་བླངས་ཤིང་བསྒོམས་པས༌། མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ཐོབ་སྟེ། འགྲོ་བ་མི་དང་མི་མ་ཡིན་པ་དཔག་ཏུ་མེད་པ་སྨིན་གྲོལ་གྱི་ལམ་ལ་བཀོད་ཅིང༌། མཐར་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་མཛད་པ་དང་སྒོ་བསྟུན་ནས་ལེ་ལོ་ཅན་ཆོས་ལ་བསྐུལ་བའི་ཕྱིར་དགུང་ལོ་བརྒྱད་ཅུ་རྩ་བཞི་བཞེས་པའི་དུས་སུ། ཆུ་མོ་ཡོས་ཀྱི་ལོ་རྟའི་ཟླ་བའི་ཚེས་བཅོ་ལྔའི་ཉི་མ་རི་རྩེར་ཤར་བ་ལ། མ་དག་པའི་སྣང་ངོར་མྱ་ངན་ལས་འདས་པའི་ཚུལ་བསྟན་ཏེ། དེའི་དུས་སུ་དག་པའི་སྒོམ་ཆེན་རྣམས་ལ་འདུ་འབྲལ་མེད་པར་བཞུགས་པའི་སྣང་བ་དང༌། འགའ་ཞིག་ལ་མཁའ་སྤྱོད་དུ་བྱོན་པ་དང༌། སེང་གེ་ལ་བཅིབས་ནས་འབྱོན་པ་ལ་སོགས་མཐོང་སྣང་ཐ་དད་པ་བྱུང་ཞིང༌། ནམ་མཁའ་ཐམས་ཅད་འཇའ་འོད་ཀྱིས་ཁྱབ་ཏེ། མེ་ཏོག་སྣ་ཚོགས་ཀྱི་ཆར་ལ་སོགས་པ་ལྟས་ངོ་མཚར་ཅན་དུ་མ་བྱུང་ངོ༌། །དེར་ཐམས་ཅད་ཚོགས་ཏེ་གདུང་བཞུ་བ་ལ་མ་འཆམས་པས། བྱིས་སྦ་རལ་བ་ཁམས་སེག་གེ་བ་གཅིག་ནམ་མཁའ་ལ་གར་བྱེད་ཅིང༌། ཁྱེད་ཅག་མི་ཡུལ་གླེན་པ་འདིར། །མི་ལ་རས་པའི་གདུང་ལ་རྩོད། །བརྩད་པས་ཐོབ་ཏུ་མི་འཇུག་པ། །མཁའ་འགྲོ་སྤྱི་ཡི་དམ་ཚིག་ཡིན། །ཅེས་སོགས་དང༌། ལུང་བ་གཉིས་ཀྱི་རབ་སྒང་འདིར། བཞུས་ན་ཕན་པ་ཤིན་ཏུ་ཆེ། ཟེར་བས་བྲིན་ཆུ་བར་གྱི་བྲག་སྟེང་དུ་བཞུས་པས་མཛེ་ནད་ཐམས་ཅད་ཆད་དོ། །ཡང་མཁའ་འགྲོ་མ་རྣམས་ཀྱི་ནམ་མཁའ་ནས། རཾ་ཡེ་ཤེས་གཏུམ་མོ་མེ་ལྷའི་མེ། །ཞེས་སོགས་མགུར་བླངས་པས་ཐུགས་ཀ་ནས་མེ་རང་བྱུང་དུ་འབར་བ་ལས། མཁའ་འགྲོ་མས་རྗེ་ཡིད་བཞིན་ནོར་བུ་གཤེགས་པ་ལ། ལ་ལ་ངུ་ཞིང་ལ་ལ་བརྒྱལ། བརྒྱལ་སངས་མྱ་ངན་བྱེད་དུས་འདིར། རང་བྱུང་མེ་ནི་རང་འབར་འགྱུར། ཅེས་སོགས་གདུང་དབྱངས་མགྲིན་གཅིག་ཏུ་མཛད་དོ། །དེར་གདུང་ཁང་གི་སྟེང་དུ་གདུང་རིང་བསྲེལ་འདུས་པའི་གོང་བུ་འོད་འཕྲོ་བ་གཅིག་འདུག་པ་ལ། ཞི་བ་འོད་དང༌། སེ་བན་གཉིས་ཀྱིས་མགུར་བླངས་ནས་གསོལ་བ་བཏབ་པས། མཆོད་རྟེན་གཅིག་ཏུ་གྱུར་ནས་བསྐལ་བཟང་གི་སངས་རྒྱས་སྟོང་དང༌། བླ་མའི་སྐུ་གཅིག་ཏུ་འདུས་པས་མགུར་མཛད་ཅིང༌། ནམ་མཁར་འཁོར་ལོ་བདེ་མཆོག་ཁྲ་དཔུང་ངེ་བ་གཅིག་ཡོད་པ་ལ་ཐིམ་མོ། །མཆོད་རྟེན་མཁའ་འགྲོ་མ་དཀར་མོ་གཅིག་གིས་གདན་དྲངས་པ་ལ། ཞི་བ་འོད་ཀྱིས་མགུར་མཛད་ཅིང་གསོལ་བ་བཏབ་པས། མཆོད་རྟེན་གྱི་ནང་ནས་རྗེ་བཙུན་གྱི་མགུར་མཛད་པ་དང༌། མཁའ་འགྲོ་མས་མཆོད་རྟེན་བུ་ཆེན་རྣམས་ཀྱི་དབུ་ལ་རེག་ཙམ་རེ་བྱས་ཏེ་ནམ་མཁར་གདན་དྲངས་སོ། །དེ་ནས་ལེགས་སེ་ན་རེ། བླ་མའི་རྣམ་པར་ཐར་པ་དེ་ལ་གསེར་མེད་ཟེར་ནས་ཕུག་པ་རློགས་པས། བུར་དཀར་རྡོག་པོ་གསུམ་རས་ཁ་གཅིག་ཏུ་བཏུམ། གྲིའི་ཡུ་བ་ཁེམ་སོའི་གྲི་རྩེ་མོས་འབུག །ལྟག་པས་མེ་ཆ་འོང་བ་གཅིག་དང༌། ཡི་གེ་གཅིག་འདུག་པ་ལ་བལྟས་པས་རས་དང་བུ་རམ་གྲི་འདིས་ཆོད་དང་ཐམས་ཅད་ལ་ཁྱབ་ཅིང་ཐོབ་པར་འོང༌། དངོས་པོ་ལ་ཆགས་ཞེན་སྤང་ཞིང༌། རི་ཁྲོད་འགྲིམ་ལ་དགོན་པ་རུ་བསྒྲུབས་པ་དང༌། དེ་ཡང་རྗེ་བཙུན་ཆེན་པོ་དེ་གནས་ངེས་མེད་རི་ཁྲོད་འགྲིམ་པའི་བཞུགས་གནས་མང་དུ་ཡོད་ཀྱང་ཡོངས་སུ་གྲགས་པའི་རྫོང་ཆེན་བཅོ་བརྒྱད༌། རྫོང་ཆུང་གཉིས་དང་ཉི་ཤུ་ནི། བྲག་དམར་ལིང་བ་རྫོང༌། རྟ་སོ་དབུ་མ་རྫོང༌། བྲག་དཀར་སྤོ་མཐོན་རྫོང༌། རྐྱང་འཕན་ནམ་མཁའ་རྫོང༌། རག་མ་བྱང་ཆུབ་རྫོང༌། སྨིན་འཁྱུག་འགྲིབ་མ་རྫོང་སྟེ་ཡོངས་གྲགས་གི་མི་ལའི་རྫོང་དྲུག་གོ།  བྲག་སྐྱ་རྡོ་རྗེ་རྫོང༌། ཁྲ་ཚང་སྲིན་པོ་རྫོང༌། སྐྱིད་པ་ཉི་མ་རྫོང༌། ཁུ་བྱུག་དབེན་པ་རྫོང༌། ཤེལ་ཕུག་ནམ་མཁའ་རྫོང༌། རྩེག་པ་རྐང་མཐོ་རྫོང་སྟེ། སྐུ་ཐང་རྫོང་དྲུག་གོ །རྒྱ་བྲག་ནམ་མཁའ་རྫོང༌། སྦས་ཕུག་མ་མོ་རྫོང༌། སྟག་ཕུག་སེང་གེ་རྫོང༌། ལ་ཕུག་པདྨ་རྫོང༌། ཁྲོ་རྒྱལ་རྡོ་རྗེ་རྫོང༌། གླང་མགོ་ཀླུ་བདུད་རྫོང་སྟེ། དེ་རྣམས་སློབ་དཔོན་ཆེན་པོ་པདྨས་བྱིན་གྱིས་རླབས་པའི་དཔལ་མོ་རྫོང་དྲུག་གོ། བྲག་དམར་སྤོ་མཐོན་སྐེད་ཕུག་ཉི་མ་རྫོང་སྟེ་རྫོང་ཆུང་གཉིས་སོ། །ཁྱད་པར་གྱི་གནས་ནི་ལ་ཕྱི་ཆུ་བར་ཏི་སེ་གསུམ་ཡིན་ནོ། །རྗེ་བཙུན་ཆེན་པོ་དེ་ལ་རས་པ་ཕ་བཞི་བུ་བརྒྱད་ལ་སོགས་སློབ་མ་མང་དུ་བྱུང་བའི་ཆེ་བཞི་ནི་གུང་ཐང་གཉན་ཆུང་རས་པ་སྟག་མོའི་འབྲི་སྒོམ་རས་པ་མདོ་བཀྲའི་སེ་བན་རས་པ། ལྕིམ་ལུང་གི་ངན་རྫོང་རས་པའོ། །ཆུང་བརྒྱད་ནི། རས་པ་ཞི་བ་འོད། རས་པ་སངས་རྒྱས་སྐྱབས། རས་པ་རྡོ་རྗེ་དབང་ཕྱུག གཤིན་སྒོམ་རས་པ། རོང་ཆུང་རས་པ། མཁར་ཆུང་རས་པ། གཉེན་སྒོམ་རས་པ། ཁྱི་ར་རས་པ་བརྒྱད་དོ། །སྐུ་བགྲེས་པའི་སྲས་དྲུག་ནི། ལོ་སྐོར་འུ་པ། ལོ་སྟོན་དགེ་འདུན། སྐྱོ་སྟོན་ཤག་འགུ ། དམ་པ་རྒྱག་ཕུ་བ། འབྲི་བན་བཀྲ་ཤིས། གཤིན་རྡོར་མོ་དང་དྲུག་གོ། ཉེ་བའི་སྲས་བཞི་ནི། རས་པ་བདེ་བ་སྐྱོང༌། རས་པ་རྩལ་ཡུལ་བ། གླན་བཙུན་རས་པ། ར་རྫི་རས་པ་དང་བཞིའོ། །སྲིང་བཞི་ནི། ལེགས་སེ་འབུམ། དཔལ་དར་འབུམ། གསལ་ལེ་འོད། རས་ཆུང་མ་དང་བཞིའོ། །དེ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་ཅིང༌། རྒྱུད་འཛིན་དམ་པ་མི་ཡི་འགྲོ་བ་འདུལ་བའི་མཆོག །དྭགས་པོ་རིན་པོ་ཆེ། མི་མ་ཡིན་གྱི་འགྲོ་བ་འདུལ་བའི་མཆོག་ཇོ་མོ་བཀྲ་ཤིས་ཚེ་རིང་མ། ཌཀྐི་མ་རྣམས་འདུལ་བའི་མཆོག། ལྷན་ཅིག་སྐྱེས་པའི་སྒྲོན་མ་སྟེ། འདི་གསུམ་མཆོག་ཏུ་གྱུར་པ་ཡིན་ནོ། གཞན་ཡང་ཇོ་རྡོར་སྒོམ་སྟག་ལ་སོགས་གྲུབ་ཐོབ་ཉི་ཤུ་རྩ་ལྔ། རས་པ་ཉེར་གཅིག །སྟོན་པ་བཅུ། རས་མ་བཅུ་གཉིས། ཁྱིམ་པའི་ཚུལ་གྱི་གྲུབ་ཐོབ་མ་དྲུག །ཐོ་བརྩམས་ཏེ་སླར་དད་ནས་གྲུབ་པ་ཐོབ་པའི་སློབ་མ་ལ་སོགས་དཔག་ཏུ་མེད་པ་བྱུང་ངོ༌། །༼ ཡོང་ཁུངས། Wikipedia༽
 
མི་ལ་བཞད་པ་རྡོ་རྗེ།
      སྒྲུབ་བརྒྱུད་འཛིན་པ་སློབ་མ་ཀ་ཆེན་བཞི་ཡི་ཡ་གྱལ་རྗེ་བཙུན་མི་ལ་རས་པ་ནི་རབ་བྱུང་དང་བོའི་ལྕགས་འབྲུག༼༡༠༤༠༽ལོར་ཡབ་མི་ལ་ཤེས་རབ་རྒྱལ་མཚན་དང་། ཡུམ་མྱང་ཚ་དཀར་རྒྱན་གཉིས་ཀྱི་སྲས་སུ་གུང་ཐང་སྐྱ་རྔ་རྩ་རུ་སྐུ་བལྟམས། རིགས་རུས་ཁྱུང་བོ་ཡིན་ལ་བོན་པོའི་གདུང་རྒྱུད་ཅིག་ཡིན། མཚན་དུ་ཐོས་པ་དགའ་ཞེས་གསོལ། སྐུ་ཆུང་ངུའི་དུས་ནས་ཡབ་དགོངས་པ་རྫོགས། དུས་དེར་ཡུམ་མྱང་ཚ་དཀར་རྒྱན་དགུང་ལོ་ཉི་ཤུ་རྩ་བཞིར་ཕེབས་མ་ཐག་པའི་དམན་ཆུང་གཞོན་ནུ་མ་ཞིག་ཡིན་པས། ཨ་ཁུས་བཙན་ཤེད་ཀྱིས་ཁོ་པའི་བུ་ཆུང་བའི་ཆུང་མ་བྱེད་དགོས་ཞེས་བརྗོད་ཀྱང་དེ་ཁས་ལེན་མི་གནང་བས། ཨ་ཁུ་དང་ཨ་ནེ་ཁ་མཐུན་ངན་གྲོས་ཀྱིས་རྒྱུ་ནོར་ཡོངས་རྫོགས་ཁོང་གཉིས་ཀྱིས་བགོས། གཡོག་མོ་ལྟ་བུར་གྱུར་ནས་ཁ་ངན་གདུག་རྩུབ་ཚད་མེད་བཏང་། དང་བོ་གསེར་གཡུའི་རལ་བ་ཉིལ་ལེ་བ། ཕྱིས་སུ་ཤིག་སོའི་རལ་བ་ཉིལ་ལེ་བ་ཞེས་ཡ་ང་བའི་གནས་སུ་ལྷུངས། མི་བདག་བདག་ཏུ་གྱུར། བདག་པོ་སྒོ་ཕྱིར་བཏོན་ཞེས་པའི་གཏམ་ངན་ཡུལ་ལུང་གང་སར་ཁྱབ། དེ་ནས་མི་ལ་ཐོས་པ་དགའ་དགུང་ལོ་བཅུ་དྲུག་ཏུ་སླེབས་སྐབས་ཡབ་ཀྱི་ཞལ་ཆེམས་རྒྱུས་ཡོད་པའི་མི་འགའ་ཞིག་བོས་ནས་རྒྱུ་ནོར་རྣམས་མ་བུ་གཉིས་ལ་ཚུར་སྤྲོད་དགོས་ཞེས་བརྗོད་ཀྱང་། ཨ་ཁུ་དང་ཨ་ནེ་གཉིས་ཀ་ཧམ་སེམས་ཆེ་བས་དངོས་པོ་རྣམས་ཚུར་མ་སློག མ་བུ་གཉིས་ཀ་བྱ་ཐབས་དབེན་པའི་གནས་སུ་གྱུར། དེ་ནས་མ་ཡིས་མི་ལ་ཐོས་པ་དགའ་ལ་མཐུ་སློབས་གསུངས། ལོ་ཙཱ་བ་གླན་ཆུང་ལ་སྐྲ་ཕུད་ཕུལ། མི་ལར་ཡི་གེ་འབྲི་ཀློག་དང་ཕྱག་ན་རྡོ་རྗེ་ལས་ཀྱི་རྡོ་རྗེའི་ལུགས་ཞིབ་མོ་སོགས་གསན། ཡུམ་གྱིས་དབུས་གཙང་ཁོང་དུ་སོང་ལ་མཐུ་སྦྱངས་ནས་དགྲ་རྣམས་ཕམ་པར་བཟོས་ཞེས་གསུངས། དེ་ནས་ཡར་ལུང་གི་གཉགས་གཡུང་སྟོན་ཁྲོ་རྒྱལ་གྱི་སར་བྱོན། དེར་མཐུ་ཅུང་ཟད་སྦྱངས། རྟགས་འདི་ཙམ་མི་ཐོན་ན་རང་ཡུལ་དུ་ཕྱིར་ལོག་མི་འགྲོ་ཞུས་པས། བླ་མ་དེས་མི་ལ་ཐོས་པ་དགའ་གཙང་རོང་དུ་ལྷ་རྗེ་སྣུབས་ཆུང་གི་སར་བརྫངས། དེས་དྲག་སྔགས་གཟའ་གདོང་དམར་ནག་བྱ་བ་གནང་ནས་བསྒྲུབས། ཞག་བཅུ་བཞི་སོང་ཙམ་རྟགས་ཡང་དག་པ་ཐོན། དེ་བཞིན་གནུབས་ཆུང་གི་དྲུང་ནས་སྒྱུ་འཕྲུལ་ལ་སོགས་པའི་ཆོས་མང་བོ་ཞུས། དེ་ནས་ཡུམ་གྱི་བཀའ་བཞིན་སེར་ར་ཕབ་པའི་མཐུ་རྩལ་མན་ངག་རྣམས་ལ་སྦྱོང་བ་མཐར་ཕྱིན་མཛད་ཆེད་སླར་ཡང་གཡུང་སྟོན་གྱི་དྲུང་དུ་བྱོན། སློབ་དཔོན་འདིས་གུ་ལང་འབྱུང་བའི་འཁྲུགས་སེར་ཆེན་པོ་བྱ་བ་གནང་ནས་བསྒྲུབས་ཞག་བཅུ་བཞི་སོང་ཙམ་རྟགས་གཟེངས་སུ་ཐོན་པ་བྱུང་སྟེ། སེ་ར་ཕབ་པའི་མཐུ་རྩལ་མན་ངག་ཡོངས་རྫོགས་ཁོང་དུ་ཆུད། ཉིན་ཞིག་སེ་ར་ཕབ་པས་ཨ་ཁུའི་བུ་ལ་ཆུང་མ་བླངས་ཏེ་བག་སྟོན་བྱེད་པའི་ཚོགས་པའི་ཁང་པ་རྡིབ་ནས་མི་ལ་རས་པ་མ་བུ་གཉིས་ལ་མནར་གཅོད་གཏོང་མཁན་གྱི་སུམ་ཅུ་སོ་ལྔ་ཤི། ཨ་ཁུ་དང་ཨ་ནེ་ལུས། ད་དུང་སེ་ར་ཀྱང་རིམ་པ་དགུ་ཡོད་ཟེར་བ་ཕོབ་ཟེར་བ་དང་། སྔར་གྱི་གྲྭ་བ་རོགས་པ་རྣམས་མཉམ་དུ་བཏང་ནས་སེ་ར་ཕབ་པས། གྱང་རིམ་གསུམ་ཡོད་ཟེར་བ་ཕབ་པས། ཨ་ཁུ་དང་ཨ་ནེ་གཉིས་ཀ་ཡུལ་ཕྱོགས་གཞན་དུ་བྲོས། དེ་ནས་མི་ལ་ཐོས་པ་དགའ་བས་སླར་ཡང་གནུབས་ཆུང་སར་བྱོན། ཐུགས་ཀྱི་གཏིང་ནས་ཆོས་ཁོ་ན་དྲན་ཡང་ཞུ་མ་ནུས་པའི་སྐབས་དེར་སློབ་དཔོན་གྱིས་ངེད་རང་གཉིས་ཀ་སྡིག་པ་ཆེན་པོ་བསགས། ད་ལྟ་ཆོས་བྱས་ན་དྲག་ཆེ་གསུངས་ཏེ། རོང་དུ་འབྲེ་སྟོན་ལྷ་དགའི་སར་བརྫངས། རྫོགས་པ་ཆེན་པོའི་བཀའ་གདམས་མན་ངག་རྣམས་གསན། དེ་ནས་སློབ་དཔོན་གྱིས་རྗེ་ནཱ་རོ་པའི་སློབ་མ་ལྷོ་བྲག་མར་བ་ཞེས་བྱ་བ་ལྷོ་ཕུ་ཆུ་ཁྱེར་ན་བཞུགས་ཡོད་པས། ཁྱེད་དེ་ན་སོང་ཞིག་ཅེས་བཀའ་བསྩལ། རྗེ་མར་བ་བའི་མཚན་ཐོས་པ་ཙམ་གྱིས་ལུས་ཀྱི་བ་སྤུ་ཟིང་། དབང་མེད་མཆི་མའི་ཕྲེང་བ་ས་ལ་ལྷུངས། སྐད་ཅིག་ཉིད་དུ་མཇལ་བས་དགོངས་པ་འཆར། དེ་ནས་སློབ་དཔོན་ཆེན་པོ་མར་བ་དང་དངོས་སུ་མཇལ་བས་སློབ་དཔོན་ཡང་ཐུགས་ཤིན་ཏུ་དགྱེས། ཐོས་པ་དགའ་ཡིས་ལུས་ངག་ཡིད་གསུམ་འབུལ། ལྟོ་གོས་ཆོས་གསུམ་ཞུ་བྱས་པས་གང་རུང་ཞིག་བྱ་གསུངས་པས་ཆོས་ཁོ་ན་གནང་བར་ཞེས་ཞུས། དེ་ནས་ལས་སྒྲིབ་དག་པའི་ཆེད་དུ་སྐུ་མཁར་དགུ་ཐོག་ཟུར་བཞི་ལོགས་དང་བརྒྱད་རྩེ་མོ་རིན་པོ་ཆེ་འབར་བ་ལྟ་བུ་ཁྱམས་དབུ་རྩེ་དང་བཅས་པ་ཞིག་བྱེད་གསུངས་ནས་ད་ལྟ་ལྷོ་བྲག་སྲས་མཁར་དགུ་ཐོག་གི་རྨང་གཞི་བཏིང་། ཐོག་བརྩེགས་བདུན་ཚར་བ་དང་ཁྱམས་བརྩིག་ཏུ་བཅུག དེ་རྣམས་རྡོ་ར་མགོ་ཙམ་ཞིག་དང་། ས་ཁྱེམ་གང་ཡང་སྐྱེལ་རོགས་མེད་པར་མི་ལ་ཐོས་པ་དགའ་བ་ཁོང་རང་གཅིག་པུས་བཞེངས་པས། རྒྱབ་ལ་སྒལ་མིག་རྣག་ཁྲག་ཆུ་སེར་འཁོར་བ་གསུམ་བུག་སྐབས་དེར་དབང་ཞུས་པའི་གྲལ་ནས་བཏོན་ཏེ་བཀའ་བཀྱོན་ཆེན་པོ་གནང་། ཆོས་གང་ཡང་མི་གནང་། དུས་རྒྱུན་དུའང་རྐྱེན་ཕྲ་མོ་རེ་བསྙད་བཏགས་ནས་བཀའ་བཀྱོན་དང་ཕྱག་འབེབས་གནང་སྟབས་ཡིད་ཐང་ཐེངས་བདུན་ཙམ་ཆད་ཀྱང་དད་པ་ནི་སྐད་ཅིག་ཙམ་ཡང་མ་ལོག གནས་དེ་དག་ཡུམ་ལ་གསང་བ་མཛད་དེ་བཞུགས། དེ་ནས་དཀའ་སྡུག་ཚད་མེད་སྤྱད་ནས་སློབ་དཔོན་གྱི་དྲུང་དུ་ལོ་དྲུག་ཟླ་བརྒྱད་ཙམ་བཞུགས་ཏེ་མཐར་གདམས་ངག་མང་དུ་གནང་། གསང་མཚན་དུ་བཞད་པའི་རྡོ་རྗེ་ཞེས་གསོལ། དེ་ནས་དགྱེས་རྡོར་དང་། མཱ་ཡ། གདན་བཞི། སངས་རྒྱས་ཐོད་པ། གསང་བ་འདུས་པ་རྣམས་ཀྱི་རྒྱུད་དང་། རྒྱུད་འགྲེལ་དབང་སྒྲུབ་ཐབས། དོན་མཐར་ཐུག་སྟོན་པ་སྙིང་པོའི་སྐོར། ཁྱད་པར་དུ་མཁའ་འགྲོ་སྙན་བརྒྱུད་དང་ཁྱད་ཆོས་བསྲེ་འཕོ་གནད་ཀྱི་མཚམས་སྦྱོར་དམར་འཁྲིད་མཛད། གཞན་ཡང་གདམས་ངག་ཐམས་ཅད་གནང་སྟེ་ལྷོ་བྲག་གཉའི་རི་ཁྲོད་དུ་བསྒོམ་དུ་བཅུག དེ་ནས་ཕ་ཡུལ་དུ་ཕེབས་རྒྱུ་དགོངས་པ་འཆར་ནས་སློབ་དཔོན་གྱི་དྲུང་དུ་དགོངས་པ་ཞུ་བར་ཕེབས་པ། སློབ་དཔོན་ཡིས་འགྲོ་ན་གཏོང་ཆོག ཁྱོད་ཀྱིས་སངས་རྒྱས་བསྟན་པ་སྤྱི་དང་། ཁྱད་པར་དུ་བཀའ་བརྒྱུད་པའི་བསྟན་པ་དར་ཞིང་རྒྱས་པ་སྤེལ་ཞེས་བཀའ་བསྩལ། གདམས་ངག་མང་དུ་གསུངས། དེ་ནས་མི་ལ་ཐོས་པ་དགའ་རིམ་བཞིན་ཕ་ཡུལ་དུ་ཕེབས་ཀྱང་། མ་ཡུམ་དགོངས་པ་རྫོགས་ཟིན་པ་དང་། གཅུང་མོ་ཡང་ཡུལ་ལུང་གཞན་དུ་ལྟོ་སློང་བར་ཕེབས་ནས་བཞུགས་མེད་སྟབས་ཐུགས་ལ་སྐྱོ་སྣང་ཆེན་པོ་སྐྱེས། དེ་ནས་དབེན་པའི་རི་ཁྲོད་འགྲིམ་པར་འགྲོ་དགོས་ཞེས་གསུངས་ཏེ། ཕ་ཡུལ་གྱི་ཉེ་འགྲམ་བྲག་དཀར་རྟ་སོར་ལོ་གསུམ་དང་།          ཅི་ཡང་མེད་པར་ཟ་ཚོད་ལ་བརྟེན་ནས་འོད་ཟེར་ཕུག་དང་། ར་མའི་ཕུག ཟ་འོག་ཕུག་བཅས་ལ་ལོ་དྲུག་སྒོམ་དུ་བཞུགས། དེ་ནས་རྗེ་མར་བས། གངས་ཏི་སེ་ནི་སངས་རྒྱས་ཀྱི་ལུང་བསྟན་པའི་རི་བོ་གངས་ཅན་ཡིན་པས་དེ་ལ་སྒོམས་ཤིག་གསུངས་པ་ལྟར། ཐོག་མར་པུ་རངས་བརྒྱུད་གངས་ཏི་སེར་ཕེབས་པའི་ལམ་བར་མཚོ་མི་ཕམ་པའི་འགྲམ་དུ་ཕེབས་པ་ན། ན་རོ་བོན་ཆུང་ཞེས་བྱ་བ་འཇིག་རྟེན་གྱི་ལྷ་འདྲེ་མཐུ་བོ་ཆེ་གྲུབ་ནས་ཐུན་མོང་མ་ཡིན་པའི་མཐུ་དང་རྫུ་འཕྲུལ་ཐོབ་པ་ཞིག་གིས་གངས་མཚོའི་གནས་བདག་བྱེད་ཕྱིར་མི་ལ་ཐོས་པ་དགའ་དང་མཐུ་རྩལ་འགྲན་དགོས་ཟེར། ན་རོ་བོན་ཆུང་ན་རེ། ཁྱོད་སུ་ཡིན། གང་དུ་འགྲོ་ཟེར། རྗེ་བཙུན་གྱིས་ང་ཡི་མིང་ལ་མི་ལ་རས་པ་ཟེར། གནས་མཆོག་ཏི་སེའི་ཡུལ་དུ་སྒོམ་ལ་འགྲོ་ཞེས་གསུངས། གངས་ཏི་སེ་དང་མཚོ་མི་ཕམ་གཉིས་ཀ་བོན་པོར་དབང་བའི་གནས་རི་དང་མཚོ་ཡིན་པས། ཁྱེད་འདིར་བསྡད་ན་ངའི་ལུགས་ཀྱི་བོན་པོ་བྱེད་དགོས་ཟེར། རྗེ་བཙུན་མི་ལ་ན་རེ། རི་འདི་ཡང་སངས་རྒྱས་ཀྱི་བསྟན་པ་འཛིན་པ་སྤྱི་ལ་བདག་ཅག་གི་སྟོན་པ་བཅོམ་ལདན་འདས་ཀྱིས་ལུང་བསྟན་པའི་གནས་མཆོག་ཅིག་ཡིན་སྟབས་བོན་པོ་རྣམས་སྔར་བསྡད་པ་རྒྱལ་དུ་ཆུག ད་ཕྱིན་འདིར་བསྡད་ན་ངེད་ཀྱི་ཆོས་ལུགས་བྱེད་དགོས་ཞེས་རྩོད་གླེང་མང་དུ་མཛད། བོན་གཤེན་ན་རོ་བ་ཡིས། མཚོ་མི་ཕམ་པའི་འགྲམ་དུ་ཕན་ཚུན་རྐང་བ་བཞག་སྟེ། གངས་དཀར་ཏི་སེ་སྒྲ་ཆེ་ཡང་། །རི་མགོ་ཁ་བས་གཡོགས་པ་གཅིག །མ་ཕམ་གཡུ་མཚོ་སྒྲ་ཆེ་ཡང་། །ཆུ་ཉིད་ཆུ་ཡིས་བཤགས་པ་གཅིག །མི་ལ་རས་པ་སྒྲ་ཆེ་ཡང་། །མི་རྒན་གཅེར་ཉལ་བྱེད་པ་གཅིག །དེ་ལ་ཡ་མཚན་ཆེ་རྒྱུ་མེད། །ཅེས་གླུ་བླངས། དེ་ཡི་ལན་དུ་མི་ལ་རས་པ་ན་རེ། གངས་དཀར་ཏི་སེ་སྒྲ་ཆེ་བ། །རི་མགོ་ཁ་བས་གཡོགས་པ་དེ། །སངས་རྒྱས་བསྟན་པ་དཀར་བ་ཡིན། །མ་ཕམ་གཡུ་མཚོ་སྒྲ་ཆེ་བ། །ཆུ་ཉིད་ཆུ་ཡིས་བཤགས་པ་དེ། །ཆོས་རྣམས་ཟད་པར་སྐྱོལ་བ་ཡིན། །མི་ལ་རས་པ་སྒྲ་ཆེ་བ། མི་རྒན་གཅེར་ཉལ་བྱེད་པ་དེ། །གཟུངས་འཛིན་སྦུབ་ནས་ཐོན་པ་ཡིན། །སྣང་སེམས་གཉིས་ལ་དབང་བསྒྱུར་པས། །སྣ་ཚོགས་རྫུ་འཕྲུལ་སྟོན་པ་ཡིན། །འཇིག་རྟེན་ལྷ་ལ་རག་མ་ལུས། །འཛམ་གླིང་རི་རྒྱལ་ཏི་སེ་འདི། །སྤྱིར་ན་སངས་རྒྱས་བསྟན་འཛིན་དབང་། །སྒོས་སུ་མི་ལ་བརྒྱུད་པར་དབང་ཞེས་གསུངས། དེ་ནས་ཁོང་གཉིས་མཐུ་རྩལ་མང་དུ་འགྲན་ནས་མཐར་བོན་རྣམས་ཕམ། དེ་ནས་བཟུང་མི་ལ་རས་པའི་གྲུབ་བརྒྱུད་རྣམས་ཀྱིས་གནས་བདག་གནང་། རྗེ་བཙུན་མི་ལ་གངས་ཏི་སེར་ལོ་གཅིག་ལྷག་ཙམ་བཞུགས། མདོར་ན། རྗེ་བཙུན་མི་ལ་རས་པ་ཡིས་སྐུ་ཚེ་ཧྲིལ་བོའི་ནང་དུས་ཚོད་མང་ཆེ་བ་འཇིག་རྟེན་མི་ཡུལ་གྱི་འཚོ་བ་ལས་ཡོངས་སུ་བྲལ་ནས་སྐུ་མཚམས་སུ་བཞུགས་ཏེ། སྒོམ་དང་ཉམས་ལེན་མཐར་ཕྱིན་པ་མཛད། ཁྱད་པར་དུ་མུན་མཚམས་སུ་ཡུན་རིང་བཞུགས་ནས་དཀའ་བ་དཔག་ཏུ་མེད་པ་སྤྱད། སྙན་པའི་མཚན་བཟང་ཕྱོགས་བཞི་ཡོངས་སུ་ཁྱབ། སྒྲུབ་བརྒྱུད་བསྟན་པའི་སྲོལ་གཏོད། སློབ་མ་ཤིན་ཏུ་མང་བས། དེ་དག་གི་ནང་ནས་མཆོག་ཏུ་གྱུར་པ་གཉིས་ནི་དྭགས་པོ་ལྷ་རྗེ་དང་། རས་ཆུང་བ་ཡིན་པ་དང་། དེ་བཞིན་སློབ་མ་གཙོ་བོ་ནི། འབྲི་སྒོམ་རས་པ་དང་། སེ་བན་རས་པ། རས་པ་ཞི་བ་འོད། ཁྱི་ར་རས་པ། ངན་རྫོང་རས་པ། ར་རྫི་རས་པ། བདེ་བ་སྐྱོང་བཅས་རས་པ་མཆེད་བརྒྱད་དང་། སྟོན་པ་དྲུག རས་མ་བཅུ་གཉིས། གྲུབ་ཐོབ་མ་དྲུག་བཅས་སོ། །མཐར་ཐུགས་ཀྱི་སྲས་མཆོག་དྭགས་པོ་ལྷ་རྗེར་བསྟན་པ་གཏད་དེ་དགུང་ལོ་གྱ་བཞི་བ་རབ་བྱུང་གཉིས་པའི་ཆུ་ཡོས༼༡༡༢༢༽ལོར་དགོངས་པ་ཆོས་དབྱིངས་སུ་གཤེགས།
      མདོར་ན། བཀའ་བརྒྱུད་པའི་བསྟན་པའི་མེས་པོ་སློབ་དཔོན་ཆེན་པོ་ཏཻ་ལོ་བ་དང་། ནཱ་རོ་བ། པཎྜི་ཏ་ཡེ་ཤེས་སྙིང་བོ། ཀུ་ཀུ་རི་བ། མཻ་ཏྲེ་བ་སོགས་ཀྱི་བཀའ་དྲིན་ལས་རིམ་བཞིན་འཕེལ་བ་དང་། བོད་དུ་བསྟན་པ་ཕྱི་དར་སྐབས་སུ་ལོ་ཆེན་མར་བ་ཆོས་ཀྱི་བློ་གྲོས་ཀྱིས་རྒྱ་གར་འཕགས་པའི་ཡུལ་དུ་ཐེངས་གསུམ་དང་བལ་ཡུལ་དུ་ཐེངས་བཞི་ཙམ་བྱོན་ནས་སློབ་དཔོན་ཆེན་པོ་ནཱ་རོ་བ་སོགས་ཀྱི་དྲུང་ནས་བཀའ་བསྟན་མན་ངག་རྣམས་གསན་ཏེ་དེ་ཡི་བརྒྱུད་པའི་བསྟན་པའི་སྲོལ་གཏོད། རྗེ་བཙུན་མི་ལ་རས་པས་སློབ་བརྒྱུད་ཡང་དག་པར་འཛིན། དྭགས་པོ་ལྷ་རྗེའི་སྐུ་དུས་སུ་དྭགས་པོ་བཀའ་བརྒྱུད་ཀྱི་གྲུབ་མཐའ་དངོས་སུ་དར་ཞིང་རྒྱས་པར་སྤེལ། དུས་མཚུངས་ཁྱུང་བོ་རྣལ་འབྱོར་གྱིས་ཀྱང་རྒྱ་གར་འཕགས་པའི་ཡལ་དུ་བྱོན་ནས་སློབ་དཔོན་ཆེན་པོ་ནཱ་རོ་བའི་ལྕམ་ནི་གུ་མ་དང་མཻ་ཏྲེ་བ་སོགས་ཀྱི་དྲུང་ནས་བཀའ་བསྟན་མན་ངག་རྣམས་ལེགས་པར་གསན་ཏེ་བོད་དུ་ཕྱིར་ལོག་ཕེབས་རྗེས་ཤངས་པ་བཀའ་བརྒྱུད་པའི་སྲོལ་གཏོད། དུས་སྐབས་ཤིག་ཏུ་བསྟན་པ་རྒྱ་ཆེར་འཕེལ་ཡང་མཐར་དུས་རབ་བཅུ་བཞིའི་རྗེས་ནས་རིམ་བཞིན་ཉམས་རྒུད་སོང་བས། ད་ལྟ་བཀའ་བརྒྱུད་པའི་གྲུབ་མཐའི་སྐོར་གླེང་བ་དེ་དག་གཙོ་བོ་དྭགས་པོ་བཀའ་བརྒྱུད་ལ་གོ་དགོས་པ་ཞིག་རེད། དྭགས་པོ་བཀའ་བརྒྱུད་དེ་ད་བར་བསྟན་པ་རིམ་བཞིན་འཕེལ་ནས་བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་ཅེས་ཡན་ལག་མང་དུ་འཕེལ། བསྟན་པ་དར་ཞིང་རྒྱས་པར་གནས་པ་བཅས་སོ། །༼ཆོས་འབྱུང་མཁས་པའི་དགོངས་རྒྱན་ལས་བཏུས༽
 
ཆུང་དུས་སྡུག་མཐོང་ཚུལ།
      མི་ལ་རས་པ་ལོ་བདུན་ཙམ་སླེབ་པའི་ཚེ། ཡབ་མི་ལ་ཤེས་རབ་རྒྱལ་མཚན་དེ་སྙུང་གཞི་དྲག་པོ་རང་ཞིག་གིས་ཟིན་ནས། སྨན་པ་དང་མོ་མ་རྣམས་ཀྱིས་ཀྱང་མི་འཚོ་བར་ལུང་བསྟན་ཅིང་བོར། གཉེན་ཉེ་འབྲེལ་རྣམས་ཀྱིས་ཀྱང་མི་འཚོ་བར་ཤེས། ཁོས་རང་ཡང་མི་འཚོ་བར་ཁོ་ཐག་ཆོད་ནས། ཨ་ཁུ་དང་ཨ་ནེ་ལ་སོགས་གཉེན་ཉེ་རིང་གྲོགས་དགའ་བཤེས་ཡུལ་མི་ཁྱིམ་མཚེས་དྲག་པ་ཀུན་བསགས་ཏེ། བུ་སྨད་ནོར་དང་བཅས་པ་བཅོལ་བཏམས་བྱས་ནས། མཐར་ཕ་ཤུལ་བུས་འཛིན་དུ་འཇུག་པའི་ཁ་ཆེམས་ཡི་གེ་རྒྱས་པར་བྱས་ཏེ། ཀུན་གྱིས་ཐོས་པར་བསྒྲགས། དོན་བསྡུ་ལ་ངག་ཏུ་ང་ད་ལན་གྱི་ནད་འདིས་མི་གཏོང་བ་ན་འདུག་ཅིང་། དེས་ན་ངའི་བུ་འདི་ཡང་ད་ལྟ་ཆུང་འདུག་པས། ཨ་ཁུ་དང་ཨ་ནེས་གཙོ་བྱས་པའི་གཉེན་བཤེས་ཀུན་ལ་བཅོལ་བཏམས་བྱ་རྒྱུ་ལ། ངའི་ཕུ་ན་ནོར་གནག་རྟ་ལུག་གསུམ། མདའ་ན་འོར་མ་གྲུ་གསུམ་གྱིས་གཙོ་བྱས་པའི་ཞིང་སྤྲང་མིག་ཏུ་མི་ཚུད་པ་འགའ། ཁང་བའི་འོག་ན་ཕྱུགས་བ་ར་བོང་གསུམ། སྟེང་ཁང་ན་རྡིག་གསེར་དངུལ་ཟངས་ལྕགས་གཡུ་དང་གོས་དར་འབྲུའི་བང་མཛོད་ལ་སོགས་ཏེ། མདོར་ན་མི་ནོར་གཞན་ལ་སྨོན་མི་དགོས་པ་ཡོད་པས། འདི་རྣམས་ཀྱི་སྟེང་ནས་ཆ་ཤས་ཤིག་ང་རང་གི་རྗེས་སུ་ཐོངས། དེ་ལྷག་རྣམས་ཁྱེད་འདིར་ཚོགས་ཀུན་ལ་ང་རང་གི་བུ་འདིས་ཁྱིམ་སོ་མི་ཟིན་གྱི་བར་ལ་བཅོལ་ལོ། །ཁྱད་པར་དུ་ཨ་ཁུ་དང་ཨ་ནེ་གཉིས་ལ་བཅོལ་ལོ། །བུ་འདིས་ཁྱིམ་སོ་ཕེར་བ་དང་། མཛེས་སེ་དང་ཆུང་གཉེན་བསྒྲིགས་ཡོད་པས། མོ་རང་མནར་མར་བསུ་ནོར་རྣམས་ལྷག་ལུས་མེད་པར་ཕོག་ལ། ཕ་ཤུལ་བུས་འཛིན་དུ་ཆུག་ཅིག དེ་བར་ལ་ངའི་བུ་སྨད་གསུམ་གྱི་སྐྱིད་སྡུག་ཁྱེད་ཨ་ཁུ་དང་ཨ་ནེས་གཙོ་བྱས་པའི་གཉེན་ཚན་ཀུན་ཤེས་སོ། །སྡུག་ཏུ་མ་འཇུག་ཅིག ངས་ཤི་མིག་དུར་ཁུང་ནས་བལྟའོ་ཞེས་གསུངས་ནས་གྲོངས་སོ། །
      དེ་ནས་ཡབ་ཀྱི་གཤེགས་རྫོངས་རྣམས་བྱས།  དེ་ལྷག་གི་ནོར་རྣམས་ཀུན་ཁ་འཆམས་པར། མྱང་ཚ་དཀར་རྒྱན་རང་ཚགས་བྱེད་དུ་ཆུག ཁ་འཛིན་དགོས་པ་ཀུན་གྱིས་ཟུར་ནས་ཅི་ལེགས་ཀྱིས་ཟེར་བ་ལ། ཨ་ཁུ་དང་ཨ་ནེ་གཉིས་ན་རེ། མི་ཉེ་བྱས་རུང་དྲུང་བོ་ཉེ། ཁོང་མ་སྨད་ངེད་ཀྱིས་སྡུག་ཏུ་མི་འཇུག་ནོར་རྣམས་ཁ་ཆེམས་བཞིན་ངེད་ཀྱིས་ཚགས་བྱེད་ཟེར་ནས། ངའི་ཞང་བོ་དང་མཛེས་སེའི་ཕ་མིང་གི་ལོ་རྒྱུས་བྱས་རུང་མ་ཉན་པར་ཕོ་ནོར་རྣམས་ཨ་ཁུས་བྱས། མོ་ནོར་རྣམས་ཨ་ནེས་བྱས། གཞན་རྣམས་ཕྱེད་མར་བགོས་ཏེ། ཁྱེད་མ་སྨད་རྣམས་གསོ་རེས་བྱེད་ཟེར་ནས། ངེད་མ་བུ་གསུམ་ལ་ནོར་དབང་རྒྱུ་མ་བྱུང་བའི་ཁར། དབྱར་ཞིང་ལས་བྱེད་དུས་ཨ་ཁུའི་གཡོག དགུན་བལ་ལས་བྱེད་དུས་ཨ་ནེའི་གཡོག ལྟོ་ཁྱིའི་ལྟོ་ལ་ལས་བོང་བུའི་ལས། གོས་ཧྲུལ་ཕྲག་ཐག་ཆད་པ་ལ་དྲེས་མའི་སྐེ་རགས་བཅིངས་པ་གྱོན་ནས། ལས་དལ་མེད་བྱེད་དགོས་བྱུང་བས་ཡག་ལག་རྣམས་སེར་གས་སོང་། ལྟོ་གོས་ངན་པའི་སྟོབས་ཀྱིས་ཁ་མདོག་ཀྱང་སྐྱ་ལ་ཤ་རིད་པ། སྐྲ་དང་བོ་གསེར་གཡུའི་རལ་བ་ཉི་ལེ་བ་ལ། ཕྱིས་སྐྱ་བོ་སེང་སེང་ཤིག་སྲོའི་རལ་བ་ཉི་ལེ་བ་བྱུང་བས། མཐོང་བ་དང་ཐོས་པའི་མི་སེམས་ཆུང་ཀུན་མཆི་མ་འཆོར་བ་དང་། ཨ་ཁུ་དང་ཨ་ནེ་ལ་ལྐོག་ལབ་དིར་རེ་བ་བྱུང་རུང་འཛེམ་མེད་བྱས། ངེད་མ་སྨད་ལ་སྡུག་པོ་རང་བཏང་བས། ཨ་མས་ཨ་ནེ་ལ་ཁྱུང་ཚ་དཔལ་འགྲན་དུ་མིང་ཆགས། དེ་དུས་འཇིག་རྟེན་པའི་གཏམ་དཔེ་ལ། མི་བདག་བདུག་ཏུ་རེ། བདག་པོ་སྒོ་ཁྱིར་འདོན་ཟེར་བ་དེ་ངེད་མ་སྨད་ལ་བྱུང་། སྔར་ཡབ་མི་ལ་ཤེས་རབ་རྒྱལ་མཚན་བཞུགས་པའི་ཚེ། མི་དྲག་ཞན་ཀུན་ངེད་ཀྱི་ཞལ་འཛུམ་དཀར་ནག་ལ་ལྟ་བ་ཡིན་ཏེ། ཕྱིས་ནོར་ཡོད་རྒྱལ་བོའི་ཚུལ་དུ་སོང་ནས། ཨ་ཁུ་དང་ཨ་ནེའི་ཞལ་འཛུམ་དཀར་ནག་ལྟ་བ་བྱུང་། ཨ་མ་ལ་ཡང་མི་རྣམས་ཀྱིས་ལྐོག་ལམ་ཏུ་ཁྱོ་ཕྱུག་ཆུང་མ་གྲུང་། བལ་འཇམ་སྣམ་བུ་ལེགས་ཟེར་བ་དེ་བདེན་པར་འདུག་སྟེ། མི་གོ་ཆོད་རེ་མེད་ཙ་ན་དཔེ་འདི་དང་འདྲ། དང་བོ་མྱང་ཚ་དཀར་རྒྱན་ཁྱོ་བཟང་གིས་མགོ་འདོན་དུས། མོ་བློ་ཁོག་ཆེ་ལ་གྲུང་། ལག་བཅུད་ཆེ་ཟེར་བ་ཡོད་དེ། ད་གྲུང་ཞན་གྱི་ཤན་ཕྱེད་ནས་གདའོ་ཟེར། སྡུག་རེས་བྱུང་ན་ལམ་རེས་ཀྱི་དཔེ་དེར། རང་ལས་ཞན་པ་ཀུན་གྱིས་རྒྱབ་ནས་འཕྱ་བ་བྱུང་། ང་ལ་མཛེས་སེའི་ཕ་མས་གོས་ལྷམ་སོ་མ་རེ་བྱིན་ནས། མི་ནོར་དུ་མ་སོང་ན། ནོར་མི་རྟག་རྩྭ་ཁའི་ཟིལ་བ་བྱ་བ་ཡིན་པས་ནོར་མེད་སྙམ་པ་མི་དགོས། དང་བོ་ཡབ་མེས་རྣམས་ལའང་ནོར་རྟིང་སོར་བྱུང་བ་ཡིན། ཁྱེད་རང་ཚོ་ལའང་ནོར་ཡོད་པའི་དུས་ཡོང་ཟེར་ནས་སེམས་གསོ་ཡང་ཡང་བཏང་།
      དེ་ནས་ང་ལོ་བཅོ་ལྔ་ཙམ་ལོན་པའི་ཚེ། ཨ་མ་ལ་ཕ་མས་བྱིན་པའི་ཞིང་སྐལ་བྲེ་པེ་སྟན་ཆུང་བྱ་བ་མིང་མི་སྙན་རུང་སྟོན་ཐོག་གཞུན་པོ་འོང་བ་ཞིག་ཡོད་པ་དེ། ཞང་བོས་སོ་ནམ་བྱས་པའི་ནས་སྐྱེ་འཕེལ་དུ་ཅི་འགྲོ་བྱས་ནས། ཕག་ཏུ་གསོག་གིན་ཡོད་པ་ཡང་མང་རབ་ཏུ་སོང་བ་ལ་ཤ་མང་བོ་ཤོས། ནས་དཀར་མོ་མང་བོ་ལ་ཕྱེ་བྱས། ནག་པོ་མང་བོ་ཆང་དུ་བཙོས་པས་མྱང་ཚ་དཀར་རྒྱན་མ་སྨད་ནོར་སློང་བྱེད་པ་ཡིན་པ་དུག་ཟེར་བ་བྱུང་། དེ་ནས་ངེད་རང་གི་ཁང་བ་ཀ་བཞི་གདུང་བརྒྱད་མ་དེར་གདན་མང་བོ་གཡར་ནས་བཏིང་སྟེ། ཨ་ཁུ་དང་ཨ་ནེས་གཙོ་བྱས་པའི་གཉེན་ཉེ་འཁོར། གྲོགས་དགའ་བཤེས་ཡུལ་མི་ཁྱིམ་མཚེས་རྣམས་དང་། ཁྱད་པར་ཡབ་མི་ལ་ཤེས་རབ་རྒྱལ་མཚན་སྐུ་གཤེགས་ཁར་ཞལ་ཆེམས་ཀྱི་ཡི་གེ་རྒྱུས་ཡོད་པ་རྣམས་བོས་ཏེ། ཨ་ཁུ་དང་ཨ་ནེ་ལ་ཤ་ཁོག་འཛུགས། གཞན་གཟུག་ཐོབ་པ་ལ་གཟུག ལྷུ་ཐོབ་པ་ལ་ལྷུ། ཆང་དཀར་ཡོལ་གྱི་གཡང་ཚེ་དང་བཅས་པའི་སྟོན་མོ་བཟང་པོ་དྲངས་ནས། ཨ་མ་གྲལ་གྱི་དབུས་སུ་ལངས་ཏེ། འོ་ལགས་སོ། བུ་སྐྱེས་པ་ལ་མིང་། ཆང་དྲངས་པ་ལ་གཏམ་བྱ་བར་གདའ་བས། ང་ཡང་གཏམ་ཚིག་གསུམ་པ་ཞིག་གཏོང་བ་ལགས་པས། ཡབ་མི་ལ་ཤེས་རབ་རྒྱལ་མཚན་སྐུ་ཐིམ་ཀར་ཞལ་ཆེམས་གསུངས་པ་རྒྱུས་ཡོད་ཀྱི་མི་བགྲེས་པ་ཨ་ཁུ་དང་ཨ་ནེས་གཙོ་མཛད། འདིར་བཞུགས་ཀྱི་གྲལ་བ་རྣམས་སྙན་གསན་པར་ཞུ་ཞེས་བརྗོད་ནས། ཞང་བོས་ཡབ་ཀྱི་ཡི་གེ་བཀླགས་པའི་མཐར། ཨ་མའི་ཡི་གེ་འདིའི་དོན་གསུང་ངག་དང་བཅས་པ། འདིར་བཞུགས་ཀྱི་བགྲེས་པ་ཀུན་གྱི་ཐུགས་ལ་གསལ་བས་རྒྱས་པར་ཞུ་མི་དགོས་པར་གདའ། དོན་དྲིལ་བ་ལ། སྔར་ཕན་ཨ་ཁུ་དང་ཨ་ནེ་གཉིས་ཀྱིས་ངེད་མ་སྨད་གསུམ་མགོ་འདོན་ཡང་དག་མཛད་པ་ཐུགས་ལ་བཏགས། ད་ང་རང་གི་བུ་དང་། མཛེས་སེ་གཉིས་ཀས་ཁྱིམ་སོ་ཟིན་པར་འདུག་པས། ངེད་རང་གི་ནོར་བཅོལ་རྣམས་སྤྲོད་པ་དང་། མཛེས་སེ་ཡང་མནའ་མར་བསུས་ནས་ཡབ་ཀྱི་ཞལ་ཆེམས་བཞིན་ཕ་ཤུལ་བུས་འཛིན་དུ་འཇུག་པར་ཞུ་བྱས་པས། ཨ་ཁུ་དང་ཨ་ནེ་གཉིས་ཅི་ལ་མི་འཆམ་རུང་ལྟོ་ལ་འཆམ་པ་དང་། ང་བུ་གཅིག་པོར་སོང་བ་དང་། ཨ་ཁུ་ལ་བུ་མང་བོ་ཡོད་པའི་སྟབས་ཀྱིས། ཨ་ནེ་དང་ཨ་ཁུ་གཉིས་གཅིག་ཏུ་དྲིལ་ནས་ཁྱེད་ཀྱི་ནོར་རམ་དེ་གང་ན་ཡོད་པ་ཡིན། དང་བོ་མི་ལ་ཤེས་རབ་རྒྱལ་མཚན་ཁོ་རང་ཁམས་བཟང་རིང་ལ་ཁང་ཞིང་གསེར་གཡུ་མཛོ་རྟ་གནག་ལུག་རྣམས་ངེད་ཀྱིས་གཡར་བཏང་བ། ཁོ་རང་འཆི་ཁར་ནོར་བདག་པོ་ལ་སྤྲད་པ་ཡིན། ཁྱེད་རང་དབང་བའི་ནོར་གསེར་སེ་གཅིག་གམ། ནས་ཕུལ་གང་ངམ། མར་ཉག་གཅིག་གམ། གོས་དར་རྐྱང་སྣ་གཅིག དུད་འགྲོ་འཚེ་འཛུགས་གཅིག་ཀྱང་མིག་གིས་མ་མཐོང་བ་ལ་ད་འདི་འདྲ་ཟེར་བ། ཁྱོད་ཀྱི་ཁ་ཆེམས་ཀྱི་ཡི་གེ་སུས་བྲིས། སྡུག་སྨད་ཚོ་ལྟོགས་གྲིར་མ་བསད་པར་གསོས་པ་ངེད་རབ་ཡིན། ལར་མི་ངན་ལ་དབང་བསྐུར་ན་ཆུ་ལ་བྲེ་འཇལ་བྱེད་བྱ་བ་དེ་འདི་འདྲ་ལ་ཟེར་བ་ཡིན་ཟེར། སྣམ་བུའི་སྟན་ལས་ཧར་ལངས་བྱས། སེ་གོལ་གཏོགས། ཐུ་བ་སྤྲུགས། རྐང་བ་བརྡབས་ནས་ནན་ཏར་མ་སོང་ན་ཁང་བ་ཡང་ངེད་དབང་བས། མ་སྨད་ཚོ་ཕྱིར་སོངས་ཟེར་ཞིང་ཨ་མར་ཐལ་ལྕག་གིས་བརྡུངས། ངེད་མིང་སྲིང་གཉིས་ཕུ་རུང་གི་ལྕག་གིས་བརྡུངས།
      དེའི་ཚེ་ཨ་མ་ནི། ཡབ་མི་ལ་ཤེས་རབ་རྒྱལ་མཚན། ངེད་མ་སྨད་ཀྱི་ལས་བསྐོས་ལ་གཟིགས་དང་། ང་ཤི་དུར་ཁུང་ནས་བལྟའོ་གསུངས་པ་དེ་ད་གཟིགས་པའི་དུས་ལ་བབ་གདའ་འོ་ཟེར། ངུ་ཞིང་འགྱེལ་ནས་ཁྲེ་ལོག་ལོག་བྱེད་ཅིང་འདུག ངེད་མིང་སྲིང་གཉིས་ཀྱིས་ནི་ར་མདའ་ངུ་བ་མིན་པ་མ་བྱུང་། ཨ་ཞང་གིས་ནི་ཨ་ཁུ་ལ་བུ་མང་བོ་ཡོད་པས་རྒོལ་མ་ནུས། གཞན་ཡུལ་མི་ངེད་རང་ལ་དཀར་བ་རྣམས་ནི་མ་སྨད་ཚོའི་སྙིང་རྗེ་བ་ལ་ཟེར་མི་ངུ་བ་མི་འདུག གཞན་རྣམས་ཀྱང་ཤུགས་རིང་ནར་ནར་འདུག ཨ་ཁུ་དང་ཨ་ནེ་ནི་ངེད་ལ་ནོར་དགོས་ཟེར། ནོར་ཁྱེད་རང་ལ་འདུག་པ། ཡུལ་མི་ཁྱིམ་མཚེས་ལ་ཤ་ཆང་ཕངས་མེད་བཤམས་ནས་སྟོན་མོ་བཤམ་རྒྱུ་འདུག་པ། ཁྱེད་ཀྱི་ནོར་རམ་དེ་ངེད་ལ་མེད། ཡོན་ནའང་མི་གཏོང་བས་མ་སྨད་ཚོ་མང་ན་དམག་དྲོངས། ཉུང་ན་མཐུ་ཐོངས་ཟེར་ཞིང་ཐོན་སོང་། དེའི་ཕྱི་བཞིན་ཁོང་ལ་དཀར་མི་རྣམས་ཀྱང་ཐོན་སོང་། ཨ་མ་ནི་དེ་ནས་ཀྱང་ངུ་ཐག་མ་ཆོད་པར་འདུག་པ་ལ། ཞང་བོ་དང་མཛེས་སེའི་ཕ་མིང་སོགས་ངེད་རང་གི་དཀར་མི་ཀུན་ཨ་མའི་སེམས་གསོ་ཕྱིར་བསྡད་ནས་ཆང་ལྷག་རྣམས་འཐུང་ཞིང་། ཨ་མ་ལ་ད་མ་ངུ་ངུས་པས་མི་ཕན། དེ་རིང་འདིར་སྟོན་གྲལ་དུ་ཚོགས་པ་ཀུན་ལ་ནོར་སློང་རེ་གྱིས། ངེད་འདི་ན་ཡོད་པ་ཀུན་གྱིས་ཀྱང་ཅི་འདྲ་རེ་སྟེར། ཨ་ཁུ་དང་ཨ་ནེ་གཉིས་ཀྱིས་ཀྱང་ཅི་དྲག་རེ་སྟེར་འོང་ཟེར་བ་ལ། ཨ་ཞང་ན་རེ། དེ་ཀ་གྱིས་ལ་བུ་འདི་ཡོན་ཏན་ཞིག་སློབ་ཏུ་ཐོངས། ཁྱེད་རང་མ་སྨད་ངའི་སར་སྡོད་ལ་ཞིང་གི་སོ་ནམ་གྱིས། ཅི་ཕན་བྱེད་པ་ལས་འོས་མེད། གང་ནའང་ཨ་ཁུ་དང་ཨ་ནེ་ལ་ངོ་མི་ཚ་བ་ཞིག་བྱ་དགོས་ཟེར་བ་ལ་ཨ་མ་ན་རེ། རང་གི་ནོར་ལ་དབང་རྒྱུ་མ་བྱུང་བའི་སློང་བྱས་པའི་ནོར་གྱིས་བུ་ཚ་མི་སོས། ཨ་ཁུ་དང་ཨ་ནེས་ངེད་རང་གི་ནོར་གྱི་ཆ་གཅིག་སྤྲད་རུང་སྟེར་དགོས་མེད། བུ་འདི་ཡོན་ཏན་ཞིག་སློབ་ཏུ་ཅིས་ཀྱང་གཏོང་། ངེད་མ་སྨད་ཨ་ཁུ་དང་ཨ་ནེས་གཤའ་མ་རང་མ་བཅོལ་བའི་རྟིང་ལ། རྔ་གདང་རྒྱུག་དང་དུད་པ་ལང་རྒྱུག་བྱས་ནས། ཁོང་གཉིས་ཀྱི་མངོན་བློ་འཆར་བ་ཡིན། ཞིང་གི་སོ་ནམ་ཡང་འདི་ཀ་ནས་བྱེད་ཟེར་ནས། རྩའི་མི་ཐོད་གད་ཁ་བྱ་བ་ན་སྔགས་རྙིང་མ་བའི་སློབ་དཔོན་ཀླུ་བརྒྱད་མཁན་གྲོང་ཆོག་ལ་ཤིན་ཏུ་བྲིན་པ་ཞིག་ཡོད་པ་དེར་ང་ཀློག་སློབ་ཏུ་བཏང་། དེ་དུས་གཉེན་རྣམས་ཀྱིས་ཀྱང་ནོར་སློང་སྣ་རེ་སྣ་གཉིས་བྱིན་འདུག ཁྱད་པར་མཛེས་སེའི་ཕ་མས་རྒྱགས་ཆུ་སྡོར་མེ་ཤིང་ཡན་བསྐུར་ནས། ང་ཀློག་སློབ་སར་མཛེས་སེ་མོ་རང་སེམས་གསོ་ལ་ཡང་ཡང་བཏང་བྱུང་། ཨ་ཞང་གིས་ཨ་མ་དང་སྲིང་མོ་མི་ལས་དང་སྤྲང་དུ་མི་འགྲོ་བའི་དུས་ཀྱི་ལྟོ་བྱིན། ཨ་མ་སྤྲང་དུ་ཨ་ཞང་གིས་མ་བཅུག་པར་མིའི་ལས་ཉིན་འཁལ་ཉིན་ཐགས་བྱེད་ཅིང་། ངེད་མིང་སྲིང་ལ་ཅི་ཕན་དང་ནོར་ཅི་གསོག་བྱས། སྲིང་མོས་ལྕོགས་ཀྱིས་མི་གཡོག་དང་། རྔ་གདང་རྒྱུག་དུད་པ་ལང་རྒྱུག་བྱས་ནས་ལྟོ་གོས་ཅི་རྙེད་བྱས་རུང་། ལྟོ་སྐྱ་ལ་གོས་ཧྲུལ་བ་ཡིན་ཕམ་པ་ལས་སྐྱིད་པོ་རང་མ་མྱོང་གསུངས་པས། དེའི་ཚེ་ཆོས་ཉན་དུ་གྱུར་ཚད་ཐུགས་སྐྱོ་ཤས་དང་ངེས་འབྱུང་གི་སྒོ་ནས་མཆི་མ་འདོར་ཞིང་དར་ཅིག་ཀུན་ཁ་རོག་པར་འདུག་གོ །སྡུག་བསྔལ་གྱི་བདེན་པ་ཕུལ་ཕྱིན་ཐུགས་ཉམས་སུ་བཞེས་པའི་མཛད་པ་སྟེ་གཉིས་པའོ། །
 
མཁར་བཞེང་བའི་སྐོར།
      ནངས་པར་བླ་མ་རང་ཕེབས་ནས་མདང་ངས་ཁྱོད་ལ་མང་བོ་རང་འཐབས་འདུག མ་དགའ་བ་མ་བྱེད། ག་ལེ་བྱས་ནས་གདམས་ངག་སྟེར་བས་ངང་མ་ཐུང་། ཁྱོད་ལས་རེམ་པོ་རང་ཞིག་འདུག་པས། ད་དར་མ་མདོ་སྡེ་འབོགས་པའི་མཁར་ཞིག་རྩིག་གྲོགས་གྱིས། དེ་ཚར་ནས་གདམས་ངག་ཀྱང་སྟེར་ལ། ལྟོ་གོས་ཀྱང་ང་རང་གིས་སྦྱར་གསུངས། དེ་བར་ལ་བདག་ཆོས་མེད་དུ་ཤི་ན་ཇི་ལྟར་བྱེད་ལགས་ཞུས་པས། དེ་བར་ལ་མི་འཆི་བའི་ཁག་ཀྱང་ང་རང་གི་ཐེག་ཁ་ཕོ་མེད་པའི་ཆོས་མེད་དེ། ཁྱོད་རང་སྙིང་རུས་ཆེ་རབ་ཅིག་འདུག་པས་ངའི་གདམས་ངག་སྒོམ་ནུས་ན། ཚེ་འདིར་སངས་ཨེ་རྒྱ་མི་རྒྱ་ཡང་སྟོན་པ་ཡིན་ཏེ། ངའི་རྒྱུད་པ་འདི་ལ་གཞན་དང་ཡེ་མི་འདྲ་བའི་བྱིན་རླབས་ཀྱི་བཀའ་བབས་ཤིག་ཡོད་གསུང་ཞལ་ཏ་བཟང་བོ་གནང་བས་སེམས་དགའ་བོ་བྱུང་སྟེ། འོ་ན་མཁར་གྱི་ཞལ་བཅོས་མཛད་པར་ཞུ་ཞུས་པར། མཁར་དེ་ཕ་ཚུན་ཀུན་གྱིས་མནའ་བསྐྱལ་ནས་མཁར་བརྩིག་ས་མེད་པའི་ས་འགག་དམ་པོ་ཞིག་ཡོད་པ་དེ་ལ། མར་བ་མནའ་ཁོངས་ན་མེད་པས་དེར་རྩིག་དགོངས་པའི་གཡོ་ཐབས་དང་། ངའི་སྡིག་པ་སྦྱང་བའི་ཐབས་སུ། ཤར་ཕྱོགས་ཀྱི་རི་སྣ་ཞིག་ལ་མཁར་འདི་ལྟ་བུ་ཞིག་རྩིགས་ཤིག་གསུངས། ཟླུམ་པོ་ཞིག་བརྩིགས་པས། ཕྱེད་ཙམ་ལོངས་པ་དང་། བླ་མ་བྱོན་ནས་ཁ་སང་བསམ་མནོ་མ་ཐོངས་པར་འདུག མཁར་འདི་རྩ་བ་ནས་ཤིགས་ལ་ས་ས་མལ་དང་། རྡོ་རྡོ་མལ་དུ་སྐྱོལ་ཅིག་གསུངས། དེ་ལྟར་བྱས་པས། ཡང་ནུབ་ཕྱོགས་ཀྱི་རི་སྣ་ཞིག་ལ་བླ་མ་ཕུད་ཀྱིས་བད་པ་ལྟར་མཛད་ནས། ད་མཁར་འདི་ལྟ་བུ་ཞིག་རྩིགས་ཤིག་གསུངས། ཟླ་གམ་ཞིག་བརྩིགས། དེ་ཡང་ཕྱེད་ཙམ་ལོངས་པ་དང་། ཡང་བླ་མ་བྱོན་ནས་འདིས་ཀྱང་མི་འོང་བར་འདུག འདི་ཡང་ས་ས་མལ་དང་རྡོ་རྡོ་མལ་དུ་སྐྱོལ་ཅིག་གསུངས། དེ་ལྟར་བྱས་པས། ཡང་བྱང་གི་རི་རྩེ་ཞིག་ལ་བྱོན་ནས། ཨ་བོ་མཐུ་ཆེན་ཁ་སང་ང་ཆང་གིས་བཟི་ནས་ཁ་ཏ་དེ་ཙམ་ཞིག་མ་བྱུང་བར་འདུག ད་འདིར་མཁར་དགའ་མོ་ཞིག་རྩིགས་གསུངས་པ་ལ། མཁར་བརྩིགས་ཤིང་བཤིག་པ་འདི་འདྲ་བདག་སྡུག་ལ་ཕྱག་རྫས་གཟན་པ་ལས་མི་གདའ་བས། ཐུགས་བསམ་ཡང་དག་བཏང་ནས་མཛད་པར་ཞུ་ཞུས་པས། ད་ལན་ཆང་གིས་བཟི་བ་ཡང་མེད། བསམ་བློ་ཡང་བཏང་བཏང་བ་ཡིན། སྔགས་པའི་མཁར་ཞེས་བྱ་བ་གྲུ་གསུམ་པ་ཞིག་དགོས་པ་ཡིན་པས་རྩིགས་ཤིག་འདི་བཤིག་ཀྱང་མི་དགོས་ཀྱིས་གསུངས། གྲུ་གསུམ་པ་ཞིག་བརྩིགས། དེ་ཡང་སུམ་ཆ་ཙམ་ལོངས་པའི་ཚེ། ཡང་བླ་མ་བྱོན་ནས། མཐུ་ཆེན་ཁྱོད་བརྩིགས་པའི་མཁར་འདི་སུའི་ཡིན། ཁ་ཏ་སུས་བྱས་གསུངས་པ་ལ། བླ་མ་རང་གིས་ཞལ་ཏ་མཛད་པའི་སྲས་མཁར་ལགས་མོད་ཞུས་པས། ངས་འདི་འདྲའི་ཁ་ཏ་བྱས་པ་མི་དྲན། ཁྱོད་ཀྱི་དེ་བདེན་པ་རང་ཡིན་ན་ང་སྨྱོ་བའམ་དྲན་པས་མ་ཟིན་པ་ཞིག་དང་ཐུག་པ་ཡིན་འོང་གསུངས། དེ་དུས་བདག་གིས་འདི་འདྲ་བྱུང་གིས་དོགས་ནས་ཐུགས་བསམ་ལེགས་པར་གཏོང་བར་ཞུ་ཞེས་སྙན་སྐུལ་ཕུལ་བས། ཐུགས་བསམ་བཏང་བཏང་བ་ཡིན། ད་ལན་གྱི་འདི་བཤིག་ཀྱང་མི་དགོས་གསུང་ཐུགས་དྲན་གསལ་བོ་རང་གདའ་ཞུས་པས། འོ་ན་དེ་དུས་ཀྱི་དཔང་བོ་ལ་སུ་ཡོད། ལར་མཁར་གྲུ་གསུམ་ཧོམ་ཁུང་འདྲ་བ་འདིར་ངེད་རྣམས་བཅུག་སྟེ་མཐུ་བྱེད་བསམ་པ་ཡིན་ན། ངེད་ཀྱིས་ནི་ཁྱོད་ཀྱི་གཞིས་འཕྲོགས་པ་ཡང་མེད་ལ། ཕ་ནོར་ཟོས་པ་ཡང་མེད་དོ། །དེ་ལྟར་མིན་པ་ཆོས་འདོད་པ་ཡིན་ན། གཞི་བདག་མི་དགའ་བར་འདུག་པས། འདིའི་ས་རྣམས་ས་མལ་དང་རྡོ་རྣམས་རྡོ་མལ་དུ་སྐྱོལ་ཅིག ཆོས་དགོས་ན་སྟེར་རོ། །དེ་བཞིན་མིན་ན་སོངས་གསུངས་ཐུགས་རྒྱལ་བཞེངས་འདུག་པས། སེམས་སྡུག་པ་ལ་ཚད་མེད་པ་ཞིག་བྱུང་རུང་ཆོས་འདོད་པས་བླ་མའི་བཀའ་བཞིན་མཁར་གྲུ་གསུམ་དེ་ཡང་ས་ས་མལ་དང་རྡོ་རྡོ་མལ་དུ་བསྐྱལ།  དེ་དུས་ངའི་རོ་སྟོད་ལ་སྒལ་རྨ་ཞིག་བྱུང་བ་བླ་མ་ལ་གཟིགས་ཕུལ་རུང་བཀྱོན་པ་ལས་མི་འོང་། ཡུམ་ལ་གཟིགས་ཕུལ་རུང་བས་ཡུས་སུ་འགྲོ་བར་འདུག་སྙམ་གཟིགས་མ་ཕུལ་བར་ངུས་ནས་ཆོས་ཞུ་གྲོགས་སུ་སྦྲན་པས། ཡུམ་བླ་མའི་དྲུང་དུ་བྱོན་ནས། དོན་མེད་ཀྱི་མཁར་ལས་ཀྱིས་མི་སྡུག་ཐག་གཅོད་པ་འདུག མཐུ་ཆེན་ལ་ཆོས་ཐུགས་རྗེས་འཛིན་པར་ཞུ་ཞུས་པས། ཟ་མ་བཟང་བ་ཞིག་གྱིས་ལ་ངའི་རྩར་ཁྲིད་ཤོག་གསུངས། ཡུམ་གྱིས་ཟ་མ་དང་བཅས་ཏེ་བླ་མའི་དྲུང་དུ་བསྐྱལ་བས་བླ་མའི་ཞལ་ནས། མཐུ་ཆེན་ཁ་སང་གི་ངས་མ་བྱས་པའི་ཧམ་པ་དེ་འདྲ་མ་བྱེད། ཆོས་འདོད་ན་སྟེར་གསུངས། ཐུན་མོང་གི་སྐྱབས་འགྲོའི་ལུང་དང་སྡོམ་པ་ཞིག་གནང་སྟེ། དེ་ཀུན་ཐུན་མོང་གི་ཆོས་བྱ་བ་ཡིན། ཐུན་མོང་མ་ཡིན་པ་གསང་སྔགས་ཀྱི་གདམས་ངག་དགོས་ན། འདི་འདྲ་བྱེད་དགོས་གསུང་། ནཱ་རོའི་རྣམ་ཐར་དཀའ་བ་སྤྱད་ཚུལ་རྣམས་མདོར་བསྡུས་པ་ཞིག་གནང་ནས། ཁྱོད་ཀྱིས་འོང་བ་དཀའ་མོ་ཡིན་གསུངས་པས་མཆི་མ་འཆོར་བའི་དད་པ་དྲག་པོ་སྐྱེས་ཏེ། བླ་མས་ཅི་གསུང་སྒྲུབ་དགོས་སྙམ་ཡི་དམ་བཅས། དེ་ནས་ཞག་འགའ་སོང་བ་དང་། བླ་མ་ཞབས་འཆག་པའི་ཕྱག་ཕྱིར་འགྲོ་གསུངས་ཕྱིན་པས། ཕ་ཚན་རྣམས་ཀྱིས་སྲུང་བའི་ས་འགག་དེར་བྱོན་ནས། ད་ཁྱོད་རང་འདིར་མཁར་གྲུ་བཞི་སྐྱ་བོ་དགུ་ཐོག་གན་ཇི་ར་དང་བཅུ་ཐོག་ཡོད་པ་ཞིག་རྩིགས། དེ་བཤིག་ཀྱང་མི་བཤིག གྲུབ་པ་དང་གདམས་ངག་སྦྱིན་སྒྲུབ་པ་ལ་བཞག་ནས་སྒྲུབ་རྒྱགས་སྦྱར་གྱིས་གསུངས། འོ་ན་ཞལ་བཞེས་འདི་རྣམས་ཀྱི་སྐུ་དཔང་དུ་ཡུམ་བཞུགས་པར་རུང་ལགས་སམ་ཞུས་པས། རུང་གསུངས། དེར་བླ་མས་རྩིག་རྨང་གི་རི་མོ་མཛད། ངས་ཡུམ་གདན་དྲངས་ནས་ཡབ་ཡུམ་གཉིས་ཀ་བཞུགས་སར། སྔར་མཁར་གསུམ་བརྩིགས་ཤིང་བཤིགས་པ་ལ། གཅིག་ལ་ཐུགས་བསམ་མ་ཐོངས་གསུངས། གཉིས་པ་ལ་ཕུད་ཀྱིས་བད་གསུངས། གསུམ་པ་ལ་སྨྱོ་བའམ་དྲན་པས་མ་ཟིན་པ་ཡིན་ནམ་བྱས་པ་མི་དྲན་གསུངས། ཞལ་ཏ་གནང་ཚུལ་ཞུས་པས་ཁྱོད་ལ་དཔང་བོ་སུ་ཡོད་གསུངས་པ་དང་གཞན་ཡང་བཀའ་བཀྱོན་མང་དུ་བྱུང་བས། ད་ལན་ཞལ་བཞེས་འདི་རྣམས་ཀྱི་དཔང་བོར་ཡུམ་སྤྱན་དྲངས་པ་ལགས་པས། སྐུ་དཔང་མཛོད་ཅིག་ཞུས་པས། ཡུམ་གྱི་ཞལ་ནས། ངས་དག་དཔང་བོ་བྱས་པས་ཆོག་སྟེ། ཡབ་སྐུ་དབང་བཙན་པས་བརྩི་བ་དཀའ་མོ་ཡིན། ལར་རང་ཡབ་མཁར་ལས་མཛད་དོན་མེད་པར་མཛད། བཤིག་དོན་མེད་པར་བཤིག་གིན་འདུག ཁྱད་པར་ས་འདི་རང་རེའི་མིན་པ་ཀུན་གྱི་མནའ་རི་ཡིན་པས། རྒྱ་འདྲེའི་གཞི་ཞིག་འོང་སྟེ། ཞུས་པས་ནི་ཡབ་མི་གསན་གསུང་བ་ལ། བླ་མའི་ཞལ་ནས་ཡུམ་ལ་ཁྱོད་རང་བཅོལ་བའི་དཔང་བོ་དེ་གྱིས། ངས་ཀྱང་ཁས་བླངས་པ་བཞིན་བྱེད། མ་བཅོལ་བའི་དོགས་པ་དེ་མ་བསླང་བར་སོངས་གསུངས།  དེར་ངས་མཁར་གྲུ་བཞིའི་རྨང་བཏིང་ནས་རྩིག་པའི་ཚེ། གཞུང་གི་རྔོག་སྟོན་ཆོས་རྡོར། དོལ་གྱི་ཚུར་སྟོན་དབང་ངེ་། གཙང་རོང་གི་མེས་སྟོན་ཚོན་པོ་རྣམས་ཀྱིས་སྐུ་རྩེད་ལ་རྡོ་ཆེན་པོ་རང་གཅིག་སྒྲིལ་ཞིང་བྱུང་བ་རྨང་རྡོར་བཅུག་ནས་སྐེད་སྒོའི་ཐད་ཐོག་ཆོ་གཉིས་ཙམ་ལོངས་པའི་ཚེ། མར་བ་བྱོན་ནས་ཀུན་ལ་གཟིགས་རྟོག་དགའ་མོ་མཛད་པས། བུ་ཆེན་གསུམ་པོས་བསྒྲིལ་བའི་རྡོ་དེ་ལ་ཕྱག་མཛུབ་བཙུགས་ཏེ། མཐུ་ཆེན་རྡོ་འདི་ག་ནས་བྱུང་གསུངས། ཐུགས་སྲས་བུ་ཆེན་རྣམས་ཀྱིས་སྐུ་རྩེད་ལ་བསྣམས་བྱུང་བ་ལགས་ཞུས་པས། འོ་ན་ཁོང་ཚོའི་རྡོས་ཁྱོད་ཀྱི་མཁར་ལས་ཀྱི་གོ་མི་ཆོད། རྡོ་འདི་ཐོན་ལ་དང་བོའི་སར་སྐྱོལ་གསུངས། མཁར་འདི་མི་བཤིག་པའི་ཞལ་བཞེས་ཡོད་ཞུས་པས། དེ་ཡོད་དེ་ངའི་བུ་སློབ་རིམ་གཉིས་ཀྱི་རྣལ་འབྱོར་སྒོམ་པ་རྣམས་ཁྱོད་ཀྱིས་གཡོག་ཏུ་བཀོལ་བར་མ་ཚད། ཀུན་བཤིག་པ་ནི་མིན། རྡོ་འདི་ཐོན་ལ་རང་གནས་སུ་སྐྱོལ་གསུངས། དེར་རྩེ་མོ་ནས་བཤིག་སྟེ་རྡོ་རང་གནས་སུ་བསྐྱལ་བས། ད་ཡང་ཁྱོད་རང་གིས་ལོངས་ལ་རྨང་རྡོར་ཆུག་གསུངས། བླངས་པས་ཁོང་གསུམ་གྱི་ཤེད་ང་རང་གཅིག་པོ་ལ་འདོན་དགོས་བྱུང་བས། སྦྱོང་བོ་རང་བྱུང་རུང་སྔར་བརྩིགས་པ་དེ་ལ་ངའི་གྱད་རྡོར་གྲགས་པ་ཡིན། རི་སྣ་དེར་རྩིག་རྨང་འདིང་བའི་ཚེ། ཕ་ཚན་ཀུན་གྱི་གྲོས་ལ། མནའ་རི་ལ་མར་བས་སྐུ་མཁར་བརྩིག་པར་འདུག་པས་སྲུང་བ་དྲག་ཟེར་བ་ལ། ལ་ལ་ན་རེ་མར་བ་རང་སྨྱོས་ནས་ལ་སྟོད་ཕྱོགས་ཀྱི་བན་ཆུང་ཤེད་པོ་ཆེ་ཞིག་འདུག་པ་དེ། ས་འབུར་ཚད་དང་རི་སྣ་ཡོད་ཚད་ལ་མཁར་གྱི་བཟོ་ལུང་མ་བསྟན་རེ་བརྩིགས། ཕྱེད་ཙམ་ལོངས་པ་དང་། ཡང་ཁོ་ནར་བཤིག་ཏུ་བཅུག་ནས་ས་རྡོ་རྣམས་རང་གནས་སུ་བསྐྱལ་དུ་འཇུག་གིན་འདུག འདི་ཡང་བཤིག་འོང་། མི་བཤིག་ན་བསྲུངས་པས་ཆོག བཤིག་མི་བཤིག་བལྟའོ་ཟེར་བ་ལ། མ་བཤིགས་པར་མཁར་ལས་ནར་མར་བྱས་པས། བདུན་ཐོག་ཏུ་སོང་བ་དང་ངའི་རྐེད་པ་ལའང་སྒལ་རྨ་གཅིག་བྱུང་། དེ་དུས་ཕ་ཚན་རྣམས་ན་རེ། ད་མི་བཤིག་པར་འདུག དང་བོ་བཤིགས་པ་དེ་རྣམས་འདིར་རྩིག་པའི་ངན་གཡོ་ཡིན་པར་འདུག ད་རང་རེ་ཚོས་བཤིག་ཟེར་དམག་ཆས་པས། དེའི་ཚེ་བླ་མས་སྤྲུལ་བ་མཛད་ནས་དམག་ཁྲབ་ཅན་མང་བོས་མཁར་གྱི་ཕྱི་ནང་ཀུན་བཀང་བས། མར་བ་ལོ་ཙཱས་དམག་དེ་ཙམ་གང་ནས་བོས་པ་ན་ཟེར་ཀུན་སྐྲག་སྟེ་འཛིང་མ་ནུས་པར་རེ་རེ་ནས་ཕྱག་འབུལ་དང་ཞུ་འབུལ་ལ་ཕག་ཏུ་བྱུང་བས། ཀུན་ཡོན་བདག་དང་འབངས་སུ་བཅུག་གོ །དེ་དུས་གཙང་རོང་གི་མེས་སྟོན་ཚོན་པོ་བདེ་མཆོག་གི་དབང་མོ་ཆེ་ཞུར་བྱུང་བས། ཡུམ་གྱི་ཞལ་ནས་ད་ལན་ཁྱོད་རང་ཡང་དབང་ཞིག་ཅིས་ཀྱང་ཐོབ་པ་བྱ་གསུངས། ང་རང་གི་ཡིད་ལའང་ངས་འདི་ཙམ་གྱི་མཁར་ཞིག་བརྩིགས་པ་ལ། རྡོ་ར་མགོ་ཙམ་ཞིག་གམ། ས་ཙེལ་པོ་གང་ངམ། ཆུ་ཕོགས་གཅིག་གམ། འཇིམ་པ་ཁྱེམ་གང་སྐྱེལ་བའི་གྲོགས་མེད་པར་བརྩིགས་པ་ཡིན་པས། ད་ལན་དབང་བསྐུར་གནང་འོང་སེམས་པ་བྱུང་སྟེ། ཕྱག་བཙལ་ནས་དབང་གྲལ་ལ་བསྡད་པས། བླ་མའི་ཞལ་ནས་མཐུ་ཆེན་ཁྱོད་ལ་དབང་ཡོན་ཅི་ཡོད་གསུངས། བླ་མའི་སྲས་མཁར་གྱི་ཞབས་ཏོག་བསྒྲུབས་པས། དབང་དང་གདམས་པ་གནང་བའི་ཞལ་བཞེས་ཡོད་པ་དེས་གནང་དུ་རེ་བསྡད་པ་ལགས་ཞུས་པས། བླ་མའི་ཞལ་ནས། ཁྱོད་ཀྱིས་སྤེའུ་ལག་ངར་ཙམ་ཞིག་བརྩིགས་པ་ལ། ངས་རྒྱ་གར་ནས་དཀའ་ལས་བྱས་པའི་དབང་དང་གདམས་པ་མི་ཐོབ། དབང་ཡོན་ཡོད་ན་ཁྱེར་ཤོག དེ་མིན་གསང་སྔགས་ཟབ་མོའི་དབང་གྲལ་དུ་མ་སྡོད་གསུངས། འགྲམ་ལྕག་བརྒྱབ། སྐྲ་ནས་བཟུང་ཕྱིར་བཏོན་པས། ད་ལྟ་རང་ཤི་ན་དགའ་བ་ལ་བསམ་མཚན་ཐོག་ཐག་ཏུ་ངུ་ཞིང་བསྡད། དེ་དུས་ཡུམ་བྱོན་ནས། བླ་མ་ཁོང་ངས་རྒྱ་གར་ནས་བླངས་པའི་ཆོས་འདི་རྣམས་སེམས་ཅན་ལ་ཕན་དུ་རེ་ནས་བླངས་པ་ཡིན་གསུངས། སྐུ་མདུན་དུ་ཁྱི་གཅིག་བྱུང་རུང་། ཆོས་གསུང་ཞིང་མཇུག་བསྔོ་བས་སྡུད་པ་ཞིག་འདུག་པ་ཡིན་ཏེ། ཁྱོད་ལ་ཐུགས་པ་མི་འདོགས་པ་འདི་ཅི་ཡིན་མི་ཤེས་པར་འདུག འོན་ཀྱང་ལོག་ལྟ་མ་སྐྱེས་པ་གྱིས་གསུངས། སེམས་གསོ་མཛད། ནངས་པར་བླ་མ་རང་བྱོན་ནས། མཐུ་ཆེན་ཁྱོད་རང་ད་རེ་ཞིག་མཁར་གྱི་རྩིག་འཕྲོ་ཞོག་ལ། ཞོལ་གྱི་རྣམ་པའི་ཁྱམས་ཀ་བ་བཅུ་གཉིས་ཡོད་པ་བཙན་ཁང་དང་བཅས་པ་ཞིག་རྩིགས། དེ་ལོངས་པ་དང་དབང་དང་གདམས་ངག་སྟེར་གསུངས། དེར་ཁྱམས་ཀྱི་རྨང་གཏིངས་ནས་བརྩིགས། ཡུམ་གྱིས་དུས་རྒྱུན་དུ་ཟ་མ་ལ་བྱ་ན་མ་ཆག་པ་དང་། ཆང་བཟི་བེར་རེ་བ་རྒྱུན་དུ་གནང་ནས་སེམས་གསོ་བཏང་བྱམས་པོ་རང་མཛད། ཁྱམས་ལོངས་སུ་ཆ་བའི་ཚེ། དོལ་གྱི་ཚུར་སྟོན་དབང་ངེ་གསང་འདུས་ཀྱི་དབང་མོ་ཆེ་ཞུར་བྱུང་བས། ཡུམ་གྱི་ཞལ་གནས་ད་ལན་བུར་དབང་ཞིག་ཅིས་ཀྱང་ཐོབ་པ་བྱེད་གསུངས། མར་ལྟང་གཅིག སྣམ་བུ་བུབས་གཅིག ཟངས་ཆུང་གཅིག་རྣམས་གནང་བ་ཕྱག་རྟེན་ལ་ཕུལ་ནས་དབང་གྲལ་ལ་བསྡད་པས། བླ་མའི་ཞལ་ནས་མཐུ་ཆེན་ཁྱོད་དབང་གྲལ་ལ་སྡོད་པའི་དབང་ཡོན་ཅི་ཡོད་གསུངས། མར་ལྟང་དང་སྣམ་བུ་དང་ཟངས་དེ་རྣམས་ལགས་ཞུས་པས། དེ་རྣམས་ང་ལ་ཡོན་བདག་ཆེ་གེ་མོ་དང་ཆེ་གེ་མོ་རྣམས་ཀྱིས་ཕུལ་བའི་ནོར་ལགས། ངའི་ནོར་གྱིས་ཁྱོད་ཀྱི་དབང་ཡོན་མི་འོང་། ཁྱོད་རང་ལ་ཡོད་ན་ཁྱེར་ཤོག དེ་མིན་ངའི་དབང་གྲལ་དུ་མ་སྡོད་གསུངས་བཞེངས་ནས་བཀའ་བཀྱོན་མང་བོ་གསུང་ཞིང་། ཞབས་ཐོས་བརྡུངས་ཏེ་བཏོན་པས། ས་ལ་ཐིམ་ན་དགའ་བ་ལ་སྙམ་པ་དང་། ངས་མཐུ་བཏང་ནས་མི་མང་བོ་བསད། སེར་བས་ལོ་མང་བོ་བཅོམ་པའི་རྣམ་པར་སྨིན་པ་ཡིན་ནམ། ཆོས་ཡེ་མི་འོང་བ་མཁྱེན་པ་ཡིན་ནམ། བླ་མ་ཐུགས་རྗེ་ཆུང་ནས་མི་གནང་བ་ཡིན་ནམ། གང་ནའང་ཆོས་མེད་པའི་མི་ལུས་སྡིག་གསོལ་བ་འདིས་ཅི་བྱེད། ལྕེབ་བམ་ལྕེབ་བམ་སྙམ་པའི་ཚེ། ཡུམ་གྱིས་ཚོགས་སྐལ་གཅིག་བསྐྱལ། སེམས་གསོ་མང་བོ་མཛད་ནས་སོང་རུང་། ཚོགས་ལ་རོལ་བའི་འདུ་ཤེས་ཀྱང་སྟོར་ནས། མཚན་ཡལ་ངུ་ཞིང་བསྡད་པས། ནངས་པར་ཡང་བླ་མ་བྱོན་ནས། ད་ཁྱོད་རང་ཁྱམས་དང་སྤེའུའི་འཕྲོ་སློང་ལ་མཐར་སྐྱོལ། དེ་ནས་དབང་དང་གདམས་ངག་སྟེར་རང་སྟེར་གསུངས་ནས་མཁར་ལས་བྱས་པས། ཁྱམས་མཐར་ཕྱིན་དུ་ལོངས། དེའི་དུས་ངའི་ཚང་ར་ལ་ཡང་སྒམ་རྨ་གཅིག་བྱུང་སྟེ། སྒལ་མིག་གསུམ་ཀ་ནས་རྣག་ཁྲག་འཛག་པ་དང་། རྒྱབ་རྨ་རུ་སོང་བ་ཡུམ་ལ་གཟིགས་ཕུལ་ཏེ། མཁར་གྲུ་བཞི་འགྲམ་འདིང་དུས་ཀྱི་ཞལ་བཞེས་རྣམས་བསྙེལ་གསོས་ནས། ཆོས་དྲན་དྲགས་ཆོས་ཞུ་གྲོགས་སུ་སྦྲན་པས། ཡུམ་གྱིས་ལེགས་པར་གཟིགས་ནས་སྤྱན་ཆབ་བསིལ་ཏེ། ངས་བླ་མ་ལ་ཞུ་གསུང་། བླ་མའི་དྲུང་དུ་བྱོན་ནས་ཞུས་པ། བླ་མ་རིན་པོ་ཆེ། མཐུ་ཆེན་གྱིས་འདི་ཙམ་གྱི་མཁར་ལས་བྱས་པས་ཡན་ལག་ཐམས་ཅད་རྨ་དང་སེར་ཀར་སོང་། རྒྱབ་ལ་སྒལ་མིག་གསུམ་བྱུང་བ་ནས་རྣག་ཁྲག་བསམ་གྱིས་མི་ཁྱབ་པ་འཛག་གིན་གདའ། སྔར་རྟ་བོང་ལ་སྒལ་རྨ་བྱུང་ཟེར་བ་རྣ་བས་ཀྱང་ཐོས། མིག་གིས་ཀྱང་མཐོང་སྟེ། མི་ལ་སྒལ་རྨ་བྱུང་ཟེར་བ་ཐོས་ཀྱང་མ་ཐོས་མཐོང་ཡང་མ་མཐོང་། འདི་འདྲ་མི་གཞན་གྱིས་མཐོང་བ་དང་ཐོས་པ་བྱུང་ན་ང་ངོ་ཡང་ཚ་བར་གདའ། ཡབ་རང་བླ་མ་ཆེན་པོ་ལགས་པས་ཞབས་ཀྱང་འདྲེན་པར་གདའ། ཁོ་སྙིང་ཡང་རྗེ་བར་གདའ་བས། ད་བུ་འདི་ལ་ཆོས་ཤིག་གནང་བར་ཞུ། དང་བོ་མཁར་ལོངས་ནས་ཆོས་གནང་བར་མཛད་པ་ལགས་མོད་ཞུས་པས། བླ་མའི་ཞལ་ནས་དེ་ཀ་རེད་ཟེར། མཁར་བཅུ་ཐོག་ལོངས་ནས་ཆོས་སྟེར་བར་བྱས་པ་ཡིན་པས་བཅུ་ཐོག་ག་རེ་གསུངས། བཅུ་ཐོག་ལས་ལྷག་པའི་ཁྱམས་བརྩིགས་པ་ལགས་མོད་ཞུས་པས། ལབ་ལབ་མང་ཁ་ན་མེད། བཅུ་ཐོག་ཁེལ་ན་ཆོས་སྟེར་བ་ཡིན། སྒལ་རྨ་རང་བྱུང་འདུག་གམ་གསུངས་པས། དེས་ན་ཡབ་སྐུ་དབང་གིས་གཅོད་པར་གདའ་བས་གང་དགྱེས་ཡིན། སྒལ་རྨ་བྱུང་བ་ཙམ་དུ་མ་ལུས་པར་རྒྱབ་སྒལ་རྨར་སོང་གདའ་ཞེས་གཟུགས་གེ་བ་ཞུས་ནས་མྱུར་དུ་བྱོན་པས། འོ་ན་ཡང་ཤོག་གིས་གསུངས། ཆོས་གནང་བ་ཡིན་ནམ་སྙམ་ཕྱིན་པས། མཐུ་ཆེན་སྒལ་རྨ་སྟོན་དང་གསུངས། གཟིགས་ཕུལ་བས་ལེགས་པར་གཟིགས་པའི་མཐར། ཁྱོད་ཀྱི་འདི་བས་ལྷག་པ་ངའི་ཇོ་བོ་ནཱ་རོ་བ་དེས་དཀའ་ཆེན་བཅུ་གཉིས། དཀའ་ཕྲན་བཅུ་གཉིས་ཏེ། དཀའ་བ་མི་འདྲ་བ་ཉེར་བཞི་སྐུ་ལུས་རང་གི་ཐོག་ཏུ་སྤྱད་པ་ཡིན། ངས་ཀྱང་གཅེས་པའི་སྲོག་དང་ཕངས་པའི་ནོར་ལ་མ་བལྟས་པར་ཇོ་བོ་ནཱ་རོ་བ་བསྟེན་པ་ཡིན། དེའི་ཕྱིར་ཆོས་འདོད་ན་ཡུས་མ་ཆེ་བར་མཁར་ལས་ཀྱི་འཕྲོ་གྱིས་གསུང་བ་ལ་དེ་ཡང་མད་སྙམ་པ་བྱུང་། གོས་ལ་སྒལ་ཚགས་མཛད་དེ། རྟ་བོང་ལ་ཡང་འདི་བཞིན་བྱེད་ཀྱིན་འདུག་པས་སྒལ་ཚགས་ཀྱིས་ལ་ས་རྡོ་སྐྱོས་གསུངས། རྒྱབ་རྨར་སོང་བ་ལ་སྒལ་ཚགས་ཀྱིས་ཅི་ལ་ཕན་ཞུས་པས། ས་མི་འཆོར་བ་ལ་ཕན་གསུངས། དེར་བླ་མའི་བཀའ་ཡིན་སྙམ་ས་སྣོད་མདུན་དུ་ཁྱེར་ནས་ས་བསྐྱས་ཤིང་ཞལ་བ་བྱས་པ་བླ་མས་གཟིགས་པས། བླ་མའི་ཅི་གསུང་སྒྲུབ་པའི་སྐྱེས་བུ་ངོ་མཚར་ཆེ་སྙམ། མར་བ་རང་ཡང་ལྐོག་ཏུ་སྤྱན་ཆབ་ཤོར་འདུག དེར་རྨ་རྣམས་འགྲམས་ནས་ཤིན་ཏུ་ན་བའི་ཚེ། ཡུམ་ལ་ཞུས་ནས་རབ་ཆོས་གནང་བ། ཐ་མའང་རྨ་མ་སོས་བར་བསྡད་རྒྱུ་འོང་བའི་ཞུ་བ་ཡུམ་གྱིས་ཕུལ་བས། མཁར་མ་ཚར་བར་ཆོས་མི་འོང་། ལས་ནུས་ན་ཅི་ལྕོགས་ཀྱིས། མི་ནུས་ན་སྡོད་པ་ལས་འོས་མེད་གསུངས། ཡུམ་གྱི་ཞལ་ནས། རྨ་དང་སྒལ་བ་རྣམས་མ་སོས་བར་ལས་མ་བྱེད་པར་སྡོད་གསུང་། སྡོད་པའི་བར་ལ་ཟ་མ་བཅུད་ཆེ་ལ་བཟའ་ཆེ་བ་གནང་བས་ཞག་འགའ་ཆོས་མ་ཐོབ་པའི་སེམས་ལས་མིན་པ་སྐྱིད་དུ་ཚོར་བ་བྱུང་།༼མི་ལ་རས་པའི་རྣམ་མགུར་ལས་བཏུས། ༽