ལས་གཞི་ལེགས་འགྲུབ། བོ་དོང་གསུང་འབུམ།
འབྱུང་ཁུངས། སྤེལ་མཁན། རྩོམ་པ་པོ།དྲ་ཚིགས་དོ་དམ་པས། སྤེལ་དུས།2016-10-28

ཧི་མ་ལའི་རིག་མཛོད་ཁང་ཆེན་མོ།

གཅིག ཧི་མ་ལའི་རིག་མཛོད་ཁང་ཆེན་མོ་ཞེས་པའི་དཔེ་ཚོགས།

    ༡ ཧི་མ་ལའི་རིག་མཛོད་ཆེན་མོ་ཞེས་པའི་དཔེ་ཚོགས་ངོ་སྤྲོད། ཧི་མ་ལའི་རིག་མཛོད་ཆེན་མོ་ཞེས་པའི་དཔེ་ཚོགས་འདི་ནི། འཛམ་གླིང་གི་ཁོར་ཡུག་ཀུན་དང་ལྷག་པར་དུ། རང་རེའི་བོད་ཡུལ་གྱི་ཆོས་དང་རིག་གནས་ཀྱིས་བསྡུས་པའི་བོད་ཀྱི་གནའ་དེང་གི་དཔེ་ཆ་ཡོད་དོ་ཅོག ངེད་ཧི་མ་ལའི་རིག་མཛོད་ཁང་གིས་འཚོལ་སྡུད་བྱས་ཏེ། ཧི་མ་ལའི་རིག་མཛོད་ཆེན་མོ་ཞེས་པའི་དཔེ་ཚོགས་ཀྱི་མིང་གི་སྟེང་ནས། ཡིག་གཟུགས་དང་། དཔེ་རྟགས། དེབ་ཀྱི་རྣམ་པ། དེབ་ཕྲེང་སོགས་གཅིག་གྱུར་གྱི་སྒོ་ནས་རྒྱལ་སྤྱིའི་ཚད་ལྡན་རང་བཞིན་ཅན་གྱི་བོད་ཀྱི་རིག་གཞུང་ཆ་ཚང་འདུས་པའི་དཔེ་ཚོགས་གསར་བ་འདི་དཔར་བསྐྲུན་བྱས་ཏེ། ང་ཚོ་སྒང་བ་བོད་པའི་ཆོས་དང་རིག་གནས་བརྒྱུད་འཛིན་དང་དར་སྤེལ་འོང་ཆེད་དུ། རྒྱལ་ཁབ་ཕྱི་ནང་ཀུན་དང་། བོད་རང་གི་ས་ཁུལ་ཡོངས་ཀྱི་དགོན་སྡེ་དང་། སློབ་གྲྭ་ཆེ་ཁག་སོགས་སློབ་གཉེར་གྱི་ཁོར་ཡུག་བཟང་པོ་ལྡན་ལ། ལྷག་ཏུ་མོས་པ་ཡོད་མཁན་དག་ལ་རིན་མེད་གཟིགས་འབུལ་བྱས་ཏེ། རམ་འདེགས་ཀྱི་ནུས་ཤུགས་ཆེས་ཆེར་འདོན་བཞིན་ཡོད།


༢ ཧི་མ་ལའི་རིག་མཛོད་ཆེན་མོ་ཞེས་པའི་དཔེ་ཚོགས་འདིའི་ཁྱད་ཆོས་གཙོ་བོ་དག་ནི། ཆོས་ལུགས་དང་རིག་གནས། གནའ་དེང་གི་རིག་གཞུང་། ཡང་ན་གྲུབ་མཐའ་དང་ཆོས་བརྒྱུད་ཀྱི་ཕྱོགས་ལྷུང་མེད་པར། བཅུ་ཕྲག་རིག་གནས་སོ་སོར་བཀར་ཏེ་བསྒྲིགས་དང་སྒྲིག་བཞིན་ཡོད་པས་སྔར་རྒྱལ་ཕྱི་ནང་ཀུན་ནས་བྱུང་མ་མྱོང་བའི་ཁྱད་ཆོས་ལྡན་ཡོད།

 

༣ ད་སྔ་ཡན་ཆད་ལ་བཅུ་ཕྲག་རིག་གནས་ཀྱི་མིང་བགྲང་བ་ཙམ་དང་། ང་ཚོ་བོད་ནང་ཁུལ་དུ་ཕྱོགས་གཅིག་ནས་གྲུབ་མཐའ་སོ་སོའི་རང་རང་གི་ཆོས་བརྒྱུད་ཀྱི་རིག་གཞུང་དར་སྤེལ་བྱེད་པ་ལས། ངེད་ཧི་མ་ལའི་རིག་མཛོད་ཆེན་མོ་ཞེས་པའི་བོད་ཀྱི་ཆོས་རིག་མཐའ་དག་འདུས་གྲུབ་བྱས་ཤིང་བཅུ་ཕྲག་རིག་གནས་སོ་སོར་བཀར་ཏེ་བསྒྲིགས་པའི་དཔེ་ཚོགས་ཤིག་བྱུང་མྱོང་མེད་པ་ཡིན། འདི་ནི་བོད་ཀྱི་རིག་པའི་གཞུང་ལུགས་མཐའ་དག་གཅིག་གྱུར་བྱེད་མ་ཐུབ་པར་ལུས་ཡོད་པའི་སྟོང་ཆ་གཅིག་པོ་ཡིན། དེའི་ཕྱིར་ས་དགེ་བཀའ་རྙིང་ཇོ་བོན་སོགས་གྲུབ་མཐའ་སོ་སོའི་མ་འོངས་པར་སྔར་ལས་ལྷག་པའི་རིས་མེད་ཀྱི་རིག་མཛོད་ཆེན་མོ་འདི་ལ་གཅིག་གྱུར་གྱི་སློབ་གཉེར་གནང་བ་ཡིན་ན་བོད་ཆོལ་ཁ་གསུམ་པོ་མཐུན་སྒྲིལ་སྔར་ལས་ལྷག་པར་འོང་བའི་ཕྱོགས་ལ་ལྷག་ཏུ་རམ་འདེགས་མི་དམན་པ་ཞིག་བསྐྲུན་ཐུབ་པའི་དགེ་མཚན་ལྡན་ཡོད།

 

གཉིས་པ། བོ་དོང་གསུང་འབུམ་གྱི་བརྒྱུད་རིམ་དང་པར་སྐྲུན་གྱི་དགོས་པ།

      བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་གྱི་གསུང་འབུམ་འདི་ཉིད་བོད་ཀྱི་རིག་གནས་བང་མཛོད་ཁྲོད་དུ་ཧ་ཅང་གལ་ཆེན་གྱི་གོ་གནས་བཟུང་པའི་ནོར་བུ་ཞིག་ཏུ་གྲུབ་ཡོད་ལ། གསུང་འབུམ་འདིའི་མ་ཡིག་ཕྱག་བྲིས་མ་དེང་སྐབས་མཇལ་དུ་ཡོད་པ་གཅིག་པུ་མ་གཏོགས་འཛམ་གླིང་ན་མི་བཞུགས་པས། དཔེ་རྒྱུན་ཧ་ཅང་དཀོན་པ་དང་། རྙིང་རུལ་གྱི་དཔེ་མི་གསལ་བ། དབུ་མེད་དང་སྐོང་ཡིག་གི་རྫོབ་ཆེ་བ། བརྩམས་ཆོས་ཀྱི་པོད་གྲངས་མང་དྲགས་པས། དེ་སྔོན་སྒེར་གཞུང་སུས་ཀྱང་ཚད་ལྡན་ཞིག་པར་སྐྲུན་བྱེད་མ་ཐུབ་པར་ད་བར་དུ་ལུས་ཡོད། དེའི་ཕྱིར་འཛམ་གླིང་ན་རྙེད་དཀའ་བའི་དཔེ་གཞུང་འདི་འཇིག་ཏུ་དོགས་པའི་ཕངས་སེམས་ཀྱིས་དཀའ་ཁག་གི་འགག་འཕྲང་མང་པོ་རིམ་གྱིས་བརྒལ་ཏེ་ད་ཆ་པར་སྐྲུན་བྱེད་པའི་ལས་གཞི་དངོས་སུ་ལེགས་འགྲུབ་བྱུང་སོང་། འདིས་ནི་རང་རེ་བོད་ཀྱི་ཆོས་རིག་དར་སྤེལ་གྱི་ལས་དོན་ལ་སྔ་ན་མེད་པའི་ཞབས་ཏོག་དང་ལེགས་སྐྱེས་གལ་ཆེན་ཞིག་བསྐྲུན་ཡོད་པ་ནི་སྨོས་མ་དགོས་པ་ཞིག་ཡིན།


རྫ་ཀིཿལུང་དབོན་སྤྲུལ་ཚེ་རིང་རྡོ་རྗེ་དང་རྨེ་གྲྭ་ཚེ་རིང་བསམ་འགྲུབ་རྣམ་གཉིས་ཀྱིས་དབུ་འཛིན་གནང་སྟེ་བོ་དོང་གསུང་འབུམ་གྱི་ལས་གཞི་ལ་གྲོས་མོལ་ཚོགས་འདུ་བསྡུ་བཞིན་པ།

ཧི་མ་ལའི་རིག་མཛོད་ཁང་གི་དཔེ་ཚོགས་པར་སྐྲུན་གྱི་བྱ་བའི་བརྒྱུད་རིམ་ཆེན་པོ་བརྒྱད།


༡ ཡིག་གཏགས་པའི་རྣམ་པ།

 

༢ འབྲུ་ཀློག་དཔེ་བསྡུར་གནང་བཞིན་པ།


 

 ༣ དག་བཅོས་དཔེ་བསྡུར་བའི་ཡིག་ཆ།

 

༤ སྣ་མང་དཔེ་བསྡུར་བའི་ཟུར་ཞིག

 

 ༥ ཞུ་དག་པའི་ཡིག་ཆ།

 

 ༦ ཞུ་ཆེན་གནང་བཞིན་པའི་རྣམ་པ།

 

 ༧ དཔྱད་འཇོག་པའི་ཡིག་ཆ།

 

 ༨ རྩོམ་སྒྲིག་པའི་ལས་ལ་འཇུག་བཞིན་པ།

 

 གསུང་འབུམ་འདིའི་ནང་དུ་བོད་ཀྱི་བཅུ་ཕྲག་རིག་གནས་ཀྱི་ལྷུ་ལག་ཆ་ཚང་འདུས་གྲུབ་བྱས་ཡོད་པའི་རིན་ཐང་ཅན་གྱི་རིག་གཞུང་ཧ་ཅང་གལ་ཆེན་ཞིག་ཡིན་ཕྱིར། ཕྱིས་འབྱུང་འཛམ་གླིང་གི་ཀློག་པ་པོ་ཡོངས་ཀྱིས་ཀྱང་འདི་ཉིད་ཡབ་མེས་ཀྱི་ཤུལ་བཞག་གི་རིག་གནས་ཙམ་ཞིག་དང་།དགོན་སྡེ་ཁག་གི་ཕྱག་མཆོད་ཀྱི་རྟེན་ཙམ་མམ། ཡང་ན་དངོས་མང་བཤམ་སྟོན་ཁང་ནས་རིག་དངོས་ཀྱི་འདུ་ཤེས་ཙམ་དང་། སློབ་གྲྭ་ཁག་གི་དཔེ་མཛོད་ཁང་དང་། མི་སྒེར་བ་རེའི་མཛོད་དུ་འཇུག་རྒྱུ་དང་ངོམ་རྒྱུ་ཙམ་དུ་མི་བལྟ་བར། བོད་ཀྱི་ཆོས་རིག་འདི་མྱུར་སྐྱོབ་དང་དར་སྤེལ་གྱི་ཆེད་དུ་དམིགས་ཏེ། སྦྱང་བརྩོན་གྱི་ངལ་བ་ལྷུར་བླངས་ཏེ་གསུང་རབ་འདི་ལ་སློབ་གཉེར། ཞིབ་འཇུགཉམས་ལེན་དང་ལག་བསྟར་ཕྱིན་ཅི་མ་ལོག་པའི་འོག་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་གི་ཁྱབ་ཁོངས་ཀྱི་གཙོ་རྒྱུག་གི་གཞུང་ལུགས་ཤིག་ཏུ་གྱུར་ཏེ་ཁྱབ་གདལ་དུ་གཏོང་བ་སོགས་གསུང་རབ་ཀྱི་ཉིང་དགོས་ཇི་བཞིན་འགྲུབ་ཏུ་འཇུག་རྒྱུ་ནི་རིག་གཞུང་འདི་ལག་སོན་གྱི་རྒྱ་ཆེའི་གཟིགས་པ་པོ་ཡོངས་ཀྱི་ཕྲག་ཏུ་བབ་པའི་འོས་འགན་ཉག་ཅིག་ཡིན།


གསུམ་པ། ཧི་མ་ལའི་རིག་མཛོད་ཆེན་མོ་ཞེས་པའི་དཔེ་ཚོགས་ལས། བོ་དོང་པཎ་ཆེན་གྱི་གསུང་འབུམ་ཆེན་མོ་ལེགས་འགྲུབ་བྱུང་བ།

      ངེད་ཧི་མ་ལའི་རིག་མཛོད་ཁང་དབུ་བརྙེས་ཏེ་ལོ་ཡི་ཁྱུད་མོ་གསུམ་གྱི་རིང་ལ། ང་ཚོ་ཚོགས་མི་ཡོངས་ཀྱིས་འབད་བརྩོན་ལྷོད་མེད་ཀྱི་ཕུན་སུམ་ཚོགས་པའི་གྲུབ་འབྲས་ཐོག་མ་ནི། འཛམ་གླིང་སྟེང་གི་གསུང་རྩོམ་ཆེས་མང་ཤོས་ཀྱི་གྲས་སུ་ཡོད་ཅིང་། རྒྱལ་བའི་བཀའ་འགྱུར་ལས་ཀྱང་བརྩམས་ཆོས་ཕོན་ཆེ་ལ་གྲངས་མང་བ། ཕྱོགས་དང་རིས་ཀྱི་མཐའ་ལ་མི་གནས་པའི་བོད་རང་གི་མཁས་པ་ཆེན་པོ་བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་པར་རྒྱལ་བའམ་རྗེ་འཇིགས་མེད་གྲགས་པའི་གསུང་འབུམ་པོད་བརྒྱ་དང་ཞེ་གསུམ་གྱི་བདག་ཉིད་ཅན་འདི། ད་ལོ་སྟེ ༢༠༡༤ ལོ་ང་ཚོའི་པར་སྐྲུན་གྱི་ལས་གཞི་ཐོག་མ་རུ་ཡོངས་སུ་ལེགས་འགྲུབ་བྱུང་སྟེ། ད་ལྟ་འགྲེམས་སྤེལ་བྱེད་པའི་དུས་རིམ་དུ་དངོས་སུ་བསླེབས་པ་ཡིན། བོ་དོང་གསུང་འབུམ་གྱི་མ་དཔེ་ལ་པོད་གྲངས་ཁྱོན ༡༤༣ ཡོད་ནའང་ང་ཚོས་རྩོམ་སྒྲིག་བྱས་འོག་ད་ལྟ་རྒྱ་ཆེ་བའི་ཀློག་པ་པོ་རྣམས་ཀྱི་སྤྱན་ལམ་དུ་བསྟར་བཞིན་པ་ནི་རྒྱལ་སྤྱིའི་ཚད་ལྡན་གྱི་དེབ་གྲངས ༩༥ ཅན་དང་། དེབ་དཀྱུས་མའི་པོད་གྲངས་ཀྱང ༩༥ ཉིད་དུ་བསྒྲིགས་ནས་པར་བསྐྲུན་བགྱིས་པ་ཡིན།


རྒྱལ་སྤྱིའི་ཚད་ལྡན་དཔེ་དེབ་ཀྱི་རྣམ་པ།

དེབ་དཀྱུས་མའི་དཔེ་ཚོགས་ཀྱི་རྣམ་པ།

བཞི་བ། ཧི་མ་ལའི་རིག་མཛོད་ཆེན་མོ་ཞེས་པའི་དཔེ་ཚོགས་རིན་མེད་གཟིགས་འབུལ་གནང་རྒྱུ་ཡིན་ནའང་འོག་གི་ཆ་རྐྱེན་ལྟར་འགྲོ་དགོས།

      ད་ལོའི་ཧི་མ་ལའི་རིག་མཛོད་ཆེན་མོའི ༼བོ་དོང་པཎ་ཆེན་གྱི་གསུང་འབུམ༽དཔེ་ཚོགས་འདི་གཟིགས་འབུལ་གནང་ཡུལ་ལ་ཚང་དགོས་པའི་ཆ་རྐྱེན་གཤམ་གསལ་ལྟར། ༡ ཧི་མ་ལའི་རིག་མཛོད་ཆེན་མོ་ཞེས་པའི་དཔེ་ཚོགས་གཟིགས་འབུལ་གནང་ཡུལ་ལ། དགོན་སྡེ་དང་སློབ་གྲྭ། བཤད་གྲྭ་དང་སྒྲུབ་གྲྭ། ཡང་ན་གྲུབ་མཐའ་དང་ས་ཁུལ་སོགས་ལ་དབྱེ་འབྱེད་མེད་པར་སུ་ལའང་འབུལ་ཆོག  ཡིན་ནའང་དེ་ལ་ཆ་རྐྱེན་ངེས་ཅན་ཞིག་ཚང་དགོས་པ་ནི་གཤམ་གསལ་ལྟར་ཡིན། ༢ ཧི་མ་ལའི་རིག་མཛོད་ཆེན་མོ་ཞེས་པའི་དཔེ་ཚོགས་གཟིགས་འབུལ་གནང་ཡུལ་གྱི་ས་གནས་སོ་སོའི་ཁོར་ཡུག་ཏུ་ངེས་པར་དུ་བོད་ཡིག་དཔེ་མཛོད་ཁང་ཡོད་དགོས་པ་དང་། མ་མཐའ་ཡང་དཔེ་མཛོད་ཁང་དུ་བོད་ཡིག་གི་དཔེ་ཆ་སྟོང་ཕྲག་གཉིས་ལས་བརྒལ་བ་ཡོད་དགོས། ༣ བོད་ཀྱི་དཔེ་མཛོད་ཁང་ཞིག་ཡོད་པ་ཙམ་གྱིས་མི་ཆོག་པར། དེའི་ཁོར་ཡུག་ན་བཤད་གྲྭ་དང་སློབ་གྲྭ། ཡང་ན་སྒྲུབ་གྲྭ་སོགས་ཚད་ལྡན་རང་བཞིན་ཅན་གྱི་སློབ་སྦྱོང་གི་ཁོར་ཡུག་ངེས་པར་དུ་ཚང་དགོས། ༤ དཔེ་མཛོད་ཁང་དོ་དམ་པས་རིག་མཛོད་འདི་སྒེར་འཛིན་མི་བྱེད་པར། སྒྲིག་ལམ་ཡོད་པའི་སྒོ་ནས་དཔེ་གཟིགས་ཀྱི་མི་སྣ་སུ་ཡིན་རུང་གཏན་ཁེལ་ནང་བཞིན་རྒྱུན་པར་དཔེ་ཀློག་གི་དུས་ཚོད་ངེས་ཅན་སྟེར་བ་དང་གཞན་ལ་མཁོ་སྤྲོད་གནང་དགོས། ༥ གོང་གི་ཆ་རྐྱེན་དག་ཚང་བ་ལ། སློབ་གྲྭ་སོགས་དང་།  དཔེ་མཛོད་ཁང་དེའི་རྣམ་པ་དང་།  ཁོར་ཡུག  དཔེ་མཛོད་ཁང་གི་དཔང་ཡིག་ཐམ་ག་བཅས་ཆ་ཚང་ཡོད་དགོས།  ད་དུང་ངེས་པར་དུ་ཕྱོགས་གཉིས་ཀྱིས་དང་ལེན་ཡོད་པའི་དཔང་མི་ཞིག་དགོས་པ་སོགས་མདོར་ན་ཚད་ལྡན་གྱི་བདེན་དཔང་ཁུངས་བཙན་ཡོད་དགོས། ༦ ཆ་རྐྱེན་འདི་དག་ཚང་བ་དག་གིས། གཤམ་གསལ་ལྟར་ངེད་ཧི་མ་ལའི་རིག་མཛོད་ཁང་ལ་འབྲེལ་གཏུག་བྱོས་དང་། སྒྲིག་གཞིའི་ཡིག་ཚགས་ནང་བཞིན༼ཧི་མ་ལའི་རིག་མཛོད་ཆེན་མོ་༽ཞེས་པའི་དཔེ་ཚོགས་འདི་རིམ་གྱིས་ཀློག་པ་པོ་ཁྱེད་ཅག་གི་སྤྱན་ལམ་དུ་དབུལ་ངེས་ཡིན།   ༢༠༡༥ ལོའི་ཟླ ༣ པའི་མཇུག་ནས་བོ་དོང་གསུང་འབུམ་ཆེན་མོ་འགྲེམ་སྤེལ་བྱེད་བཞིན་ཡོད་པས།    ས་གནས་ཁྲིང་ཏུའུ་གྲོང་ཁྱེར་ཧི་མ་ལའི་རིག་མཛོད་ཁང་ནས་ཕྱོགས་སོ་སོར་གཟིགས་འབུལ་གནང་རྒྱུ་ཡིན་པས་འོག་གི་ས་གནས་ལྟར་ཕེབས་རོགས་ཞུ་ཞུ།  


ལྔ་བ། གསུང་འབུམ་ཆེན་མོ་སྐྱེལ་འདྲེན་བྱས་ཏེ་རིག་མཛོད་ཁང་དུ་འབྱོར་བ།


གསུང་འབུམ་ཆེན་མོ་པེ་ཅིང་ནས་སྐྱེལ་འདྲེན་བྱས་ཏེ་ཁྲིན་ཏུར་འབྱོར་བ།

བོ་དོང་གསུང་འབུམ་ཆེན་མོ་པར་སྐྲུན་ཡོངས་སུ་ལེགས་འགྲུབ་བྱུང་བ།


ཚོགས་མི་ལྷན་རྒྱས་ཀྱི་སྙིང་སྟོབས་དཔུང་བའི་ཤུགས་ཕྱུང་བཞིན་པ།


འབྲེལ་གཏུགས་ས་ཚིགས།

ཧི་མ་ལའི་རིག་མཛོད་ཁང་ཆེན་མོ།

喜马拉雅文库

himalayan encyclopedia

སྤྱིའི་གཙོ་འཛིན་པ། རྫ་ཀིཿལུང་དབོན་སྤྲུལ་ཚེ་རིང་རྡོ་རྗེ།

སྤྱིའི་གཙོ་འཛིན་གཞོན་པ།  རྨེ་གྲྭ ཚེ་རིང་བསམ་འགྲུབ།

ཡིག་ཟམ།  电子邮箱:himalayanc@163.com

ཁ་པར། 电话:15208425221-028-87422886

དྲ་ཚིགས།  网站: www.himalayane.com

འཕྲུལ་དེབ་འཕྲིན་སྟེགས།  喜马拉雅电子文库: maizha666

རིག་མཛོད་འཕྲིན་སྟེགས།  喜马拉雅文库: himalayane

མཚོ་སྐྱེས་རིག་གནས།  海生文化:hswh-lianhuasheng

ས་གནས། སི་ཁྲོན་ཞིང་ཆེན་ཁྲིང་ཏུའུ་གྲོང་ཁྱེར་ནུབ་ཁུལ་གསར་བའི་ཤེས་ཤེན་ལམ་ཆེན་ཨང ༥ པ།

地点:四川省成都市高新西区西芯大道5号汇都工业园

ཧི་མ་ལའི་རིག་མཛོད་འཚོལ་བསྡུ་ཕྱོགས་སྒྲིག་ཁང་ནས།