ཀུན་མཁྱེན་ཀློང་ཆེན་རབ་འབྱམས།
དྲ་ཚིགས་དོ་དམ་པས།
འབྱུང་ཁུངས། སྤེལ་མཁན། སྤེལ་དུས།2016-10-21

ངོ་སྤྲོད་རགས་བསྡུས།

      འཁྲུངས་ཡུལ།  གཡོ་རུ་གྲའི་ཆ་སྟོད་གྲོང། འཁྲུངས་འདས། ༡༣༠༨ ༡༣༦༣ ཐོབ་ཐང་། དགེ་བཤེས།  སློབ་སྦྱོང་། དགུང་ལོ་ལྔའི་ཐོག་ཡི་གེ་འབྲི་ཀློག་སྦྱངས། ལོ་བདུན་ཐོག་ཡབ་ཀྱི་དྲུང་ནས་དབང་ལུང་སོགས་ཐུགས་སུ་ཆུད་པར་མཛད། གཞན་ཡང་སློབ་དཔོན་བཙན་དགོན་པ་དང་གཞོན་ནུ་རིན་ཆེན། དཔང་ལོ་ཆེན་སོགས་ས་དགེ་བཀའ་རྙིང་གི་སྐྱེས་ཆེན་བཅུ་ཕྲག་ལྷག་བསྟེན་ནས་བོད་དུ་དར་བའི་ཆོས་བརྒྱུད་དང་རིག་གནས་ཆེ་ཆུང་ཡོངས་སུ་གསན་བཞེས་གནང་། ལྷག་པར་དུ་རིག་འཛིན་ཀུ་མཱ་རཱ་ཛའི་དྲུང་ནས་གསང་སྔགས་ཀྱི་གདམས་པ་མང་བོར་ཉམས་བཞེས་མཛད་དེ་ཉམས་རྟོགས་མཐར་ཕྱིན་ནས་གྲུབ་པའི་གོ་འཕང་བརྙེས། གསུང་རྩོམ། ཁོང་གི་གསུང་ཆོས་ལ་ཆོས་ཚན་ཉིས་བརྒྱ་ལྔ་བཅུ་ང་གསུམ་ཡོད་པར་གྲགས་ཀྱང་། ད་ལྟར་དངོས་སུ་བཞུགས་པ་ནི༼མཛོད་བདུན༼ངལ་གསོ་སྐོར་གསུམ༼རང་གྲོལ་སྐོར་གསུམ༼མུན་སེལ་སྐོར་གསུམ༼སྙིང་ཐིག་སྐོར་གསུམ༼ཡང་ཏིག་སྐོར་གསུམ་སོགས་བསྡོམས་པོད ༢༦ ལྷག་བཞུགས།  མཛད་སྤྱོད།  གངས་རིའི་ཁྲོད་དུ་གྲགས་པའི་གྲུབ་མཐའ་ཕལ་མོ་ཆེ་ཐུགས་སུ་ཆུད་ཅིང་། འཆད་རྩོད་རྩོམ་གསུམ་ལ་ཐོགས་པ་མེད་པའི་ཐུགས་རབ་སྐྱེས། དབུས་གཙང་གི་དགོན་གནས་ཕལ་མོ་ཆེར་གྲྭ་སྐོར་དང་། ཁྱད་པར་དུ་རྒྱ་གར་འཕགས་པའི་ཡུལ་གྱི་དཔལ་ཆུ་བོ་རི་དང་ཨོ་རྒྱན་ཡུལ་སོགས་སུ་ཞབས་ཀྱིས་བཅགས། དགུང་ལོ་ཉེར་དགུ་པར་བླ་མ་རིག་འཛིན་ཀུ་མཱ་རཱ་ཛའི་བསྟན་པའི་རྒྱལ་ཚབ་ཏུ་དབུགས་འབྱིན་མཛད། དགུང་ལོ་སོ་གཅིག་པར་སྙེ་ཕུའི་ཤུག་གསེབ་ཏུ་ཕེབས་ཏེ་སྙིང་ཐིག་གི་སྒོ་ནས་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་བསྐོར། དགུང་ལོ་སོ་གཉིས་པར་གངས་རི་ཐོད་དཀར་ཨོ་རྒྱན་རྫོང་འོད་ཟེར་སྤྲིན་གྱི་སྐྱེད་མོས་ཚལ་དུ་ཕེབས་ཏེ་དགོན་གནས་བཏབ། དེ་ནས་མོན་བུམ་ཐང་དུ་དགེ་འདུན་གྱི་སྡེ་བཙུགས་ཏེ་ཐར་པ་གླིང་དུ་བཏགས། མཐོན་པོའི་བླ་མཆོད་མཛད་པར་མི་དགྱེས་ཤིང་རྟག་ཏུ་དབེན་པ་འབའ་ཞིག་ཏུ་བཞུགས་ཏེ་སྒྲུབ་པའི་རྒྱལ་མཚན་བཙུགས། གསུང་རབ་དང་བསྟན་བཅོས་མང་དུ་བརྩམས་པ་སོགས་ཀུན་མཁྱེན་ཆེན་པོའི་མཁས་པའི་བྱ་བ་རྣམ་གསུམ་གྱི་ངོ་མཚར་བའི་མཛད་པ་མཐའ་ཡས་པས་བསིལ་ལྗོངས་ཡོངས་ལ་ཁྱབ།




རྒྱལ་དབང་ཀློང་ཆེན་རབ་འབྱམས།

      ཐང་ཡིག་ལས། ས་ཧོར་དུར་ས་དབུས་རྫོང་ཀུན་ལ་འདེབས། །མཆོད་རྟེན་འོག་ནས་ཐོད་པ་ཁྱི་ཡིས་གཡེང། །བསམ་ཡས་མཆིམས་ཕུར་སྦས་པའི་གཏེར་ཁ་འདི། །མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང། །གསེར་སྟོན་དྲི་མ་འོད་ཟེར་ཞེས་བྱ་འབྱུང་། །ཞེས་ལུང་གི་ཟིན་པའི་སྐྱེས་ཆེན་དམ་པ་འཇམ་དབྱངས་རྣམ་གསུམ་ཞེས་གྲགས་པའི་ནང་མཚན་རྒྱལ་དབང་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར་མཆོག་ནི་སྔ་འགྱུར་རྫོགས་པ་ཆེན་པོ་སྲོལ་འབྱེད་པ་ལ་འགྲན་པའི་ཟླ་ལྟར་བྲལ་ཞིང་གསང་ཆེན་རྙིང་མ་བའི་སློབ་དཔོན་དམ་པ་ཁོང་ནི། རབ་བྱུང་ལྔ་པའི་ས་ཕོ་སྤྲེལ་སྤྱི་ལོ ༡༣༠༨ ལོར་ཡབ་བསྟན་པ་སྲུང་དང། ཡུམ་འཛངས་མའི་ཡོན་ཏན་བརྒྱད་དང་ལྡན་པ་འབྲོམ་བཟའ་བསོད་ནམས་རྒྱན་གཉིས་ཀྱི་སྲས་སུ་ས་ལ་དགེ་བཅུ་ཚང་ཞིང་ཡུལ་ལ་ལོ་ཏོག་རྒྱས་པའི་དབུས་ཕྱོགས་ལྷོ་གཡོ་རུ་གྲའི་ཆ་སྟོད་གྲོང་དུ་ངོ་མཚར་བའི་ལྟས་དང་བཅས་པའི་སྒོ་ནས་སྐུ་བལྟམས་ཞིང། མཚན་ལ་ཚུལ་ཁྲིམས་བློ་གྲོས་ཞེས། སྤུ་གུ་གཞན་ལས་ཁྱད་པར་འཕགས་པ་དང་ཡ་མཚན་པའི་ཁྱད་ཆོས་མང་དུ་བྱུང་སྟེ་དམ་པ་མང་བོས་བཀུར་འོས་སུ་གྱུར། དགུང་ལོ་ལྔའི་སྟེང་ནས་སློབ་གཉེར་གྱི་དབུ་བཙུགས་ཏེ། དེ་ཡང་རིས་མེད་ཀྱི་དགེ་རྒན་གྲངས་ལས་འདས་པའི་སྔ་གཞུག་ཏུ་རིག་གནས་བཟུང་མདོ་སྔགས་སོགས་མ་ལུས་པ་གསན་ཞུས་མཛད་དེ། དེ་ཡང་ཀརྨ་བ་རང་བྱུང་རྡོ་རྗེ་དང་། ས་སྐྱ་བདག་ཆེན། རྙིང་མའི་རིག་འཛིན་ཀུ་མཱ་རཱ་ཛ་སོགས་ཐོན་མོང་གི་མཁས་གྲུབ་མང་བོ་སློབ་དཔོན་དུ་བསྟེན། གཡག་སྡེ་པཎ་ཆེན་གྱི་མདུན་དུ་དོགས་བཀྲོལ་མང་དུ་མཛད། ཐོས་པ་ཙམ་གྱིས་ཡིད་ལ་རྟོགས་པ་བཞིན་སྔར་གྱི་རིགས་སད་སྟེ་མདོ་སྔགས་ཀྱི་གཞུང་ལུགས་མ་ལུས་པ་ཐུགས་སུ་ཆུད་ནས་མཁས་པའི་གོ་འཕང་ཆེན་མོ་བརྙེས། དེ་ཡང་བོད་གངས་ཅན་ལྗོངས་སུ་དགོན་པ་དང་བཤད་གྲྭ་མང་དུ་དམ་ཆོས་ཀྱི་འཆད་ཉན་སྤེལ་ཞིང། ཁྱད་པར་རྒྱ་གར་འཕགས་པའི་ཡུལ་དཔལ་ཆུ་བོ་རི་དང་ཨོ་རྒྱན་ཡུལ་སོགས་སུ་ཞབས་ཀྱིས་བཅགས་སོ། །དེ་ཡང་མཁས་པའི་ཡོན་ཏན་འཆད་རྩོད་རྩོམ་གསུམ་གྱིས་བསམ་གྱིས་མི་ཁྱབ་སྟེ། བོད་ཆུ་སྟག་སྤྱི་ལོ ༣༦༢ ལོར་མཁས་ཆོས་འབྱུང་རིན་པོ་ཆེའི་གཏེར་མཛོད་ཅེས་པ་ཕྱག་རྩོམ་གནང་བས་དགེ་རྒན་སོགས་ཧ་ལས་ལས་པའི་ཡ་མཚན་གྱི་རྟགས་བྱུང་། ཁོང་གི་གསུང་རྩོམ་སྔ་ཕྱིའི་གནས་ཐུན་མོང་གི་སྐོར་བསྟན་བཅོས་དགུ་བཅུ་གོ་ལྔ། ནང་གི་གནས་རྒྱ་ཆེར་བཤད་པའི་བསྟན་བཅོས་ཆིག་བརྒྱ་ཉེར་བརྒྱད། གསང་བའི་གནས་དེ་ཁོ་ན་ཉིད་སྟོན་པའི་བསྟན་བཅོས་སུམ་ཅུ་སྟེ་བརྩམས་ཆོས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་ཡོད་དོ།  །དེ་ཡང་ས་སྒང་གི་སྐྱེས་ཆེན་དམ་པ་གང་ཉིད་དགུང་ལོ་ང་དྲུག་པ་རབ་བྱུང་དྲུག་པའི་ཆུ་ཡོས་ཧོར་ཟླ ༡༢ པའི་ཚེས ༡༨ ཉིན་དཔལ་བསམ་ཡས་མཆིམས་ཕུ་རུ་དགོངས་པ་ཆོས་དབྱིངས་སུ་བསྡུས་སོ། །༼འཕྲིན་ཕྲན་ལས་བཏུས།༽


ཀུན་མཁྱེན་ཀློང་ཆེན་པ།

      ཀུན་མཁྱེན་ཀློང་ཆེན་པ་ནི་སྔ་འགྱུར་བསྟན་པའི་སྒྲོན་མེ་ཆེན་པོ་འགྲན་ཟླ་བྲལ་བ་ཞིག་སྟེ། མཚན་གཞན་དྲི་མེད་འོད་ཟེར་དང་ཚུལ་ཁྲིམས་བློ་གྲོས་ཏེ་ཀུན་མཁྱེན་ཚུལ་བློ་ཡང་ཞུ། གཡོ་རུ་གྲྭའི་ཆ་སྟོད་གྲོང་དུ་ཡབ་སྔགས་འཆང་བསྟན་པ་སྲུང་དང་། ཡུམ་འབྲོམ་བཟའ་བསོད་ནམས་རྒྱན་གཉིས་ཀྱི་སྲས་སུ་རབ་བྱུང་ལྔ་བའི་ས་སྤྲེལ༼༡༣༠༨༽ལོར་སྐུ་འཁྲུངས། དགུང་ལོ་ལྔ་ལ་ཕེབས་ཚེ་ཡི་གེ་འབྲི་ཀློག་རྣམས་བརྡ་སྤྲོད་ཞུས་པ་ཙམ་གྱིས་དཀའ་ཚེགས་མེད་པར་མཁྱེན། དགུང་ལོ་བདུན་ལ་ཡབ་སྔགས་འཆང་གི་དྲུང་ནས་བཀའ་བརྒྱུད་བདེར་འདུས། རྟ་མགྲིན། ཕུར་བ། གུ་རུ་ཞི་དྲག་རྣམས་དབང་ལུང་མན་ངག་ཕྱག་བཞེས། སྨན་དང་རྩིས་ལ་སོགས་པ་གསན་ནས་ཐུགས་སུ་ཆུད་པར་མཛད། དགུང་ལོ་བཅུ་གཉིས་པ་ལ་བསམ་ཡས་སུ་མཁན་པོ་བསམ་འགྲུབ་རིན་ཆེན་དང་སློབ་དཔོན་ཀུན་དགའ་འོད་ཟེར་གཉིས་ལས་རབ་བྱུང་གི་སྡོམ་པ་བཞེས་ཏེ་མཚན་ཚུལ་ཁྲིམས་བློ་གྲོས་ཞེས་གསོལ། གཞན་ཡང་སློབ་དཔོན་བཙན་དགོན་པ་དང་གཞོན་ནུ་རིན་ཆེན་གཉིས་ཀྱི་དྲུང་ནས་ཕར་ཕྱིན་དང་ཚད་མ། སློབ་དཔོན་གཞོན་ནུ་རྒྱལ་བོ་ལས་དབུ་མ། དཔང་ལོ་ཆེན་པོ་ལས་མངོན་པ་དང་ཟབ་མོ་མདོ་ལྔའི་བཤད་པ་བཅས་གསན་ནས་གྲྭ་ས་ཆེན་པོའི་སྡེ་ཕལ་ཆེ་བར་གྲྭ་སྐོར་མཛད་པས་མཁས་པའི་སྙན་གྲགས་ཀྱིས་ཁྱབ། སློབ་དཔོན་གཞོན་ནུ་དོན་འགྲུབ་ལས་མདོ་སྒྱུ་སེམས་གསུམ་གྱི་གདམས་པ། སློབ་དཔོན་བཀྲ་ཤིས་རིན་ཆེན་ལས་ལམ་འབྲས་སྐོར་དང་། ཞི་བྱེད། རྫོགས་ཆེན་གྱི་མན་ངག་སོགས་གསན་ཅིང་། གཞན་ཡང་ཀརྨ་བ་རང་བྱུང་རྡོ་རྗེ་དང་། ས་སྐྱའི་བླ་མ་བདག་ཉིད་ཆེན་པོ། བླ་མ་འཇམ་དབྱངས་པ་སོགས་བཅུ་ཕྲག་ལྷག་ཙམ་ལ་བརྟེན་ནས་གངས་ལྗོངས་སུ་དར་བའི་མདོ་སྔགས་ཀྱི་ཆོས་བརྒྱུད་ཡོངས་སུ་གསན་བཞེས་གནང་། ལྷག་པར་དུ་རིག་འཛིན་ཀུ་མཱ་ར་ཛའི་དྲུང་ནས་གསང་སྔགས་སྔ་འགྱུར་གྱི་གདམས་པ་ཐ་དག་ཉམས་ཁྲིད་དུ་གསན་ནས་དབེན་གནས་མང་བོར་སྒྲུབ་པ་ཉམས་བཞེས་མཛད་པ་ལས་རྫོགས་པ་ཆེན་པོ་རང་སྣང་རིས་མེད་ཀྱི་ཉམས་རྟོགས་མཐར་ཕྱིན་ཏེ་གྲུབ་པའི་གོ་འཕང་མཐོན་པོར་གཤེགས། གངས་རི་ཐོད་དཀར་དུ་བཞུགས་ནས་སྐལ་ལྡན་སློབ་མ་མང་བོ་ལ་སྙིང་ཐིག་གི་ཆོས་རྒྱ་ཆེར་གསུངས་ཤིང་། ཡང་ཏིག་སྐོར་གསུམ། རང་གྲོལ་སྐོར་གསུམ། ངལ་གསོ་སྐོར་གསུམ། མཛོད་བདུན་གྱི་ཕལ་ཆེ་བ་སོགས་གནས་འདི་ཉིད་དུ་བརྩམས་པར་མཛད་ཅིང་། དགོན་གནས་བཏབ་པའི་མིང་ལ་ཨོ་རྒྱན་རྫོང་གནས་ཞེས་བཏགས་པར་མཛད། དེ་ལྟར་བསྟན་འགྲོའི་དོན་རྒྱ་ཆེར་མཛད་ནས་དགུང་ལོ་ང་དྲུག་བཞེས་པ་རབ་བྱུང་དྲུག་པའི་ཆུ་ཡོས༼༡༣༦༣༽ལོར་བསམ་ཡས་མཆིམས་ཕུར་དགོངས་པ་མྱ་ངན་ལས་འདས། སྐུ་གདུང་ཞུགས་ལ་ཕུལ་བས་ཐུགས་ལྗགས་སྤྱན་གསུམ་མེས་མ་ཚིག་པ་དང་རིང་བསྲེལ་གྲངས་མེད་བྱོན་པ་རྣམས་ནང་རྟེན་འདྲ་སྐུ་རིན་པོ་ཆེ་དང་ཕྱི་རྟེན་བྱང་ཆུབ་ཆུབ་ཆེན་པོའི་མཆོད་རྟེན་ཀྱང་གནས་དེ་ཉིད་དུ་བཞེངས་པ་སོགས་རྣམ་ཐར་ཞིབ་པ་ཆག་རི་ཉི་གྲགས་མཆོག་སྤྲུལ་སྐུ་འཕྲེང་དྲུག་པ་ཐུབ་བསྟན་འོད་ཟེར་བསྟན་པའི་ཉི་མས་མཛད་པའི་༼གསང་ཆེན་སྔ་འགྱུར་ངེས་དོན་ཟབ་མོའི་བྱུང་བ་གསལ་བར་བྱེད་པའི་ལེགས་བཤད༽ཤོག་གྲངས ༢༡༤ ནས ༢༢༢ བར་གསལ་བ་དེར་གཟིགས། གཞན་ཡང་ཁམས་པ་ཆོས་གྲགས་བཟང་བོས་མཛད་པའི༼ཀུན་མཁྱེན་དྲི་མེད་འོད་ཟེར་གྱི་རྣམ་ཐར་མཐོང་བ་དོན་ལྡན༽བྲིས་མ་ཤོག་གྲངས ༣༡ ཡོད་པ་ཞིག་ཀྱང་མཇལ། དེའི་ནང་དུ་གསུངས་པ་ལྟར་ན། ཀུན་མཁྱེན་མཆོག་གི་གསུང་རྩོམ་གྲས། ཕྱིའི་གནས་ཐུན་མོང་གི་སྐོར་བསྟན་བཅོས་དགུ་བཅུ་གོ་ལྔ། ནང་གི་གནས་རྒྱ་ཆེར་བཤད་པའི་བསྟན་བཅོས་བརྒྱ་དང་ཉེར་བརྒྱད། གསང་བའི་གནས་དེ་ཁོ་ན་ཉིད་སྟོན་པའི་བསྟན་བཅོས་སུམ་ཅུ་སྟེ་ཁྱོན་ཆོས་ཚན་ཉིས་བརྒྱ་ལྔ་བཅུ་ང་གསུམ་ཡོད་པར་གསུངས། སྡེ་དགེ་དཔར་ཁང་ཆེན་མོར་བཞུགས་པའི་གྲས་སུ༼མཛོད་བདུན༼ངལ་གསོ་སྐོར་གསུམ༼རང་གྲོལ་སྐོར་གསུམ༼མུན་སེལ་སྐོར་གསུམ༼སྙིང་ཐིག་སྐོར་གསུམ༼ཡང་ཏིག་སྐོར་གསུམ༽སོགས་བསྡོམས་པོད་བདུན་བཞུགས། རྣམ་ཐར་སྐོར༼ཆོས་རྗེ་རིན་པོ་ཆེ་དྲི་མེད་འོད་ཟེར་གྱི་རྣམ་ཐར་མཐོང་བ་དོན་ལྡན༼དེ་ཉིད་ཀྱི་དངོས་སློབ་ལྡན་སྒོམ་ཆོས་གྲགས་བཟང་བོས་མཛད་པ་བྲིས་མ་ལ་ཤོག་གྲངས ༣༡ ཡོད་པ་དང་མདོར་བསྡུས་ཙམ༼གུ་བཀྲའི་ཆོས་འབྱུང༽ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་གི་དཔར་མ་ཤོག་གྲངས ༢༡༤ ནས ༢༢༤ བར་གསལ་བ་དེར་གཟིགས། ཀུན་མཁྱེན་འདིའི་མཚན་གྱི་རྣམ་གྲངས་ཀྱང་། མཛོད་བདུན་སོགས་ལས། ཀློང་ཆེན་རབ་འབྱམས་དང་། ཀློང་གསལ་དྲི་མེད། རྡོ་རྗེ་གཟི་བརྗིད། རྡོ་རྗེ་སེམས་དཔའ། དྲི་མེད་འོད་ཟེར། བློ་གྲོས་མཆོག་ལྡན། ཚུལ་ཁྲིམས་བློ་གྲོས། ངག་གི་དབང་བོ། པདྨ་ལས་གྲོལ། སྣ་ཚོགས་རང་གྲོལ། བསམ་ཡས་པ་སོགས་སོ། །༼དུང་དཀར་ཚིག་མཛོད་ལས་དྲངས།༽


ཀུན་མཁྱེན་ཆོས་ཀྱི་རྒྱལ་བོ་ཀློང་ཆེན་རབ་འབྱམས།

      ཐང་ཡིག་ལས། ས་ཧོར་དུར་ས་དབུས་རྫོང་ཀུན་ལ་འདེབས། །མཆོད་རྟེན་འོག་ནས་ཁྱི་ཡིས་གཡེང་། །བསམ་ཡས་མཆིམས་ཕུར་སྦས་པའི་གཏེར་ཁ་འདི། །མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་། །གཏེར་སྟོན་དྲི་མེད་འོད་ཟེར་ཞེས་བྱ་འབྱུང་། །ཞེས་རྡོ་རྗེས་ལུང་གི་བསྔགས་པ། ལྷ་ལྕམ་པདྨ་གསལ་གྱི་སྐྱེ་མཐའ། པཎ་ཆེན་བི་མ་མི་ཏྲའི་རྣམ་འཕྲུལ་རྩོད་མེད་དུ་གྲགས་པ། མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་ཀུན་མཁྱེན་ཆོས་ཀྱི་རྒྱལ་བོ་ཀློང་ཆེན་རབ་འབྱམས་དྲི་མེད་འོད་ཟེར་དཔལ་བཟང་བོ་མཆོག་ནི། དབུས་གཙང་གཡོ་རུའི་ཆ། གྲའི་ཕུ་སྟོད་གྲོང་དུ་རྗེ་དབངས་ཉེར་ལྔའི་ནང་ཚན་ངན་ལམ་རྒྱལ་བ་མཆོག་དབྱངས་དང་གདུང་གཅིག་པའི་བརྒྱུད་པ་ཟམ་མ་ཆོད་པའི་གདུང་རབས་ཉེར་ལྔ་བ་མེས་པོ་ལྷ་སྲུང་ཞེས་བདུད་རྩི་སྨན་གྱི་དངོས་གྲུབ་བརྙེས་པའི་དགུང་ལོ་བརྒྱ་དང་ལྔ་ཐུབ་པ་དེའི་སྲས། རིག་གནས་ཕལ་ཆེར་མཁྱེན་ཅིང་སྔགས་ཀྱི་རྣལ་འབྱོར་ལ་ནང་བྱིན་ཆུབ་པའི་ཡབ་སྔགས་འཆང་བསྟན་པ་སྲུང་དང་། ཡུམ་འབྲོམ་སྟོན་རིན་པོ་ཆེ་རྒྱལ་བའི་འབྱུང་གནས་ཀྱི་གདུང་ལས་བྱོན་པའི་འབྲོམ་བཟའ་མ་བསོད་ནམས་རྒྱན་གཉིས་ཀྱི་སྲས་སུ་རབ་བྱུང་ལྔ་བའི་ས་སྤྲེལ་ལྔ་བའི༼སྤྱི་ལོ ༡༣༠༨༽ལོའི་ཟླ་གཉིས་པའི་ཚེས་བཅུའི་ཉིན་སྐུ་འཁྲུངས། སྐུ་བསྐྱེད་རིམ་གྱིས་བསྲིང་བ་ན་དད་དང་སྙིང་རྗེ་མཁྱེན་པ་དང་བློ་གྲོས་གཞན་ལས་ཆེ་ཞིང་དགུང་ལོ་ལྔ་ཙམ་ནས་ཡི་གེ་འབྲི་ཀློག་སོགས་བརྡ་སྤྲོད་ཞུས་པ་ཙམ་གྱིས་ཚེགས་མེད་པར་མཁྱེན། དགུང་ལོ་བདུན་ཙམ་ནས་ཡབ་ཀྱི་མདུན་ནས། བཀའ་བརྒྱད་བདེར་འདུས། རྟ་མགྲིན། བླ་མའི་ལས་གཞུང་སོགས་སྒྲུབ་ཕྲིན་སྐོར་ཕལ་ཆེར་དང་སྨན་རྩིས་སོགས་ལ་བྱང་ཆུབ་པར་མཛད། དགུང་ལོ་དགུའི་སྟེང་དུ་ཉི་ཁྲི་དང་བརྒྱད་སྟོང་བ་གཉིས་བརྒྱ་ཚར་བཏོན་པས་ལྷག་མེད་དུ་ཐུགས་ལ་ཆུད། དགུང་ལོ་བཅུ་གཉིས་བཞེས་དུས་བསམ་ཡས་པ་མཁན་པོ་བསམ་འགྲུབ་རིན་ཆེན་དང་། སློབ་དཔོན་ཀུན་དགའ་འོད་ཟེར་ལས་རབ་ཏུ་བྱུང་། མཚན་ཚུལ་ཁྲིམས་བློ་གྲོས་སུ་གསོལ། བསྟན་པའི་གཞི་མ་འདུལ་བ་ཡིན་པར་དགོངས་ཏེ་ཉན་བཤད་ཕུལ་ཏུ་ཕྱིན་པ་གནང་། དགུང་ལོ་བཅུ་བཞིའི་དུས་འདུས་སྡེ་རྣམས་སུ་བཤད་པ་རྒྱ་ཆེན་པོ་ཡང་མཛད། དེ་ནས་དགུང་ལོ་བཅུ་དགུ་བར་སློབ་དཔོན་བཙན་དགོན་པ་དང་། བླ་བྲང་བ་ཆོས་དཔལ་རྒྱལ་མཚན་གཉིས་ཀྱི་དྲུང་ནས་དབུ་ཚད་དང་བྱམས་ཆོས། དཔང་ལོ་ཙཱ་བ་བློ་གྲོས་བརྟན་པ་ལས་མངོན་པ་དང་ཚད་མ་སྡེ་བདུན། ཤེར་སྙིང་འགྲེལ་བཤད། སྒྲ་སྙན་སོགས་ལ་གསན་བསམ་དཔྱིས་ཕྱིན་པར་མཛད། ཤེས་རབ་ཀྱི་ལྷ་འཇམ་དབྱངས། དབྱངས་ཅན་མ་ལ་སོགས་པའི་སྒྲུབ་པ་མཛད་པས། ལྷ་སོ་སོའི་ཞལ་གཟིགས་ལུང་བསྟན་ཐོབ། ཁྱད་པར་སྒྲ་དབྱངས་ལྷ་མོས་ཕྱག་མཐིལ་དུ་བཞག་ནས་གླིང་བཞི་རི་རབས་དང་བཅས་པ་ཞག་བདུན་དུ་གཟིགས། ལོངས་སྤྱོད་འཁོར་ལོའི་རྩ་མདུད་ཀྱི་རྒྱ་གྲོལ་ཏེ་བློ་གྲོས་ཕྱོགས་མེད་དུ་རྒྱས་ནས་ཚད་མ་སྨྲ་བའི་སེང་ཆེན་དུ་གྱུར། གསང་ཕུ་ལ་སོགས་པའི་རིགས་གྲྭ་ཆེན་མོའི་སྡེ་ཕལ་ཆེ་བར་གྲྭ་སྐོར་མཛད་པས་མཁས་པའི་སྙན་གྲགས་ཀྱིས་ཁྱབ་ནས་བསམ་ཡས་ལུང་མང་བའམ། ཀློང་ཆེན་རབ་འབྱམས་པ་ཞེས་མཁས་པའི་གྲགས་སྙན་གྱི་རྒྱལ་རྔ་སྲིད་པའི་ཁོངས་སུ་གྲགས་པར་གྱུར། གཞན་ཡང་སློབ་དཔོན་གཞོན་རྡོར་བ་དང་། གཞོན་རྒྱལ་བ། ས་སྐྱ་བ་ཆེན་པོ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན། སློབ་དཔོན་བཀྲ་ཤིས་རིན་ཆེན། དབང་ཡེ། སྟོན་ཚུལ། ཁྲོ་ཕུ་བ། ཆོས་རྗེ་རང་བྱུང་རྡོ་རྗེ། དན་འབག་པ་གཞོན་ནུ་དོན་གྲུབ། མྱོས་འཐིང་མ་བ་སངས་རྒྱས་གྲགས་འོད་སོགས་ཀྱི་དྲུང་ནས་གངས་ལྗོངས་སུ་དར་བའི་མདོ་སྔགས་ཀྱི་ཆོས་བརྒྱད་ཆ་ལག་དང་བཅས་པ་ཡོངས་སུ་རྫོགས་གསན་བཞེས་གནང་། ལྷག་པར་རིག་འཛིན་ཆེན་པོ་ཀུ་མཱ་རཱ་ཛ་ཐུན་མིན་རིགས་བདག་ཏུ་བསྙེན་ནས་གསང་སྔགས་སྔ་འགྱུར་གྱི་གདམས་ཁྲིད་མཐའ་དག་ཉམས་ཁྲིད་དུ་གསན་ནས་ཤུག་གསེབ་གངས་རི་ཐོད་དཀར་དང་། ཨོ་རྒྱན་རྫོང་། ལྷ་རིང་བྲག གྲ་ཕུ། བསམ་ཡས། གཞོ་སྟོད་ཏི་སྒྲོ་བྲག་དཀར། ཡེར་བ། ཡར་ལྷ་ཤམ་པོ། མཆིམས་ཕུ། རྒྱ་མ་ཕུ་རྒྱབ་རི་ཁྲོད། བུམ་ཐང་བྲག སྐྱམ་གྱི་ཕུ་རྣམས་སུ་སྒྲུབ་པ་ཉམས་བཞེས་མཛད་པས་རྫོགས་པ་ཆེན་པོ་རང་སྣང་རིས་མེད་ཀྱི་ཉམས་རྟོགས་མཐར་ཕྱིན་ཏེ་ཏིང་ངེ་འཛིན་ལ་དབང་འབྱོར་ཞིང་གྲུབ་པའི་གོ་འཕང་མཐོན་པོར་གཤེགས། གངས་རི་ཐོད་དཀར་དུ་བཞུགས་ནས་སྐལ་ལྡན་གྱི་སློབ་མ་མང་བོ་ལ་གདམས་པ་རྒྱ་ཆེར་གསུངས་ཤིང་། ཡང་ཏིག་སྐོར་གསུམ། ངལ་གསོ་སྐོར་གསུམ། རང་གྲོལ་སྐོར་གསུམ་སོགས་ཟབ་ཆོས་ཀྱང་ཕལ་ཆེ་བ་གནས་འདི་ཉིད་དུ་བརྩམས་པར་མཛད་ཅིང་། དགོན་གནས་བཏབ་པའི་མིང་ལ་ཨྱོན་རྫོང་དུ་བཏགས་པར་མཛད། ཐེག་ཆེན་ཆོས་ཀྱི་དགའ་སྟོན་འཛད་མེད་དུ་སྟེར་བའི་སློབ་མའི་ཚོགས་ཀྱང་བགྲང་ལས་འདས་པ་བྱུང་བའི་ནང་གཙོ་བོར་སྨོས་པ་ནི། ཞོགས་ཐར་པ་གླིང་བ་མཁས་གྲུབ་བདེ་ལེགས་རྒྱ་མཚོ། མཁས་གྲུབ་ཆོས་ཀྱི་གྲགས་པ། མཁས་གྲུབ་ཁྱབ་གདལ་ལྷུན་གྲུབ་སྟེ་གྲགས་པ་ཐོབ་པའི་མཁས་གྲུབ་གསུམ། མདོ་ཁམས་པ་འདན་སྒོམ་པ་ཆོས་ཀྱི་གྲགས་པ། རྒྱལ་སྲས་བཟོད་པ། བླ་མ་དཔལ་མཆོག་པ། གུ་རུ་ཡེ་ཤེས་རབ་འབྱམས། གཞོན་ནུ་སངས་རྒྱས་ཏེ་ཉེ་བའི་ཐུགས་སྲས་ལྔ། སྤྲུལ་སྐུ་དཔལ་འབྱོར་རྒྱ་མཚོ། སློབ་དཔོན་སངས་རྒྱས་ཀུན་དགའ། སློབ་དཔོན་བློ་གྲོས་བཟང་བོ། སྟག་མགོ་བྱ་བྲལ་ཆོས་རྗེ་སྟེ་བསྟན་པ་སྤེལ་བའི་བཤེས་གཉེན་བཞི། ཕ་རྒོད་རྟོགས་ལྡན་རྒྱལ་བོ། རྣལ་འབྱོར་བ་འོད་ཟེར་གོ་ཆ། རིག་འཛིན་འོད་ཟེར་རང་གྲོལ། བྱ་བཏང་བསོད་ནམས་འོད་ཟེར་ཏེ་གྲུབ་པ་ཐོབ་པའི་གང་ཟག་བཞི། གཞན་ཡང་སངས་རྒྱས་དཔལ་རིན། གྲགས་པ་དཔལ། གླུ་མཁན་བསོད་ནམས་སེང་གེ་སོགས་བསྟན་འཛིན་གྱི་བཤེས་གཉེན་དུ་མ་བསྐྱངས་ཤིང་། མཛོད་བདུན། ངལ་གསོ་སྐོར་གསུམ། རང་གྲོལ་སྐོར་གསུམ། མུན་སེལ་སྐོར་གསུམ། སྙིང་ཐིག་སྐོར་གསུམ། ཡང་ཏིག་སྐོར་གསུམ། བསྟོད་ཚོགས་དང་། གཏམ་ཚོགས་སོགས་ལེགས་བཤད་ཀྱི་བསྟན་བཅོས་མང་བོ་ཞིག་བརྩམས་གནང་ཡོད། གཞན་ཡང་། ཕྱིའི་གནས་ཐུན་མོང་གི་སྐོར་བསྟན་བཅོས་དགུ་བཅུ་གོ་ལྔ། ནང་གི་གནས་རྒྱ་ཆེར་བཤད་པའི་བསྟན་བཅོས་བརྒྱ་དང་ཉེར་བརྒྱད། གསང་བའི་གནས་དེ་ཁོ་ན་ཉིད་སྟོན་པའི་བསྟན་བཅོས་སུམ་ཅུ་སྟེ་ཁྱོན་ཆོས་ཚན་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་ཡོད་པར་གྲགས། དེ་ལྟར་བསྟན་འགྲོའི་དོན་རྒྱ་ཆེར་མཛད་ནས་དགུང་ལོ་ང་དྲུག་བཞེས་པ་རབ་བྱུང་རབ་བྱུང་དྲུག་པའི་ཆུ་ཡོས༼སྤྱི་ལོ ༡༣༦༣༽ ལོར་བསམ་ཡས་མཆིམས་ཕུར་དགོངས་པ་མྱ་ངན་འདས། སྐུ་གདུང་ཞུགས་ལ་ཕུལ་ཚེ་ཐུགས་ལྗགས་སྤྱན་གསུམ་མེས་མ་ཚིག་པ་དང་རང་བསྲེལ་གྲངས་མེད་བྱོན་པ་རྣམས་ནང་རྟེན་འདྲ་སྐུ་རིན་པོ་ཆེ་དང་ཕྱི་རྟེན་བྱང་ཆུབ་ཆེན་པོའི་མཆོད་རྟེན་ཀྱང་གནས་དེ་ཉིད་དུ་བཞེངས་པ་སོགས་རྗེ་འདིའི་གསང་གསུམ་གྱི་མཛད་རྣམ་ཞིབ་ཕྲ་རྣམ་ཐར་རྒྱས་པར་གཟིགས། གཞན་ཡང་རྗེ་འདིར་ཀློང་ཆེན་རབ་འབྱམས། ཀློང་གསལ་དྲི་མེད། རྡོ་རྗེ་གཟི་བརྗིད། རྡོ་རྗེ་སེམས་དཔའ། དྲི་མེད་འོད་ཟེར། བློ་གྲོས་མཆོག་ལྡན། ཚུལ་ཁྲིམས་བློ་གྲོས། ངག་གི་དབང་བོ། པདྨ་ལས་གྲོལ། སྣ་ཚོགས་རང་གྲོལ། བསམ་ཡས་པ་སོགས་ནི་ཁོང་གི་མིང་གི་རྣམ་གྲངས་སོ། །༼སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་གིས།༽


ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པ། 

       ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པ། རྫོགས་ཆེན་པའི་སྲོལ་གཏོད་པ་པོ་རྙིང་མའི་སློབ་དཔོན་ཀློང་ཆེན་པ་དྲི་མེད་འོད་ཟེར་རམ་ཚུལ་ཁྲིམས་བློ་གྲོས་ཀྱང་ཞུ་བ་འདི་ཉིད་དབུས་གཙང་རུ་བཞིར་གྲགས་པའི་ནང་ཚན་གཡོ་རུ་གྲའི་ཆ་སྟོད་གྲོང་དུ་ཡབ་སློབ་དཔོན་བསྟན་པ་སྲུང་དང་། ཡུམ་འབྲོམ་བཟའ་མ་བསོད་ནམས་རྒྱན་གཉིས་ཀྱི་རིགས་ཀྱི་མྱུ་གུར་རབ་བྱུང་ལྔ་བའི་ས་སྤྲེལ ༼༡༣༠༨༽ལོར་འཁྲུངས། སྐུའི་རུས་ནི་རོག་ཡིན། དགུང་ལོ་ལྔ་ནས་ཡི་གེ་འབྲི་ཀློག་ཚེགས་མེད་དུ་མཁྱེན། དགུང་ལོ་དགུ་བའི་སྟེང་ཉི་ཁྲི་དང་བརྒྱད་སྟོང་བ་བཏོན་པས་ལྷག་མེད་དུ་ཐུགས་ལ་མངའ། དགུང་ལོ་བཅུ་གཉིས་པ་ལ་རབ་ཏུ་བྱུང་ནས་མཚན་ཚུལ་ཁྲིམས་བློ་གྲོས་སུ་གསོལ། དམ་ཆོས་འདུལ་བ་ལ་ལེགས་པར་སྦྱངས་པས་དགུང་ལོ་བཅུ་བཞི་ལ་བཤད་པའི་བ་དན་བཟུང་ཆོག་པ་བྱུང་། དགུང་ལོ་བཅུ་དྲུག་པ་ལ་སློབ་དཔོན་བཀྲ་ཤིས་རིན་ཆེན་ལས་ལམ་འབྲས་དང་། ཆོས་དྲུག་གཉིས། ཕག་མོའི་ཆོས་དྲུག་བདེ་མཆོག་དྲིལ་བུ་བ། ཕྱག་རྡོར་འཁོར་ཆེན་ལ་སོགས་པའི་དབང་ཁྲིད་གདམས་པ་མང་དུ་གསན། སློབ་དཔོན་དབང་ཡེ་དང་། སྟོན་ཚུལ་ཁྲི་ཕུ་བ་སོགས་ལས་རྡོ་རྗེ་ཕྲེང་བ་དང་། དུས་ཀྱི་འཁོར་ལོ་ལ་སོགས་པའི་སྔགས་རྒྱུད་མང་བོ་དང་། རིན་པོ་ཆེ་ཟ་ལུང་བ་སོགས་ལས་ཞང་ཚལ་བའི་གདམས་ངག་སྐོར། རྒོད་ཚང་བའི་ལམ་ཁྲིད། ཞི་བྱེད་སྔ་ཕྱི་བར་གསུམ་ལ་སོགས་པ་གསན། དགུང་ལོ་བཅུ་དགུ་བར་གསང་ཕུ་ནེའུ་ཐོག་གི་ཆོས་གྲྭར་ཞུགས། སྔ་གཞུག་ཏུ་ཀརྨ་རང་བྱུང་རྡོ་རྗེ། ས་སྐྱ་བདག་ཆེན། རྙིང་མ་རིག་འཛིན། གཡག་སྡེ་པཎ་ཆེན་སོགས་བསྟེན་ནས་ཚད་མ་སྡེ་བདུན་དང་། ཕར་ཕྱིན། དབུ་མ་སོགས་མཚན་ཉིད་ཐེག་པའི་ལུང་རིག ཟབ་ཆོས་མདོ་ལྔ། ཤེས་རབ་སྙིང་བོའི་རྒྱ་ཆེར་འགྲེལ་བས་མཚོན་ནང་བའི་གཞུང་དང་། སྒྲ། སྙན་ངག སྡེབ་སྦྱོར། ཟློས་གར་ལ་སོགས་རིག་པའི་གནས་ཐམས་ཅད་ལ་ཐོས་བསམ་མཐར་ཕྱིན་པ་མཛད་དེ་ལུང་དང་རིགས་པའི་གནས་ཆེན་པོ་ལ་མི་འཇིགས་པའི་སྤོབས་པ་བརྙེས། གངས་རིའི་ཁྲོད་ནས་གྲགས་པའི་གྲུབ་མཐའ་ཕལ་མོ་ཆེ་ཐུགས་སུ་ཆུད་ཅིང་། འཆད་རྩོད་རྩོམ་གསུམ་ལ་ཐོགས་པ་མེད་པའི་ཐུགས་རབ་སྐྱེས། དབུས་གཙང་གི་དགོན་གནས་ཕལ་མོ་ཆེ་དང་། ཁྱད་པར་དུ་རྒྱ་གར་འཕགས་པའི་ཡུལ་གྱི་དཔལ་ཆུ་བོ་རི་དང་ཨོ་རྒྱན་ཡུལ་སོགས་སུ་ཞབས་ཀྱིས་བཅགས། དགུང་ལོ་ཉེར་དགུ་པར་བླ་མ་རིག་འཛིན་ཀུ་མཱ་རཱ་ཛའི་དྲུང་ནས་རྫོགས་པ་ཆེན་པོ་གསང་བ་སྙིང་ཐིག་གི་དབང་ཁྲིད་གདམས་ངག་དང་། རྫོགས་ཆེན་སྡེ་གསུམ་གྱི་རྒྱུད་ལུང་མན་ངག་དང་བཅས་གནང་ནས་བསྟན་པའི་རྒྱལ་ཚབ་ཏུ་དབུགས་འབྱིན་མཛད། དགུང་ལོ་སོ་གཅིག་པར་སྙེ་ཕུའི་ཤུག་གསེབ་ཏུ་ཕེབས་ཏེ་སྙིང་ཐིག་གི་སྒོ་ནས་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་བསྐོར། དགུང་ལོ་སོ་གཉིས་པར་གངས་རི་ཐོད་དཀར་ཨོ་རྒྱན་རྫོང་འོད་ཟེར་སྤྲིན་གྱི་སྐྱེད་མོས་ཚལ་དུ་ཕེབས་ཏེ་དགོན་གནས་བཏབ། དེ་ནས་མོན་བུམ་ཐང་དུ་དགེ་འདུན་གྱི་སྡེ་བཙུགས་ཏེ་ཐར་པ་གླིང་དུ་བཏགས། བླ་ཆེན་མི་ཆེན་དུ་མས་སྤྱི་བོར་བཀུར་ཏེ་སྲི་ཞུ་ཕུ་དུད་ཀྱིས་མཆོད་པར་ཞུས་ཀྱང་། མཐོན་པོའི་བླ་མཆོད་མཛད་པར་མི་དགྱེས་ཤིང་། རྟག་ཏུ་དབེན་པ་འབའ་ཞིག་ཏུ་བཞུགས་ཏེ་སྒྲུབ་པའི་རྒྱལ་མཚན་བཙུགས། གསུང་རབ་དང་བསྟན་བཅོས་མང་དུ་བརྩམས་པ་སོགས་ཀུན་མཁྱེན་ཆེན་པོའི་མཁས་པའི་བྱ་བ་རྣམ་གསུམ་གྱི་ངོ་མཚར་བའི་མཛད་པ་མཐའ་ཡས་པས་བསིལ་ལྗོངས་ཡོངས་ལ་ཁྱབ། རབ་བྱུང་དྲུག་པའི་ཆུ་སྟག ༼སྤྱི་ལོ ༡༣༦༢༽ལོར་ཆོས་འབྱུང་རིན་ཆེན་གཏེར་མཛོད་བཀའ་རྩོམ་མཛད། ཁམས་པ་ཆོས་གྲགས་བཟང་བོས་མཛད་པའི་ཀུན་མཁྱེན་དྲི་མེད་འོད་ཟེར་གྱི་རྣམ་ཐར་མཐོང་བ་དོན་ལྡན་ནང་གསལ་བ་ལྟར་ན། ཕྱིའི་གནས་ཐུན་མོང་གི་སྐོར་བསྟན་བཅོས་དགུ་བཅུ་གོ་ལྔ། ནང་གི་གནས་རྒྱ་ཆེར་བཤད་པའི་བསྟན་བཅོས་ཆིག་བརྒྱ་ཉེར་བརྒྱད། གསང་བའི་གནས་དེ་ཁོ་ན་ཉིད་སྟོན་པའི་བསྟན་བཅོས་སུམ་ཅུ་སྟེ་གསུང་ཆོས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་བཞུགས་པར་གྲགས། དགུང་ལོ་ང་དྲུག་པ་རབ་བྱུང་དྲུག་པའི་ཆུ་ཡོས ༼སྤྱི་ལོ ༡༣༦༣༽ལོར་དཔལ་བསམ་ཡས་མཆིམས་ཕུའི་ནགས་ཁྲོད་དུ་ཞི་བར་གཤེགས། ཐུགས་སྲས་ལ་མཚོན་ན། མཁས་གྲུབ་ཁྱབ་བརྡལ་ལྷུན་གྲུབ་གུ་རུ་འོད་གསལ་རང་གྲོལ། མཁས་གྲུབ་བདེ་ལེགས་རྒྱ་མཚོ། བྱ་བྲལ་བཀྲ་ཤིས་འབྱུང་གནས། གྲོག་ཨོ་རྒྱན་ཆོས་རྗེ། རྒྱལ་སྲས་བཟོད་པ་གྲགས། ལྡན་སྒོམ་ཆོས་གྲགས་བཟང་བོ། འཁྲུལ་ཞིག་སངས་རྒྱས་དབོན་པོ། ཤུག་གསེབ་པ་ཡེ་ཤེས་རབ་འབྱམས་སོགས་མཁས་གྲུབ་ཀྱི་བུ་སློབ་ཤིན་ཏུ་མང་བོ་བྱུང་ངོ་། །


ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པའི་ངོ་སྤྲོད་མདོར་བསྡུས།

       ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར་ནི་རྫོགས་པ་ཆེན་པོའི་བཀའ་སྲོལ་ཆེས་ཆེར་གསལ་བར་མཛད་པ་པོ་རྙིང་མའི་སློབ་དཔོན་ཀློང་ཆེན་པ་དྲི་མེད་འོད་ཟེར་རམ། མཚན་གཞན་ཚུལ་ཁྲིམས་བློ་གྲོས་ཏེ། རབ་བྱུང་ལྔ་བའི་ས་ཕོ་སྤྲེལ་སྤྱི་ལོ༡༣༠༨ལོར་ཡབ་བསྟན་པ་སྲུང་དང་ཡུམ་འབྲོམ་བཟའ་བསོད་ནམས་རྒྱན་གཉིས་ཀྱི་སྲས་སུ་དབུས་ལྷོ་གཡོ་རུ་གྲའི་ཆ་སྟོད་གྲོང་དུ་སྐུ་བལྟམས། དགུང་ལོ་ལྔའི་སྟེང་ནས་སློབ་གཉེར་གྱི་དབུ་བཙུགས་ཤིང་སྔ་གཞུག་ཏུ་ཀརྨ་པ་རང་བྱུང་རྡོ་རྗེ། ས་སྐྱ་བདག་ཆེན། རྙིང་མའི་རིག་འཛིན་ཀུ་མཱ་རཱ་ཛ་སོགས་མཁས་གྲུབ་མང་པོ་སློབ་དཔོན་དུ་བསྟེན། གཡག་སྡེ་པཎ་ཆེན་གྱི་མདུན་དུ་དོགས་བཀྲོལ་མང་དུ་མཛད། མདོ་སྔགས་ཀྱི་གཞུང་ལུགས་མ་ལུས་པ་ཐུགས་སུ་ཆུད་དེ་མཁས་པའི་གོ་འཕང་བརྙེས། དབུས་གཙང་གི་དགོན་གནས་ཕལ་མོ་ཆེ་དང་། ཁྱད་པར་དུ་རྒྱ་གར་འཕགས་པའི་ཡུལ་གྱི་དཔལ་ཆུ་བོ་རི་དང་ཨོ་རྒྱན་ཡུལ་སོགས་སུ་ཞབས་ཀྱིས་བཅགས། འཆད་རྩོད་རྩོམ་གསུམ་གྱི་ཡོན་ཏན་བསམ་གྱིས་མི་ཁྱབ། ཆུ་སྟག་སྤྱི་ལོ ༡༣༦༢ ལོར་ཆོས་འབྱུང་རིན་པོ་ཆེའི་གཏེར་མཛོད་ཅེས་པ་ཕྱག་རྩོམ་གནང་། དགུང་ལོ་ང་དྲུག་པ་རབ་བྱུང་དྲུག་པའི་ཆུ་ཡོས་སྤྱི་ལོ ༡༣༦༣ ལོར་དཔལ་བསམ་ཡས་མཆིམས་ཕུ་རུ་དགོངས་པ་ཆོས་དབྱིངས་སུ་བསྡུས་སོ། །ཁོང་གི་གསུང་རྩོམ་སྐོར་ལ། ཕྱིའི་གནས་ཐུན་མོང་གི་སྐོར་བསྟན་བཅོས་དགུ་བཅུ་གོ་ལྔ། ནང་གི་གནས་རྒྱ་ཆེར་བཤད་པའི་བསྟན་བཅོས་ཆིག་བརྒྱ་ཉེར་བརྒྱད། གསང་བའི་གནས་དེ་ཁོ་ན་ཉིད་སྟོན་པའི་བསྟན་བཅོས་སུམ་ཅུ་སྟེ་བརྩམས་ཆོས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་བཞུགས་སོ། །༼ཡོངས་ཁུངས། མཚོ་སྔོན་པོ་དྲ་བ།༽