ལོ་ཆེན་རིན་ཆེན་བཟང་བོ།
དྲ་ཚིགས་དོ་དམ་པས།
འབྱུང་ཁུངས། སྤེལ་མཁན། སྤེལ་དུས།2016-10-21
ངོ་སྤྲོད་གནད་བསྡུས།

      མཚན།  རིན་ཆེན་བཟང་བོ། འཁྲུངས་ཡུལ།  མངའ་རིས་གུ་གེའི་ཆ་ཝཾ་རཏྣ། འཁྲུངས་འདས། ༩༥༨-༡༠༥༥ ཐོབ་ཐང་། ལོ་ཙཱ་བ། སློབ་སྦྱོང་།     བོད་དང་བོད་བརྒྱུད་ནང་བསྟན་གྱི་ཆེད་དུ་རང་གི་གཅེས་པའི་སྐུ་སྲོག་ཀྱང་ཕངས་མེད་དུ་གཏོང་ཕོད་པའི་གུ་གེའི་ཆོས་རྒྱལ་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་རིན་ཆེན་བཟང་བོ་སོགས་བློ་རིག་གསལ་བའི་བྱིས་པ་ཉེར་བདུན་རྒྱ་གར་དུ་སློབ་སྦྱོང་བྱ་བར་མངགས། དེ་ལས་དམ་པ་འདིས་རྒྱལ་བོའི་རེ་འདུན་སྟོང་བར་མ་བྱས་པར་སློབ་སྦྱོང་ལ་འབད་བརྩོན་ལྷོད་མེད་བྱས། དེ་ཡང་ཇོ་བོ་ན་རོ་ཏ་པ་སོགས་པཎྜི་ཏ་བདུན་ཅུ་རྩ་ལྔ་ཙམ་བསྟེན་ནས་མདོ་དང་། སྔགས། སྒྲ་རིག་པ། ཚད་མ། གསོ་བ་རིག་པ་སོགས་མཐར་ཕྱིན་པ་སྦྱངས་ཏེ་སླར་བོད་དུ་ལོག ཁྱད་པར་དུ་གསང་སྔགས་དང་གསོ་བ་རིག་པ་ལ་མཆོག་ཏུ་མཁས་ཤིང་འགྲན་ཟླ་བྲལ། མ་ཟད་རིག་གནས་གང་ལ་འཆད་རྩོད་རྩོམ་སྒྱུར་ཐོགས་པ་མེད་པའི་ཕུལ་ཏུ་བྱུང་བའི་ལོ་ཙཱ་བ་ཆེན་པོ་དང་བསྟན་པ་ཕྱི་དར་སྐབས་ཀྱི་ལོ་ཙཱ་བའི་ཐོག་མའང་ཡིན།   གསུང་རྩོམ། གསང་སྔགས་དང་གསོ་བ་རིག་པའི་གཞུང་སོགས་འགྱུར་རྩོམ་མང་དུ་བཞུགས། མཛད་སྤྱོད། དགུང་ལོ་བཅུ་གསུམ་པར་རབ་ཏུ་བྱུང་། བཅུ་བདུན་ལ་འཕགས་ཡུལ་དུ་སློབ་སྦྱོང་བྱ་བར་ཕྱིན་ཏེ་ལོ་བཅུ་ལ་བཞུགས། ཉེར་བདུན་ཡས་མས་སུ་ཕྱིར་བོད་དུ་ཕེབས་ནས་མཛད་པ་བསྐྱངས། གསང་བ་སྔགས་ཀྱི་གཙོས་རྒྱ་གཞུང་མང་བོ་བོད་དུ་བསྒྱུར་བས་མ་ཚད་འགྱུར་བཅོས་མཛད། དགོན་པ་དང་གཙུག་ལག་ཁང་མང་དུ་བཏབ། སློབ་མ་མཁས་པ་མི་ཉུང་བ་གསོ་སྐྱོང་བྱས། དགུང་ལོ་ཞེ་དགུ་བར་བསྙེན་པར་རྫོགས། བླ་ཆེན་པོ་ལྷ་ལྡེ་བཙན་གྱི་དབུ་བླ་བྱས། ཕྱིས་སུ་མངའ་རིས་སུ་ཕེབས་ཏེ་ཇོ་བོ་རྗེ་དང་མཇལ་ནས་གདམས་ངག་ཚུལ་བཞིན་གསན། དམ་བཅའ་བརྟན་པོས་སྒོམ་སྒྲུབ་བགྱིས་ནས་ལྷག་པའི་ལྷའི་ཞལ་གཟིགས་ཏེ་མཆོག་ཐུན་མོང་གི་དངོས་གྲུབ་བརྙེས། མཐར་དགུང་གྲངས་དགུ་བཅུ་རྩ་བརྒྱད་པར་ངོ་མཚར་བའི་ལྟས་དང་བཅས་མཁའ་སྤྱོད་དུ་གཤེགས་སོ། །




༡༽ ལོ་ཆེན་རིན་ཆེན་བཟང་བོ།

      བོད་ཀྱི་ལོ་རྒྱུས་ཐོག་མཚན་སྙན་ཤིན་ཏུ་ཆེ་བའི་ལོ་ཙཱ་བ་ཆེན་པོ་འདི་ཉིད་བོད་ས་རྟ ༼སྤྱི་ལོ ༩༥༨ ༽ལོར་མངའ་རིས་གུ་གེའི་ཆ་ཝཾ་རཏྣ་རུ་སྐུ་འཁྲུངས། དགུང་ལོ་བཅུ་གསུམ་པར་མཁན་པོ་ཡེ་ཤེས་བཟང་བོ་ལས་རབ་ཏུ་བྱུང་། དགུང་ལོ་བཅུ་བདུན་ལ་སླེབ་སྐབས་འཕགས་ཡུལ་དུ་བྱོན་ནས་ལོ་བཅུར་བཞུགས། ཇོ་བོ་ན་རོ་ཏ་པ་སོགས་པཎྜི་ཏ་བདུན་ཅུ་རྩ་ལྔ་བསྟེན་ནས་མདོ་དང་། སྔགས། སྒྲ་རིག་པ། ཚད་མ། གསོ་བ་རིག་པ་སོགས་མཐར་ཕྱིན་པ་སྦྱངས་ཏེ་བོད་དུ་བྱོན། དགུང་ལོ་ཞེ་དགུ་པར་པཎྜི་ཏ་ཟླ་འོད་བཟང་བོ་དང་། དྷི་ན་སེ། ཀ་མ་ལ་རཀྵི་ཏ་ལས་བསྙེན་པར་རྫོགས། མངའ་བདག་ལྷ་ལྡེ་བཙུན་གྱི་བླ་མ་མཛད་པས་ལྷ་ལྡེས་པུ་ཧྲངས་གཞེར་གྱི་གནས་གཞི་ཕུལ་བར་ཁྲ་ཙཱི་གཙུག་ལག་ཁང་དང་། རོང་གི་གཙུག་ལག་ཁང་སོགས་གཙུག་ལག་ཁང་དང་མཆོད་རྟེན་མང་དུ་བཞེངས། མདོ་སྡེའི་སྐོར་གཞུང་གྲངས་བཅུ་བདུན་དང་། མངོན་པའི་གཞུང་སོ་གསུམ། རྒྱུད་ཀྱི་ལེ་ཚན་བརྒྱ་རྩ་བརྒྱད་སོགས་རྒྱ་གཞུང་བོད་དུ་བསྒྱུར་བ་དང་འགྱུར་བཅོས་མཛད་པ་ཤིན་ཏུ་མང་ཞིང་། ཁྱད་པར་དུ་གསང་སྔགས་ལ་མཆོག་ཏུ་མཁས་ཤིང་འགྲན་ཟླ་བྲལ་བས། འགོས་ལོས། བསྟན་པ་སྔ་དར་ལས་ཕྱི་དར་སྔགས་ཀྱི་བསྟན་པ་དར་ཆེ་བ་ཡང་ལོ་ཙཱ་བ་འདི་ཁོ་ནའི་བཀའ་དྲིན་ཡིན་ཞེས་བསྔགས་བརྗོད་མཛད། བོད་དུ་གསང་སྔགས་གསར་མའི་ཐ་སྙད་དེའང་ལོ་ཆེན་རིན་བཟང་ནས་འགོ་ཚུགས། དེ་བཞིན་གསོ་བ་རིག་པའི་སྐོར་ལ་སློབ་དཔོན་དཔའ་བོས་མཛད་པའི་ཡན་ལག་བརྒྱད་པའི་སྙིང་བོ་བསྡུས་པ་དང་། དེའི་འགྲེལ་བ་ཁ་ཆེ་པཎ་ཆེན་ཟླ་བ་མངོན་དགས་མཛད་པའི་ཟླ་ཟེར་སོགས་ལེགས་པར་བསྒྱུར་ཅིང་གཏན་ལ་ཕབ་པས་བོད་དུ་དར་རྒྱས་བྱུང་བས་མ་ཚད། དཔལ་ཕག་མོ་གྲུ་བའི་དུས་སུ་རྒྱ་ནག་ཏུའང་དར་ཏེ་རྒྱ་དཔར་དུ་བརྐོས་ཡོད། མདོར་ན་ལོ་ཙཱ་བ་འདི་ཉིད་རིག་གནས་གང་ལ་འཆད་རྩོད་རྩོམ་སྒྱུར་ཐོགས་པ་མེད་པར་གྱུར་ཏེ་བསྟན་པ་ཕྱི་དར་སྐབས་ཀྱི་ལོ་ཙཱ་བ་ཐམས་ཅད་ཀྱི་ཐོག་མར་གྱུར། དགུང་ལོ་གྱ་ལྔར་སླེབ་སྐབས་ཇོ་བོ་རྗེ་མངའ་རིས་སུ་བྱོན་པ་དང་མཇལ་ཏེ་གདམས་ངག་གསན་ཅིང་ཇོ་བོས་སྒྲུབ་པ་ལ་བསྐུལ་བས་སྒྲུབ་ཁང་གི་སྒོ་གསུམ་རིམ་ལ་དམ་བཅའ་གསུམ་བྲིས་ཏེ་རྩེ་གཅིག་གིས་སྒོམ་མཛད་པས་གྲུབ་པ་ཐོབ་སྟེ་མཐར་དགུང་ལོ་གོ་བརྒྱད་པ་རབ་བྱུང་དང་བོའི་ཤིང་ལུག ༼སྤྱི་ལོ ༡༠༥༥ ༽ལོར་སྐུ་གཤེགས།

      སློབ་མའི་གཙོ་བོ་ནི། ལོ་ཆུང་ལེགས་པའི་ཤེས་རབ་དང་། གུར་ཤིང་བརྩོན་འགྲུས་རྒྱལ་མཚན། གྲབ་པ་གཞོན་ནུ་ཤེས་རབ། གྱི་ནོར་ཛྙ་ན་བཅས་ཐུགས་ཀྱི་སྲས་བཞི་དང་། གསོ་རིག་གི་རྒྱུད་པ་འཛིན་པའི་སློབ་མ་པུ་རངས་ཀྱི་སྨན་པ་བཞིས་གཙོས་མཁན་བུ་ཤིན་ཏུ་མང་ངོ་། །

      འདི་ཉིད་ཀྱི་འགྱུར་ལ། མདོ་མང་སྐོར་ལས། འཕགས་པ་མྱ་ངན་ལས་འདས་པའི་མདོ་ཆུང་བ་ཤོ་ལོ་ཀ་དྲུག་ཅུའི་ཚད་ཙམ་པ། འཕགས་པ་བདག་མེད་པ་དྲིས་པ་ཞེས་བྱ་བའི་མདོ། མདོ་སྡེ་མངོན་པར་འབྱུང་བ། སྔགས་ཕྱོགས་སྐོར་ལས། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ། ལེའུ་བཅུ་བཞི་བ། རྩ་རྒྱུད་མངོན་བརྗོད་ལེའུ་འབུམ་ཕྲག་གསུམ་པ་ལས་བསྡུས་པའི་ལེའུ་འབུམ་པ། བཤད་པའི་རྒྱུད་ཐུན་མོང་མ་ཡིན་པ་ངེས་པར་བརྗོད་པའི་རྒྱུད་བླ་མའི་བླ་མ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་བོ་ལེའུ་དྲུག་ཅུ་རྩ་དགུ་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་གསང་ཆེན་གསང་བ་འདུས་པ་ཞེས་བྱ་བའི་བརྟག་པའི་རྒྱལ་བོ་ལ་ལེའུ་བཅུ་བདུན་དང་། དེའི་རྒྱུད་ཕྱི་མ་ལེའུ་གཅིག་པ་སོགས་དང་། བསྟན་འགྱུར་ལས། ཁྱད་པར་དུ་འཕགས་པའི་བསྟོད་པ་རྒྱ་ཆེར་བཤད་པ། ཐམས་ཅད་མཁྱེན་པ་དབང་ཕྱུག་ཆེན་པོའི་བསྟོད་པ། ལྷ་ལས་ཕུལ་དུ་བྱུང་བར་བསྟོད་པའི་རྒྱ་ཆེར་བཤད་པ། སྐུ་གསུམ་ལ་བསྟོད་པ་ཞེས་བྱ་བའི་རྣམ་པར་འགྲེལ་བ། སངས་རྒྱས་བཅོམ་ལྡན་འདས་ལ་བསྔགས་པར་འོས་པ་བསྔགས་པ་ཞེས་བྱ་བ་ལེའུ་བཅུ་གསུམ་པ། སངས་རྒྱས་མྱ་ངན་ལས་འདས་པ་ལ་བསྟོད་པ། བཤགས་པའི་བསྟོད་པ་སོགས་ཤིན་ཏུ་མང་ངོ་། །

 
༢༽ ལོ་ཆེན་རིན་ཆེན་བཟང་བོ།

      ས་ཕོ་རྟའི་ལོ་ལ་ཡབ་གཞོན་ནུ་དབང་ཕྱུག་དང་། ཡུམ་ཅོག་རོ་ཀུན་བཟང་ཤེས་བརྟན་མའི་སྲས་སུ་སྐུ་འཁྲུངས། རིགས་གཡུ་རི་གཡུ་སྒྲ། དགུང་ལོ་བཅུ་གསུམ་བཞེས་པའི་ཚེ་མཁན་པོ་ཡེ་ཤེས་བཟང་བོ་ལས་རབ་ཏུ་བྱུང་། དེའི་མོད་ལ་འདུལ་བ་རྒྱ་ཆེར་འགྲེལ་ཐུགས་སུ་ཆུད། དེ་ནས་རྒྱལ་བོའི་བཀས་ཁ་ཆེར་བྱོན། ལོ་ཙཱ་མཁས་པར་བསླབས། པཎྜ་ཏ་ཀཱར་རྣམ་གསུམ་སོགས་པཎ་གྲུབ་དུ་མ་ལ་གཏུགས་ཏེ་སྔགས་མཚན་ཉིད་ཀྱི་གཞུང་མང་བོ་ལ་སྦྱངས། མཁྱེན་པ་ཤིན་ཏུ་ཆེ་བས་མདོ་སྔགས་ཀྱི་ཆོས་མང་བོ་བསྒྱུར། ཕ་རོལ་ཏུ་ཕྱིན་པ་དང་རྒྱུད་ཀྱི་ཕྱོགས་གཉིས་ཀའི་བཤད་པ་རྒྱ་ཆེར་མཛད། དབང་དང་སྒྲུབ་པའི་ལག་ལེན་མང་དུ་བསྟན་ཏེ་བསྟན་པ་སྔ་དར་ལས་ཕྱི་དར་སྔགས་ཀྱི་བསྟན་པ་བོད་དུ་དར་བ་ཡང་ལོ་ཙཱ་བ་འདི་ཁོ་ནའི་བཀའ་དྲིན་ཡིན། པཎྜི་ཏ་བདུན་བཅུ་རྩ་ལྔ་བསྟེན་ནས་དམ་པའི་ཆོས་མང་དུ་གསན། བླ་ཆེན་པོ་ལྷ་ལྡེ་བཙན་གྱིས་དབུའི་མཆོད་གནས་དང་རྡོ་རྗེ་སློབ་དཔོན་དུ་བསྐུར། པུ་རངས་ཞེར་གྱི་གནས་གཞི་ཕུལ། གཙུག་ལག་ཁང་ཡང་བཞེངས། ཁ་ཆེའི་གཙུག་ལག་ཁང་དང་རོང་གི་གཙུག་ལག་ཁང་ལ་སོགས་པ༼༡༨༠༽གནས་གཞི་དང་གཙུག་ལག་ཁང་དང་མཆོད་རྟེན་མང་དུ་མང་དུ་བཞེངས། གུར་ཤིང་བརྩོན་འགྲུས་རྒྱལ་མཚན་ལ་སོགས་པའི་སློབ་མ་མཁས་གྲུབ་མང་བོ་དང་ཞུས་ཆེན་ཕེར་བའི་ལོ་ཙཱ་ཡང་བཅུ་ལྷག་ཙམ་ཐོན། འཕྲལ་གྱི་མཛད་པ་ཡང་སྐུ་གཟུགས་བཞེངས་པ་དང་། འགྱུར་མཛད་པ་ལ་སོགས་རེ་རེའི་རྗེས་ཀྱང་གཞན་གྱིས་མི་རྙོགས་པ་དང་། མཚན་ཡང་དག་པར་བརྗོད་པ་ཡང་སཾ་སྐྲྀ་ཏའི་སྐད་དུ་འབུམ་ཕྲག་གཅིག་བོད་སྐད་དུ་འབུམ་ཕྲག་གཅིག གཞན་ལ་ཡོན་བྱིན་ཏེ་འབུམ་ཕྲག་གཅིག་རྣམས་བཏོན། དགུང་ལོ་བརྒྱད་ཅུ་རྩ་ལྔ་བཞེས་པ་ཆུ་རྟ་ལ་ཇོ་བོ་བོད་དུ་བྱོན་པ་དང་མཇལ་ཏེ་སྔར་བསྒྱུར་བ་མང་བོ་ལ་ཞུ་དག་ཞུས། ཇོ་བོ་ཉིད་ཀྱིས་མཛད་པའི་དམ་ཚིག་བསྡུས་པ་བསྒྱུར་བས་འགྱུར་བཟང་བ་ཞིག་བྱུང་། དེ་ལ་ཇོ་བོ་དགྱེས་ནས་ངའི་ལོ་ཙཱ་བྱ་དགོས་པའི་བཀའ་ལུང་ཡང་བྱོན། གསེར་སྲང་བདུན་ཕུལ་ནས་བདེ་མཆོག་ལ་སོགས་པའི་གསང་སྔགས་ཀྱི་གདམས་པ་མང་དུ་ཞུས། ཇོ་བོས་སྒྲུབ་པ་ལ་བསྐུལ་ཏེ་སྒྲུབ་ཁང་ཕྱི་རོལ་ན་སྒོ་གསུམ་རིམ་དུ་ཡོད་པ་ལ། ཕྱི་མ་ལ་སྒོ་འདིའི་ནང་དུ་ཚེ་འདིའི་རྣམ་པར་རྟོག་པ་སྐད་ཅིག་མ་གཅིག་སྐྱེས་ན་བསྟན་སྲུང་རྣམས་ཀྱིས་མགོ་བོ་ཁོས་བྱ་བ་དང་། བར་བ་ལ་རང་དོན་ཡིད་བྱེད་ཀྱི་བློ་སྐད་ཅིག་མ་གཅིག་སྐྱེས་ན་བསྟན་སྲུང་རྣམས་ཀྱིས་མགོ་བོ་ཁོས་བྱ་བ་དང་། ནང་མ་ལ་སྒོ་འདིའི་ནང་དུ་ཐ་མལ་གྱི་རྣམ་རྟོག་སྐད་ཅིག་མ་གཅིག་སྐྱེས་ན་བསྟན་སྲུང་རྣམས་ཀྱིས་མགོ་བོ་ཁོས་བྱ་བ་རྣམས་བྲིས་ནས། རྩེ་གཅིག་ཏུ་སྒྲུབ་པ་མཛད་པས་དཔལ་གསང་བ་འདུས་པ་དང་བདེ་མཆོག་གི་ཞལ་གཟིགས་ཤིང་། གྲུབ་པ་བརྙེས་ཏེ་དགུང་ལོ་དགུ་བཅུ་རྩ་བརྒྱད་པ་ཤིང་མོ་ལུག་གི་དགུན་ཟླ་ཐ་ཆུང་གི་ཚེས་བཅུ་བདུན་ལ་མྱ་ངན་འདས་པའི་ཚུལ་སྟོན་པའི་ཚེ། ནམ་མཁའ་གང་བའི་ལྷ་རྣམས་ཀྱིས་རོལ་མོ་རྒྱ་ཆེར་སྒྲོག་པ་དང་། མེ་ཏོག་གི་ཆར་འབེབས་པ་ལ་སོགས་པ་གྲོང་བའི་སྐྱེ་བོ་ཐམས་ཅད་ཀྱིས་མངོན་སུམ་དུ་གྱུར། གདུང་རྟེན་མ་བྱུང་བས་མཁའ་སྤྱོད་དུ་གཤེགས་པར་གྲགས། རིང་བསྲེལ་འོ་མ་སེའི་མདོག་ལྟ་བུ་གསུམ་བྱུང་བ་ཇི་ཞིག་ན་འབྲུག་ལྟ་བུའི་སྒྲ་དང་བཅས་ཏེ་ནམ་མཁར་སོང་ངོ་། །དེའི་དུས་སུ་དགེ་བསྙེན་རྣམ་པ་གཉིས་སྐད་པ། པུ་རངས་ཀྱི་རྒྱ་བརྩོན་འགྲུས་ཤེས་རབ་དང་། ལྗང་དར་མ་བློ་གྲོས་གཉིས་ཀྱིས་ལོ་ཆེན་ལ་ལོ་ཆེན་ཇོ་བོའི་བདེ་མཆོག་ཞུས་ཀྱང་མ་གནང་། ཡང་ཡང་ཞུས་པས་གོང་གི་ལོ་རྒྱུས་གསུངས་ནས་དེ་ཙུག་སྒྲུབ་ནུས་ན་སྦྱིན་ནོ་གསུངས་ཏེ། བདེ་མཆོག་དབང་བྱིན་རླབས་གནང་ནས་ཁོང་གཉིས་ཀྱིས་བསྒྲུབས་པས་ཞལ་གཟིགས། བླ་མ་ལ་ཇི་ལྟར་བགྱི་ཞུས་པས། ལོ་ཙཱ་བའི་ཞལ་ནས་དབུས་ཀྱི་རྒྱལ་ཁབ་ན་དགེ་བསྙེན་གསུམ་ཡོད། དེ་ལ་ཡང་ཕན་ཐོགས། ཁྱེད་གཉིས་རི་བོ་རྩེ་ལྔ་ལ་སྒོམས། སློབ་དཔོན་དགའ་ལྡན་དུ་མཇལ་འཕྲད་དུ་བྱའོ་གསུངས། དེ་ནས་དགེ་བསྙེན་གཉིས་པོ་དབུས་སུ་བྱོན། དེའི་དུས་ན་རྒྱ་ལྕགས་རི་གོང་ཁ་བ་དེ་ལྷ་ས་ན་སྐོར་བ་མཛད་ཅིང་བཞུགས། ནུབ་གཅིག་གི་རྨི་ལམ་ན་བདེ་མཆོག་གི་ལྷ་ཁང་ཞིག་གི་ལྡེ་མིག་གཏད་པ་རྨིས། སང་དེ་དགེ་བསྙེན་གཉིས་པོ་དང་མཇལ་ནས་ཆོས་ཞུས་པ་ལ་ལེགས་པར་གནང་། ལས་ཅན་གཅིག་བྱུང་ན་སྟོན་ཅིག་ཀྱང་གསུངས། དེ་ནས་ཁམས་སུ་ལྡན་མ་དབང་ཕྱུག་གཞོན་ནུ་སྐད་པའི་དགེ་བསྙེན་ཞིག་ལ་གནང་། དེ་ནས་ཁོང་གཉིས་རྩེ་ལྔ་ལ་བྱོན་ཏེ་ཕུང་བོ་ལྷག་མ་མེད་པར་སངས་རྒྱས་སོ་ཞེས་གསུངས། ཇོ་བོའི་ལུགས་ཀྱི་ལཱུ་ཡི་པའི་འགྲེལ་བ་ལོ་ཆེན་གྱིས་མཛད་པ་ཞིག་ཡོད་པའི་གཏམ་ལྷོ་ལ་ཡག་རྣམ་ཐར་དུ་སྣང་བས་རྩད་གཅད་པར་བྱའོ། །༼བཀའ་གདམས་ཆོས་འབྱུང་ལས་བཏུས།༽

 
༣༽ ལོ་ཆེན་རིན་ཆེན་བཟང་བོ།

      ས་ཕོ་རྟའི་ལོ་སྟེ་སྤྱི་ལོ ༩༥༨ ལོར་ཡབ་བན་ཆེན་པོ་གཞོན་ནུ་དབང་ཕྱུག་དང་། ཡུམ་ཅོག་རོ་ཟ་ཀུན་བཟང་ཤེས་རབ་བརྟན་གཉིས་ཀྱི་སྲས་སུ་མངའ་རིས་གུ་གེའི་ཡུལ་དུ་སྐུ་འཁྲུངས། དགུང་ལོ་བཅུ་གསུམ་སྤྱི་ལོ ༩༧༠ ལོར་མཁན་པོ་ཡེ་ཤེས་བཟང་བོ་ལས་རབ་ཏུ་བྱུང་སྟེ་མཚན་ལ་རིན་ཆེན་བཟང་བོ་ཞེས་གསོལ། ཆུང་དུས་ནས་དབང་བོ་རྣོ་ཞིང་བརྩོན་འགྲུས་ཆེ་བས། གུ་གེ་རྒྱལ་བོ་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་ཁོང་སོགས་བློ་རྣོ་བའི་བྱིས་པ་ཉི་ཤུ་རྩ་གཅིག་རྒྱ་གར་དུ་ཆོས་བསླབ་པར་བཏང་གནང་བའི་ནང་ནས་བཅུ་དགུ་ཚད་པས་གྲོངས། བོད་དུ་ཕྱིར་ཕེབས་ཐུབ་པ་ནི་ལོ་ཆེན་རིན་བཟང་དང་། ལོ་ཆུང་གྲགས་འབྱོར་ཤེས་རབ་གཉིས་ཀྱིས་མདོ་སྔགས་ཀྱི་ཆོས་མང་བོ་བསྒྱུར་ཅིང་ཞུས་ནས་གཏན་ལ་ཕབ། གསོ་བ་རིག་པའི་གཞུང་སྨན་དཔྱད་ཡན་ལག་བརྒྱད་པ་སོགས་རྒྱ་གར་གྱི་སྨན་གཞུང་མང་བོ་བོད་སྐད་དུ་བསྒྱུར། སློབ་མའང་སྨན་པ་མཁས་པ་མི་དགུ་སོགས་བྱུང་ནས་བོད་ཀྱི་གསོ་བ་རིག་པ་གོང་འཕེལ་གཏོང་ཐུབ་པར་མཛད་རྗེས་ཆེན་པོ་བཞག པཎྜི་ཏ་བདུན་ཅུ་དོན་ལྔ་བསྟེན་ཏེ་དམ་པའི་ཆོས་མང་དུ་གསན། ཁ་ཆེར་སློབ་གཉེར་ལན་གསུམ་མཛད་དེ་ལོ་ཙྭ་མཁས་པར་གྱུར། ལྷག་པར་སྔགས་ཀྱི་གཞུང་ལ་སྦྱོང་བ་ཐར་ཕྱིན་གནང་སྟེ་མདོ་སྔགས་ཀྱི་གཞུང་མང་བོ་བོད་སྐད་དུ་བསྒྱུར། བོད་དུ་བསྟན་པ་སྔ་དར་ལས་ཀྱང་ཕྱི་དར་ལ་སྔགས་ཀྱི་བསྟན་པ་དར་ཆེ་བ་ནི་ལོ་ཙྭ་འདི་ཁོ་ནའི་བཀའ་དྲིན་ཡིན་པ་མཁས་པའི་མོས་པ་གཅིག་མཐུན་བྱུང་། དགུང་ལོ ༨༥ ལོར་ཇོ་བོ་མཇལ་ཏེ་སྔར་སྒྱུར་མང་བོར་ཞུ་དག་དང་། ཇོ་བོས་མཛད་པའི་དམ་ཚིག་བསྡུས་པ་བསྒྱུར་བས་འགྱུར་བཟང་བ་ཞིག་བྱུང་། ཇོ་བོ་དགྱེས་ནས་ཁོང་གི་ལོ་ཙྭ་བྱེད་དགོས་པའི་བཀའ་ལུང་ཡང་བྱུང་། ཇོ་བོར་གསེར་སྲང་བདུན་ཕུལ་ནས་བདེ་མཆོག་ལ་སོགས་པའི་གསང་སྔགས་ཀྱི་གདམས་པ་མང་དུ་ཞུས། ཇོ་བོས་སྒྲུབ་པ་ལ་བསྐུལ་ཏེ་སྒྲུབ་ཁང་གི་ཕྱི་རོལ་ན་སྒོ་གསུམ་རིམ་དུ་ཡོད་པ་ལ། ཕྱི་མ་ལ་སྒོ་འདིའི་ནང་དུ་ཚེ་འདིའི་རྣམ་པར་རྟོག་པ་སྐད་ཅིག་མ་གཅིག་སྐྱེས་ན་བསྟན་སྲུང་རྣམས་ཀྱིས་མགོ་བོ་ཁོས་བྱ་བ་དང་། སྒོ་བར་མ་ལ་རང་དོན་ཡིད་བྱེད་ཀྱི་བློ་སྐད་ཅིག་མ་གཅིག་སྐྱེས་ན་བསྟན་སྲུང་རྣམས་ཀྱི་མགོ་བོ་ཁོས་བྱ་བ་དང་། སྒོ་ནང་མ་ལ་འདིའི་ནང་ཐ་མལ་གྱི་རྣམ་རྟོག་སྐད་ཅིག་མ་གཅིག་སྐྱེས་ན་བསྟན་སྲུང་རྣམས་ཀྱི་མགོ་བོ་ཁོས་བྱ་བ་རྣམས་བྲིས་ནས་རྩེ་གཅིག་ཏུ་སྒྲུབ་པ་མཛད་པས་དཔལ་གསང་བ་འདུས་པ་དང་བདེ་མཆོག་གི་ཞལ་གཟིགས། གྲུབ་པ་བརྙེས་ཏེ་དགུང་ལོ་དགུ་བཅུ་གོ་བརྒྱད་པ་ཤིང་མོ་ལུག་གི་ལོ་ཙྭ་སློབ་པའི་སློབ་མ་གུར་ཤིང་བརྩོན་འགྲུས་རྒྱལ་མཚན་སོགས་ཞུས་ཆེན་ཕེར་བའི་སློབ་མ་བཅུ་ལྷག་ཙམ་བྱུང་། འཕྲལ་གྱི་མཛད་པ་གཙུག་ལག་ཁང་དུ་མ་བཞེངས་པ་ནི། ༩༩༦ ལོར་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་སྤྱིན་བདག་མཛད་དེ་ལོ་ཙཱ་བ་རིན་ཆེན་བཟང་བོས་ཕྱག་འདེབས་མཛད་པའི་མཐོ་ལྡིང་དགོན་དང་། གཞན་ཡང་ཁ་ཆེའི་གཙུག་ལག་ཁང་དང་། རོང་གི་གཙུག་ལག་ཁང་སོགས་གནས་གཞི་དང་ལྷ་ཁང་མཆོད་རྟེན་མང་དུ་བཞེངས། ཐར་དགུང་ལོ ༩༨ ཤིང་ལུག་སྤྱི་ལོ ༡༠༥༥ ལོའི་བོད་ཟླ ༡༢ ཚེས་བཅུ་བདུན་ལ་སྐུ་མྱ་ངན་ལས་འདས། གདུང་རྟེན་མ་བྱུང་བས་མཁའ་སྤྱོད་དུ་གཤེགས་པར་གྲགས་སོ། །༼བོད་ཀྱི་སློབ་འབྲིང་དྲ་བ་ལས་བཏུས།༽

 
༤༽ ལོ་ཆེན་རིན་ཆེན་བཟང་བོ།

      བོད་ཀྱི་ལོ་རྒྱུས་ཐོག་བསྟན་པ་ཕྱི་དར་གྱི་དུས་སུ་བྱུང་བའི་གསང་སྔགས་གསར་མ་སྒྱུར་མཁན་གྱི་ལོ་ཙཱ་བ་མཚན་སྙན་གྲགས་ཤིན་ཏུ་ཆེ་བ་ཞིག་ཡིན། རབ་བྱུང་དང་བོའི་གོང་གི་ལོ་དྲུག་ཅུ་རེ་དགུ་བ་ས་རྟ༼༩༥༨༽ལོར་སྟོད་མངའ་རིས་ཀྱི་གུ་གེའི་ས་ཆར་འཁྲུངས། དགུང་ལོ་ཆུང་དུས་ནས་སློབ་སྦྱོང་ལ་བརྩོན་འགྲུས་ཆེ་བས། མངའ་རིས་རྒྱལ་བོས་ཁོང་སོགས་མི་ཉི་ཤུ་རྩ་བདུན་ཁ་ཆེའི་ཡུལ༼ཀསྨིར༽དུ་མངགས་པ་ལྟར་བྱོན་ཏེ། པཎྜི་ཏ་མཁས་པ་མང་བོ་བསྟེན་ནས་སྒྲ་རིག་པ་དང་། ཚད་མ། གསོ་བ་རིག་པ། མདོ་དང་། སྔགས་སོགས་ལ་སྦྱོང་བ་མཐར་ཕྱིན་པ་མཛད་དེ་བོད་དུ་བྱོན། མངའ་རིས་གུ་གེའི་རྒྱལ་བོ་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་མཐུན་རྐྱེན་གནང་སྟེ་གསང་སྔགས་ཀྱི་གཞུང་མང་བོ་དང་། གསོ་བ་རིག་པའི་གཞུང༼སྨན་དཔྱད་ཡན་ལག་བརྒྱད་པ༽ལ་སོགས་པ་རྒྱ་གར་གྱི་སྨན་གཞུང་མང་བོ་བསྒྱུར། སློབ་མ་སྨན་པ་མཁས་པ་མི་དགུ་སོགས་བྱུང་སྟེ། བོད་ཀྱི་གསོ་བ་རིག་པའི་ཐོག་སླར་ཡང་གོང་འཕེལ་གསར་བ་ཞིག་གི་དུས་སུ་བསླེབས། ཁོང་གི་གསང་སྔགས་གསར་མ་དང་། རྒྱ་གར་གྱི་སྨན་གཞུང་མང་བོ་རྒྱ་གར་སྐད་ནས་བོད་སྐད་དུ་སྒྱུར་གནང་མཛད་པ་དེ་དག་བོད་ཀྱི་མཁས་པ་ཆེན་པོ་ཀུན་གྱིས་ཚད་མར་འཛིན་པ་ཞིག་ཡིན། དགུང་ལོ་དགུ་བཅུ་གོ་བརྒྱད་པ་རབ་བྱུང་དང་བོའི་ཤིང་ལུག༼༡༠༥༥༽ལོར་སྐུ་གཤེགས། ལོ་རྒྱུས་ཞིབ་པར་ཁོང་གི་དངོས་སློབ་ཁྲི་ཐང་བ་ཛྙ་ནས་མཛད་པའི༼ལོ་ཆེན་རིན་ཆེན་བཟང་བོའི་རྣམ་ཐར༽དང་། ལས་ཆེན་ཀུན་དགའ་རྒྱལ་མཚན་གྱིས་མཛད་པའི༼བཀའ་གདམས་ཆོས་འབྱུང་མཁས་པའི་ཡིད་འཕྲོག༽ཤོག་གྲངས ༦༦ ནས ༦༧ བར་གསལ། ༼དུང་དཀར་ཚིག་མཛོད་ལས་བཏུས༽

 
༥༽ ལོ་ཆེན་རིན་ཆེན་བཟང་བོ།

      དེ་ལ་ལོ་ཆེན་རིན་ཆེན་བཟང་བོ་ནི་ས་ཕོ་རྟའི་ལོ་ལ་ཡབ་གཞོན་ནུ་དབང་ཕྱུག་དང་། ཡུམ་ཅོག་རོ་ཀུན་བཟང་ཤེས་བརྟན་མའི་སྲས་སུ་སྐུ་འཁྲུངས། རིགས་གཡུ་རི་གཡུ་སྒྲ། དགུང་ལོ་བཅུ་གསུམ་བཞེས་པའི་ཚེ་མཁན་པོ་ཡེ་ཤེས་བཟང་བོ་ལས་རབ་ཏུ་བྱུང་། དེའི་མོད་ལ་འདུལ་བ་རྒྱ་ཆེར་འགྲེལ་ཐུགས་སུ་ཆུད། དེ་ནས་རྒྱལ་བོའི་བཀས་ཁ་ཆེར་བྱོན། ལོ་ཙཱ་མཁས་པར་བསླབས། པཎྜི་ཏ་ཀ་ར་རྣམ་གསུམ་སོགས་པཎ་གྲུབ་དུ་མ་ལ་གཏུགས་ཏེ་སྔགས་མཚན་ཉིད་ཀྱི་གཞུང་མང་བོ་ལ་སྦྱངས། མཁྱེན་པ་ཤིན་ཏུ་ཆེ་བས་མདོ་སྔགས་ཀྱི་ཆོས་མང་བོ་བསྒྱུར། ཕ་རོལ་ཏུ་ཕྱིན་པ་དང་རྒྱུད་ཀྱི་ཕྱོགས་གཉིས་ཀའི་བཤད་པ་རྒྱ་ཆེར་མཛད། དབང་དང་སྒྲུབ་པའི་ལག་ལེན་མང་དུ་བསྟན་ཏེ་བསྟན་པ་སྔ་དར་ལས་ཕྱི་དར་སྔགས་ཀྱི་བསྟན་པ་བོད་དུ་དར་བ་ཡང་ལོ་ཙཱ་བ་འདི་ཁོ་ནས་བཀའ་དྲིན་ཡིན། པཎྜི་ཏ་བདུན་བཅུ་རྩ་ལྔ་བསྟེན་ནས་དམ་པའི་ཆོས་མང་དུ་གསན། བླ་ཆེན་པོ་ལྷ་ལྡེ་བཙན་གྱིས་དབུ་མཆོད་གནས་དང་རྡོ་རྗེ་སློབ་དཔོན་དུ་བསྐུར། པུ་རངས་ཞེར་གྱི་གནས་གཞི་ཕུལ། གཙུག་ལག་ཁང་ཡང་བཞེངས། ཁ་ཆེའི་གཙུག་ལག་ཁང་དང་རོང་གི་གཙུག་ལག་ཁང་ལ་སོགས་པ༼༡༨༠༽གནས་གཞི་དང་གཙུག་ལག་ཁང་དང་མཆོད་རྟེན་མང་དུ་མང་དུ་བཞེངས། གུར་ཤིང་བརྩོན་འགྲུས་རྒྱལ་མཚན་ལ་སོགས་པའི་སློབ་མ་མཁས་གྲུབ་མང་བོ་དང་ཞུས་ཆེན་ཕེར་བའི་ལོ་ཙཱ་ཡང་བཅུ་ལྷག་ཙམ་ཐོན། འཕྲལ་གྱི་མཛད་པ་ཡང་སྐུ་གཟུགས་བཞེངས་པ་དང་། འགྱུར་མཛད་པ་ལ་སོགས་རེ་རེའི་རྗེས་ཀྱང་གཞན་གྱིས་མི་རྙོགས་པ་དང་། མཚན་ཡང་དག་པར་བརྗོད་པ་ཡང་སཾ་སྐྲྀ་ཏའི་སྐད་དུ་འབུམ་ཕྲག་གཅིག བོད་སྐད་དུ་འབུམ་ཕྲག་གཅིག གཞན་ལ་ཡོན་བྱིན་ཏེ་འབུམ་ཕྲག་གཅིག་རྣམས་བཏོན། དགུང་ལོ་བརྒྱད་ཅུ་རྩ་ལྔ་བཞེས་པ་ཆུ་རྟ་ལ་ཇོ་བོ་བོད་དུ་བྱོན་པ་དང་མཇལ་ཏེ་སྔར་བསྒྱུར་བ་མང་བོ་ལ་ཞུ་དག་ཞུས། ཇོ་བོ་ཉིད་ཀྱིས་མཛད་པའི་དམ་ཚིག་བསྡུས་པ་བསྒྱུར་བས་འགྱུར་བཟང་བ་ཞིག་བྱུང་། དེ་ནས་ལོ་ཆེན་གྱིས་གསེར་སྲང་བདུན་དང་བཅས་པའི་མཎྜལ་ཕུལ་ནས་བདེ་མཆོག་གི་དབང་དང་བསྐྱེད་རྫོགས་ཀྱི་གདམས་ངག་རྣམས་ཞུས་ཏེ་ཇོ་བོའི་གདམས་ངག་ཞུས་ཏེ་ཇོ་བོའི་གདམས་ངག་སྐྱེས་བུ་གསུམ་གྱི་རིམ་པ་དང་བསྐྱེད་རྫོགས་ཀྱི་རིམ་པ་རྣམས་ལ་རྩེ་གཅིག་ཏུ་སྒྲུབ་པ་མཛད་པས་དཔལ་གསང་བ་འདུས་པ་དང་། བདེ་མཆོག་གི་ཞལ་གཟིགས་ཤིང་གྲུབ་པ་བརྙེས་ཏེ་དགུང་ལོ་དགུ་བཅུ་རྩ་བརྒྱད་པ་ཤིང་མོ་ལུག་གི་དགུན་ཟླ་ཐ་ཆུང་གི་ཚེས་བཅུ་བདུན་ལ་མྱ་ངན་ལས་འདས་པའི་ཚུལ་བསྟན་པའི་ཚེ་ནམ་མཁའ་གང་བའི་ལྷ་རྣམས་ཀྱིས་རོལ་མོ་རྒྱ་ཆེར་སྒྲོག་པ་དང་། མེ་ཏོག་གི་ཆར་འབེབས་པ་ལ་སོགས་པ་གྲོང་བའི་སྐྱེ་བོ་ཐམས་ཅད་ཀྱི་མངོན་སུམ་དུ་གྱུར། གདུང་རྟེན་མ་བྱུང་བས་མཁའ་སྤྱོད་དུ་གཤེགས་པར་གྲགས། རིང་བསྲེལ་འོ་མ་སེའི༼༡༨༡༽མདོག་ལྟ་བུ་གསུམ་བྱུང་བ་ཇི་ཞིག་ན་འབྲུག་ལྟ་བུའི་སྒྲ་དང་བཅས་ཏེ་ནམ་མཁར་སོང་བ་ཞིག་བྱུང་ཞེས་གྲགས་སོ། །༼ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས་བཏུས།༽