གཙོ་འཛིན་མི་སྣ། དབུ་འཛིན་མི་སྣ།
འབྱུང་ཁུངས། སྤེལ་མཁན། རྩོམ་པ་པོ།དྲ་ཚིགས་དོ་དམ་པས། སྤེལ་དུས།2016-10-28

དབུ་འཛིན་མི་སྣ་ངོ་སྤྲོད།

ཧི་མ་ལའི་རིག་མཛོད་ཁང་ཆེན་མོའི་ཚོགས་མི་ལ།

      ༡ བློ་འདྲི་ཡུལ་གྱི་ཚོགས་མི།  ༢ དབུ་འཛིན་ཚོགས་མི།  ༣  ཆེད་ཞུགས་ཚོགས་མི།  ༤ གདན་ཞུའི་ཚོགས་མི།


དང་བོ།  བློ་འདྲི་ཡུལ་གྱི་ཚོགས་མི།

      བློ་འདྲི་ཡུལ་གྱི་ཚོགས་མི་རྣམ་པ་ནི་བོད་མདོ་དབུས་ཁམས་གསུམ་ན་ཤེས་རིག་ཡོན་ཏན་དང་ལྷག་བསམ་གང་གི་ཕྱོགས་ནས་ཕུལ་དུ་སོན་པའི་མི་སྣ་ཤ་སྟག་ཡིན་ཕྱིར།  ང་ཚོ་ཧི་མ་ལའི་རིག་མཛོད་ཁང་གིས་བྱ་བའི་ཐོག་མཐའ་བར་གསུམ་གྱི་ལམ་ག་གང་ན་མི་རྟོགས་པའི་གནས་ལུགས་དང་མི་གསལ་བའི་བྱ་བའི་གནད་འགག་དག་དགོངས་འདྲི་ཞུ་ཡུལ་གྱི་དེད་དཔོན་ཁོ་ན་ཡིན་པས།  རྒྱུན་པར་ང་ཚོས་དཔོག་མི་ནུས་པའི་དོན་ཆེན་རྣམས་ཁོང་རྣམ་པ་དང་མཉམ་དུ་ཚོགས་འདུ་བསྡུས་ཏེ་བགྲོ་གླེང་དང་བཀའ་འདྲི་ཞུ་བཞིན་ཡོད།


བློ་འདྲི་ཡུལ་གྱི་ཚོགས་ཞུགས་མི་སྣའི་མཚན་ཐོ།

      གཟན་དཀར་སྤྲུལ་སྐུ་ཐུབ་བསྟན་ཉི་མ།   མཁན་ཆེན་ཚུལ་ཁྲིམས་བློ་གྲོས། ཨ་བོས་ཚེ་རིང་མགོན་པོ།   མཁན་དོན་གྲུབ་ཚེ་བརྟན།  དགེ་བཤེས་ལྷ་བུ་བློ་བཟང་། དགེ་བཤེས་བསོ་ཁོ། མཁན་ཀླུ་སྒྲུབ་དབང་ཕྱུག  གཙང་རིགས་སྐལ་བཟང་རྣམ་འདྲེན།  མཁན་ཆེན་བློ་ཡག  རྫོང་སར་མཁན་ཆེན་ཕུན་ཚོགས་རྣམ་རྒྱལ། མཁན་འཆི་མེད་ཚེ་རིང་། སྐྱབས་རྗེ་འཇམ་དབྱངས་བློ་གྲོས། དགེ་བཤེས་འཇམ་དཔལ་བློ་ཤེས། རྭ་རྒྱ་འཇིགས་མེད་རྒྱལ་མཚན། ལྡོང་ཡོན་ཏན་རྒྱ་མཚོ། དགེ་བཤེས་བསོད་ནམས། དགེ་བཤེས་བློ་བཟང་ཡར་རྒྱས།  ལྷ་ལྡན་གཙུག་ལག་ཁང་གི་སྤྱི་གཉེར་བ་ལྷག་པ། བཀྲ་ཤིས་རྡོ་རྗེ་སོགས་ནི་ང་ཚོ་ཧི་མ་ལའི་རིག་མཛོད་ཁང་གི་བློ་འདྲི་ཡུལ་གྱི་ཚོགས་མི་རྣམ་པ་ཡིན།


གཉིས་པ།  གཙོ་འཛིན་ཚོགས་མི།

     ཧི་མ་ལའི་རིག་མཛོད་ཆེན་མོའི་དབུ་འཛིན་ཚོགས་མི་རྣམ་པ་ནི་ལས་རིགས་འདི་དག་དངོས་སུ་གཉེར་མཁན་གྱི་མི་སྣ་གཙོ་བོ་དག་ཡིན་ལ།   དེས་ན་ཧི་མ་ལའི་རིག་མཛོད་གཞུང་སྒྲུབ་ཁང་ཆེན་མོ་འདི་ནི་མི་སྒེར་གྱིས་མ་དངུལ་བཏང་སྟེ ༢༠༡༡ ལོ་གསར་དུ་བཙུགས་ལ། ༢༠༡༢ ལོར་གསར་དུ་སྒོ་ཕྱེས་པའི་བོད་ཀྱི་ཆོས་རིག་དར་སྤེལ་དང་གོང་འཕེལ། སྤྱི་ཚོགས་ཡར་རྒྱས་སོགས་ལ་ཆེད་དུ་ཞབས་འདེགས་རྐྱང་རྐྱང་བྱེད་བཞིན་པའི་གཞུང་སྒྲུབ་ཁང་ཆེན་མོ་ཞིག་ཡིན།

 

ཧི་མ་ལའི་རིག་མཛོད་ཁང་ཆེན་མོའི་གཙོ་འཛིན་པ་མཆོག་སྤྲུལ་ཚེ་རིང་རྡོ་རྗེ་ལགས་ཀྱི་ངོ་སྤྲོད།

རྫ་ཀིཿལུང་དབོན་སྤྲུལ་ཚེ་རིང་རྡོ་རྗེ།

      རྫ་ཀི་ལུང་དབོན་སྤྲུལ་ཚེ་རིང་རྡོ་རྗེ་མཆོག་ནི། རབ་བྱུང་བཅུ་བདུན་པའི་ས་རྟ་སྤྱི་ལོ ༡༩༧༨ ལོར་མདོ་ཁམས་རྫ་ཆུ་ཁའི་ཁྲོམ་གཟའ་འགབ་མ་རུ་སྐུ་འཁྲུངས། དགུང་ལོ་བདུན་བརྒྱད་ཙམ་ནས་ཡབ་གསང་མགོན་ལས་སྦྱོར་ཀློག་འབྲི་གསུམ་གྱི་ཐོག་མའི་སློབ་སྦྱོང་གི་ལམ་ཁར་ཞུགས། དགུང་ལོ་བཅུ་གཅིག་སོན་པ་ན་རབ་ཏུ་བྱུང་། ཀིཿལུང་རྒྱལ་སྲས་དང་ཉི་གྲགས་རྒྱལ་སྲས། ས་སྐྱ་གོང་མ་སོགས་སྐྱེས་ཆེན་མང་བོའི་འཁྲུལ་མེད་ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས་ནས་ལུང་བསྟན་པ་ལྟར་རྫ་ཀིཿལུང་དབོན་སྤྲུལ་འཇིགས་མེད་བཟོད་པའི་ཡང་སྲིད་འཁྲུལ་མེད་དུ་ངོས་འཛིན་བྱས། རྫ་ཀིཿལུང་དགོན་འོག་མིན་རིག་འཛིན་འཕེལ་རྒྱས་གླིང་དུ་སྐུ་གོང་མའི་གསེར་ཁྲིར་མངའ་གསོལ། དེ་རྗེས་དྲེལ་དཀར་དགོན་གྱི་བཤད་གྲྭར་ཞུགས་པར་མ་ཟད་དགོན་པའི་ཆོ་ག་ཕྱག་ལེན་དང་བཅས་པ་ལེགས་པར་བསླབས། དགུང་ལོ་བཅོ་བརྒྱད་པ་ཤིང་ཕག་སྟེ་སྤྱི་ལོ ༡༩༩༥ ལོར་ལུང་རྟོགས་ཆོས་སྤྱོད་ཀྱི་ལས་ཁོ་ནའི་བསམ་གཏན་ལ་ཞུགས་པའི་ལི་མདོ་སྒར་གྱི་བསྟན་བདག་བྱ་བྲལ་མཁན་ཆེན་པདྨ་ཆོས་དབྱིངས་ཁྱབ་གདལ་མཆོག་གི་རྣམ་ཐར་གྱིས་ཐུགས་དབང་མེད་དུ་དྲངས་ཏེ་དམ་པ་ཁོང་ལ་མཇལ་འདོད་ཀྱི་དད་གདུང་འགོག་མེད་དུ་སྐྱེས་པ་ལ་བརྟེན་ནས། ཡབ་ཡུམ་དང་ཉེ་འབྲེལ་སྐྱ་སེར་ཡོངས་ལ་གསང་སྟབས་ཀྱིས་ཟླ་གཅིག་ལྷག་ལ་ཞབས་ཐང་གིས་ལི་མདོ་སྒར་དུ་ཕེབས་ཏེ་བསམ་སྦྱོར་དྲི་མ་མེད་པའི་ཀུན་སློང་བཟང་བོས་སྙིགས་དུས་ཀྱི་མི་ལ་གཉིས་པ་བྱ་བྲལ་ཆོས་དབྱིངས་ཁྱབ་གདལ་མཆོག་གི་ཞབས་རྡུལ་སྤྱི་བོར་བླངས་ཤིང་མདོ་སྔགས་རིག་གནས་དང་བཅས་པའི་གཞུང་ལ་སྦྱང་བརྩོན་རྡོ་རུས་ཐུག་པ་གནང་། ས་སྟག་སྟེ་སྤྱི་ལོ ༡༩༩༨ ལོར་མ་ཡུམ་གྱི་འདས་ཆོག་དང་འབྲེལ་ནས་ཁོང་གི་ཐུགས་དགོངས་ལྟར་རྟ་ནོར་ལུག་གསུམ་ཁྱོན་དྲུག་བརྒྱ་བརྒལ་བ་ཙམ་ཡོད་པ་ཚང་མ་ཚེ་ཐར་དང་དགེ་རྩར་སྦྱིན་གཏོང་མཛད་ཅིང་། ཡབ་མིང་སྲིང་དང་བཅས་པའི་ཁྱིམ་མི་བཅུ་གཉིས་ཡོད་པ་ཚང་མས་ཁྱིམ་གཞི་སྤངས་ནས་དམ་པའི་ཆོས་སྒོར་ཞུགས་ནས་རབ་བྱུང་སྒྲུབ་ཏུ་བཅུག ལྕགས་འབྲུག་སྟེ་སྤྱི་ལོ ༢༠༠༠ ལོ་ནས་བཟུང་རྒྱ་གར་ནག་དང་ཡོ་རོབ་ཀྱི་རྒྱལ་ཁབ་བཅུ་ཕྲག་ལྷག་ལ་གནས་སྐོར་གཟིགས་ཞིབ་ཏུ་ཕེབས་ཏེ་མི་རིགས་གཞན་པས་སོ་སོའི་རིག་གཞུང་སྲུང་སྐྱོབ་རྒྱུན་འཛིན་ཇི་ལྟར་གཏོང་ལུགས་ལ་ནན་ཏན་གྱིས་ཞིབ་རྟོག་རྒྱུས་ལོན་མཛད། ཤིང་སྤྲེལ་སྟེ་སྤྱི་ལོ ༢༠༠༤ ལོར་པེ་ཅིང་མི་རིགས་སློབ་གྲྭ་ཆེན་མོ་ནས་སློབ་མཐར་ཕྱིན། མེ་ཕག་ལོ་སྟེ་སྤྱི་ལོ ༢༠༠༧ ལོར་པེ་ཅིང་མཐོ་རིམ་སློབ་ཆེན་ནང་བསྟན་ཆེད་ལས་སྡེ་ཁག་ནས་སློབ་མཐར་ཕྱིན། ས་བྱི་ལོ་སྟེ་སྤྱི་ལོ ༢༠༠༨ ལོར་རྫ་ཀིཿལུང་དགོན་དུ་སློབ་གྲྭ་དང་གླིང་ནག་དགོན་དུ་བཤད་གྲྭ་སོགས་གསར་འཛུགས་དང་ཆ་རྐྱེན་ཞན་པའི་ཞིང་འབྲོག་མང་ཚོགས་ཀྱི་བྱིས་པ་བརྒྱ་ཕྲག་མང་བོ་གསོ་སྐྱོང་མཛད། གཞན་ཡང་བཤད་གྲྭ་དང་སློབ་གྲྭ་མང་བོར་ཟས་གོས་ཟླ་ཕོགས་སོགས་དཔལ་འབྱོར་ཡོངས་རྫོགས་ཀྱི་མཐུན་རྐྱེན་བསྐྲུན། ལྷག་པར་དུ་ས་སྐྱ་གོང་མའི་བཀའ་ལུང་ལྟར་གླིང་ནག་དགོན་དུ་བཤད་གྲྭའི་ལྷ་ཁང་རྟེན་དང་བརྟེན་པར་བཅས་པ་གསར་བཞེངས་མཛད།

     ལོ་དེར་འཛམ་གླིང་ན་ཆེས་རིང་བའི༼མ་ཎི་རྡོ་འབུམ༽གྱི་མཚན་སྙན་ཐོབ་པའི་རྫ་དཔལ་སྤྲུལ་རྡོ་མཁར་རིང་མོ་བསྐྱར་གསོ་དང་ཁ་གསབ་ཏུ་བོད་རང་གི་སྲོལ་རྒྱུན་ལག་ཤེས་རྡོ་བརྐོས་ཆེད་ལས་པ་མང་བོ་གདན་དྲངས་ཏེ་རྒྱལ་བའི་བཀའ་འགྱུར་ཆེན་མོ་ལོ་གསུམ་ལྷག་ལ་རྡོར་བརྐོས་ཏེ་མཐར་ཕྱིན་པར་བགྱིས།   མཐར་ལྕགས་སྟག་ལོར་ལེགས་འགྲུབ་རབ་གནས་ཀྱི་མེ་ཏོག་བཀྲམ། དྲེལ་དཀར་དགོན་དུ་རྫོགས་ཆེན་སྒོམ་སྒྲུབ་ལྟེ་གནས་གསར་འཛུགས་དང་རྒྱུ་ཟངས་གསེར་ལས་གྲུབ་པའི་སྐྱབས་འགྲོའི་ཚོགས་ཞིང་དང་ཞི་ཁྲོ་དམ་པ་རིགས་བརྒྱ་སོགས་བཞེངས་བར་བརྩམས་ཤིང་ལྕགས་ཡོས་ལོར་ལེགས་པར་གྲུབ་ཅིང་བྱིན་རླབས་རྒྱ་ཆེར་མཛད། ལོ་དེར་གངས་ལྗོངས་མཁས་པའི་ལྷན་ཚོགས་ཐེངས་བརྒྱད་པ་ས་དེར་བསྡུས་ཤིང་ཁོང་གིས་སྦྱིན་བདག་གནང་། ད་དུང་ཡངས་པའི་རྒྱལ་ཁབ་ཀུན་ཏུ་ནད་མུག་འཁྲུགས་རྩོད་ཞི་བ་དང་སངས་རྒྱས་གཉིས་པ་པདྨ་ཀ་རའི་བཀའ་དྲིན་དང་ཡོན་ཏན་རྗེས་སུ་དྲན་ཆེད་པདྨ་བཀའ་ཐང་ལས་བྱུང་བའི་རྣམ་ཐར་ཇི་བཞིན་གུ་རུའི་རྣམ་ཐར་སྟོང་ཐང་ཆེན་མོ་སྟེ་ཐང་ག་སྟོང་དང་སུམ་བརྒྱའི་བདག་ཉིད་ཅན་རིང་ཚད་ལ་སྤྱི་ལེ་གསུམ་ལྷག་ཅན་དེ་བོད་ཀྱི་ཐུན་མིན་རི་མོའི་སྒྱུ་རྩལ་ལྡན་པའི་ཀརྨ་སྒར་བྲིས་ཀྱི་བྲིས་རྒྱུན་ལྟར་བཞེངས་མགོ་བརྩམས་ཤིང་ཉིས་སྟོང་བཅུ་བདུན་ལོར་ལེགས་འགྲུབ་འབྱུང་བའི་འཆར་གཞི་ལེགས་པོར་བཟོས་ཡོད།  ལྕགས་སྟག་ལོ་སྟེ་སྤྱི་ལོ ༢༠༡༠ ལོར་ཡངས་པའི་རྒྱལ་ཁམས་ཡོངས་ལ་ནད་མུག་འཁྲུག་རྩོད་ཞི་ཞིང་ཞི་བདེའི་ལེགས་ཚོགས་ཀྱི་བསྐལ་བ་མངོན་དུ་འགྱུར་བའི་ཆེད་དུ་ལྷ་ལྡན་གཙུག་ལག་ཁང་གི་ཇོ་བོ་ཤཱཀྱ་མུ་ནེར་རིན་ཆེན་སྣ་ལྔས་སྤྲས་པའི་གསེར་གྱི་རིགས་ལྔ་དང་གསེར་གྱི་ལྷུང་བཟེད་སོགས་མཆོད་རྫས་བསམ་གྱིས་མི་ཁྱབ་པ་དུ་མ་ཕུལ། སྤྱི་ལོ་གཉིས་སྟོང་བདུན་ལོ་ནས་བཟུང་ཆོལ་ཁ་ཆོས་ལུགས་གྲུབ་མཐའ་བན་བོན་སོགས་ཀྱི་རིས་སུ་མ་ཆད་པར་བོད་ཀྱི་ཆོས་དང་རིག་གནས་ལ་ཁ་ཞེ་གཉིས་མེད་ཀྱིས་ཞབས་འདེགས་དོན་ལྡན་ཞིག་བསྒྲུབ་པའི་སེམས་ཐག་བཅད་ནས། ཁྲིང་ཏུའུ་གྲོང་ཁྱེར་དུ་མཚོ་སྐྱེས་རིག་གནས་དར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་ཞེས་པའི་རིག་གནས་ལས་ཁུངས་ཤིག་སྒེར་གྱིས་རྩ་འཛུགས་གནང་། ཁོང་གིས་དེང་རབས་ཚན་རིག་གི་དགེ་མཚན་སྤྱད་ནས་བོད་གངས་ཅན་གྱི་སྔར་ཡོད་རིག་གནས་ཀྱི་གཙུག་ལག་ཉམས་པ་སླར་གསོ་དང་གནས་པ་གོང་འཕེལ། ཆད་པ་ཁ་སྐོང་བཅས་ཀྱི་ཆེད་དུ་ཕྱི་ནང་གི་འགལ་རྐྱེན་སྣ་ཚོགས་ལ་མགོ་མ་སྒུར་བར་ཐབས་བརྒྱ་ཇུས་སྟོང་དང་ལྷག་བསམ་རྣམ་དག་གིས་ལས་རིགས་སྣ་ཚོགས་ལ་ལོ་དུ་མར་འབད་བརྩོན་ལྷོད་མེད་ཀྱིས་ཕྱག་ལས་རྒྱུན་བསྐྱངས།

      ལྷག་ཏུ་ལས་ཁུངས་འདིས་ལྕགས་ཡོས་ལོ་སྤྱི་ལོ ༢༠༡༡ ལོ་ནས་བཟུང་ང་ཚོ་བོད་ཀྱི་ཡིག་ཐོག་རིག་གནས་སུ་བཀོད་པའི་ཆོས་དང་རིག་གནས་སྤྱི་དང་། ལྷག་པར་བོད་ཀྱི་གནའ་དཔེའི་རིག་གཞུང་མཐའ་དག་རྒྱལ་ཕྱི་ནང་ཀུན་ནས་འཚོལ་བསྡུ་བྱས་ཏེ་འཛམ་གླིང་ཡོངས་ལ་དར་སྤེལ་དང་རྒྱུན་འཛིན་གཏོང་བར་ཐབས་ལམ་གསར་བའི་སྒྲོམ་གཞི་བརྟན་བརླིང་ཅན་ཞིག་བཟུང་ཡོད། ཐབས་ལམ་དེ་ལེགས་འགྲུབ་ཡོང་ཆེད་བོད་ཀྱི་ཆེད་མཁས་པ་གང་མང་ཞིག་གདན་འཛོམས་པའི་མཛུབ་སྟོན་ཁྲོད་ཁོང་གིས་འཆར་བཀོད་སྒྲིག་འཛུགས་དང་དོ་དམ་ཞིབ་ཚགས་ལྡན་པའི་ཧི་མ་ལའི་རིག་མཛོད་ཆེན་མོ་ཞེས་པའི་རིག་གནས་ལས་སྒྲུབ་གཞུང་ལས་ཁང་ཞིག་གསར་དུ་བཙུགས། ཧི་མ་ལའི་རིག་མཛོད་ཁང་ཆེན་མོར་ཧི་མ་ལའི་དཔེ་མཛོད་ཁང་དང་ཧི་མ་ལའི་དྲ་མཛོད་ཁང་། ཧི་མ་ལའི་སྒྲ་བསྒྱུར་གླིང་། ཧི་མ་ལའི་དུས་དེབ། ཧི་མ་ལའི་སྐབས་དོན་ལས་གཞི་བཅས་ལས་རིགས་སྡེ་ཁག་མི་འདྲ་བ་གཙོ་བོ་ལྔ་རྩ་འཛུགས་བྱས་ཡོད། འདིས་མ་འོངས་བོད་ཀྱི་ལོ་རྒྱུས་སུ། ༡ བོད་གཅིག་གྱུར་གྱི་རིག་མཛོད་ཁང་ཆེན་མོ་གསར་དར། ༢ བོད་རིག་པའི་དཔེ་མཛོད་ཁང་ཆེན་མོ་གསར་དར། ༣ བོད་རིག་པ་འཛམ་གླིང་ཧྲིལ་བོར་གསར་དར་ཐུབ་པ་སོགས་དགེ་མཚན་ཁྱད་འཕགས་ལྡན་ཡོད། ཆུ་འབྲུག་ལོ་ནས་བཟུང་བོད་ཀྱི་བཀའ་བསྟན་སོགས་ཆོས་རིག་མཐའ་དག་གི་དཔེ་ཚོགས་ལ་དཔེ་རྟགས་དང་ཡིག་གཟུགས། དེབ་ཚད། དེབ་ཕྲེང་། རྣམ་པ་སོགས་གཅིག་གྱུར་གྱི་དཔར་སྐྲུན་བྱ་རྒྱུ་དང་། འཕྲུལ་དེབ་ཏུ་ཕབ་སྟེ་དྲ་ལམ་སོགས་ནས་འགྲེམ་སྤེལ་བྱེད་རྒྱུ། དྲ་ལམ་བརྒྱུད་འགོད་དང་དཔེ་ཆ་འགྲེམ་སྤེལ་བྱེད་སྐབས་བླུ་ཡོན་སྐར་གཅིག་ཀྱང་མི་བསྡུ་བ་སོགས་རིག་མཛོད་ཁང་འདིའི་ཐོག་མའི་དམ་བཅའ་རུ་བཟུང་འདུག ད་དུང་ལོ་རེར་དུས་དེབ་མི་འདྲ་བ་ཁ་ཤས་ཀྱང་སྤེལ་གཉེར་བྱས་དང་བྱེད་བཞིན་ཡོད་ཅིང་ད་སྔ་དེབ་དེ་དག་རྒྱལ་ཁབ་ཉི་ཤུ་ལྷག་ལ་འགྲེམ་སྤེལ་བྱས་ཡོད། ཤིང་རྟ་ལོ་སྤྱི་ལོ ༢༠༡༤ ལོར་ཧི་མ་ལའི་དགེ་ལས་ཐེབས་རྩ་ཚོགས་པ་གསར་དུ་བཙུགས་ནས་ནད་པ་ཚབས་ཆེན་ལ་སྨན་ཡོན་དང་དབང་བོ་སྐྱོན་ཅན་ལ་ཞལ་འདེབས། དྭ་ཕྲུག་ཉམ་ཐག་ཚོ་གསོ་སྐྱོང་སོགས་ལ་ཟང་ཟིང་གི་མཐུན་རྐྱེན་རྒྱ་ཆེར་མཛད་བཞིན་པ་ལགས།  ད་སྔ་ཧི་མ་ལའི་རིག་མཛོད་ཁང་གིས་འཚོལ་བསྡུ་ཞུ་དག་སོགས་ཚད་ལྡན་གྱིས་གསུང་འབུམ་ཆ་ཚང་ལ་པོད་དགུ་བཅུ་གོ་ལྔ་ཅན་གྱི་བོ་དོང་གསུང་འབུམ་ཆེན་མོ་དཔར་སྐྲུན་བགྱིས་ནས་དགོན་སྡེ་དང་སློབ་གྲྭ། དཔེ་མཛོད་ཁང་སོགས་བོད་ཙམ་མ་ཡིན་པར་རྒྱལ་ཁབ་དང་ས་གནས་མང་བོར་རིན་མེད་གཟིགས་འབུལ་བྱས་དང་བྱེད་མུས་སུ་ཡོད་པ་ལྟར། ཆ་རྐྱེན་གསུམ་ཚང་བའི་དགོན་སྡེ་ཁག་དང་བཤད་གྲྭ། སློབ་གྲྭ། དཔེ་མཛོད་ཁང་སོགས་ལ་ཧི་མ་ལའི་རིག་མཛོད་ཁང་གིས་དཔར་སྐྲུན་བྱས་པའི་དཔེ་མཛོད་ཆ་ཚང་རེ་རིན་མེད་གཟིགས་འབུལ་བྱེད་རྒྱུའི་འཆར་གཞི་བཙུགས་པ་སོགས་ཁོང་གིས་འགྲོ་བ་མིའི་རིགས་ཀྱི་སྤྱི་ཚོགས་ལ་ཞབས་འདེགས་ཀྱི་བྱ་བ་རླབས་པོ་ཆེ་སྒྲུབ་པའི་ངལ་བ་རྒྱན་དུ་བཏགས་ནས་ཡོད། ཁོང་ལ་བོད་ཀྱི་རིག་གནས་དར་སྤེལ་མཁན་དང་ཐབས་ལམ་གསར་བའི་ལམ་ནས་བོད་ཀྱི་རིག་གནས་རྒྱུན་འཛིན་བྱེད་པའི་སྔོན་སྐྱོད་པ་སོགས་ཀྱི་མཚན་སྙན་ཐོབ་ཡོད་པ་རེད། ཁོང་ནི་དོན་དངོས་ནས་ཀྱང་དུས་རབས་དང་བསྟུན་ཏེ་བོད་ཀྱི་རིག་གནས་རྒྱུན་འཛིན་ཁྱབ་སྤེལ་གྱི་ཕོ་ཉ་བ་གསར་བ་ཞིག་དང་མིའི་རིགས་ལ་ཞབས་འདེགས་རྣལ་མ་སྒྲུབ་མཁན་གྱི་རླབས་ཆེན་གྱི་སྐྱེས་བུ་དམ་པ་ཞིག་གོ །ཁོང་གིས་ནམ་རྒྱུན་གསུང་རྒྱུར། རང་ཉིད་ནང་བའི་གྲྭ་རྐྱང་དཀྱུས་མ་ཞིག་ཡིན་པའི་ཆ་ནས་རྒྱལ་བསྟན་དར་བ་དང་མི་རིགས་རིག་གནས་ཡར་རྒྱས་ཀྱི་ཆེད་དུ་དགེ་ལས་གཞན་ཕན་གྱི་བྱ་བ་ཕྲན་ཚེགས་རེ་འཁྱོངས་ནའང་ཁུར་དུ་མ་བསམ་རྒྱན་དུ་རྟོགས་ཤིང་། ལྷག་བསམ་རྣམ་དག་གིས་འགན་འཁྲི་དང་དོ་ཁུར་ཆེན་པོས་ཀུན་ཕན་གྱི་བྱ་བཞག་རབ་དང་རིམ་པ་བསྒྲུབ་རྒྱུར་མུ་མཐུད་དུ་འབད་པ་བྱེད་རྒྱུ་ཡིན་ཞེས་གསུངས་ལ་དོན་ལའང་དེ་བཞིན་མཆིས་སོ། །


ཧི་མ་ལའི་རིག་མཛོད་ཁང་ཆེན་མོའི་གཙོ་འཛིན་གཞོན་པ་རྨེ་གྲྭ ཚེ་རིང་བསམ་འགྲུབ་ལགས་ཀྱི་ངོ་སྤྲོད།

རྨེ་གྲྭ། ཚེ་རིང་བསམ་འགྲུབ།

རྨེ་གྲྭ ཚེ་རིང་བསམ་འགྲུབ་ལགས་ཀྱི་ལོ་རྒྱུས་མདོར་བསྡུས།

དང་པོ།   སྐྱེས་ཡུལ་དང་ཐོབ་ཐང་།

དངོས་མིང་།  མཁན་ཚེ་རིང་བསམ་འགྲུབ།    རྨེ་གྲྭ་ཚེ་རིང་བསམ་འགྲུབ།     པིར་མིང་།   བསིལ་རླུང་།   

སྐྱེས་ཡུལ།   སི་ཁྲིན་ཞིང་ཆེན་ཁྱུང་མཆུ་རྫོང་སྦྲ་ཆེན་ཡུལ་ཚོ་རུ ༡༩༧༨ ལོར་སྐྱེས། ཨ་མདོའི་ཁོངས་གཏོགས་ཤར་དུང་རིའི་ཉེ་འགྲམ་རྨེ་ཡུལ་གཡང་སྡེ་ཕྱུག་མོ།    

ཐོབ་ཐང་།  དུས་རབས་ཀྱི་སློབ་གསོ་བ།  མཁན་པོ།  རྩོམ་པ་པོ།  སྤྱི་ཚོགས་འགན་ལེན་པ། 


གཉིས་པ།   སློབ་གཉེར་གྱི་གོ་རིམ།

སློབ་སྦྱོང་།   ༡༩༨༨ ལོར་རང་ཡུལ་གསེར་དེའུ་ཡུལ་ཚོ་ནས་སློབ་ཆུང་མཐར་ཕྱིན།   ༡༩༨༩ལོ་ནས་རོང་ཐ་དགོན་པར་ཞུགས་ཏེ་འདོན་ཆའི་སྐོར་དང་བཅའ་འབུད་བརྡུང་གསུམ་སོགས་དཔྱིས་ཕྱིན་པར་བསླབས་ཏེ་རང་དགོན་ནས་དབུ་ཆེན་དང་དགེ་སྐོས་ཁྲི་བ་སོགས་ཀྱིས་འགན་བཞེས།  ༡༩༩༨ལོར་རྒྱལ་སྤྱིའི་སྟེང་གི་ནང་བསྟན་སློབ་གྲྭ་ཆེས་ཆེ་བ་གསེར་ཐང་ལྔ་རིག་ནང་བསྟན་སློབ་གླིང་ནས་ནང་བསྟན་ཆེད་ལས་པ།   ༢༠༠༣ ལོར་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ནས་རིག་གནས་ཆེད་མཁས་པའི་མཐོ་རིམ་མཐར་ཕྱིན་སློབ་མ། ༢༠༠༨ ལོ་པེ་ཅིང་མི་རིགས་སློབ་གྲྭ་ཆེན་མོ་ནས་སློབ་ཆེན་མཐར་ཕྱིན་སློབ་མ།   པེ་ཅིང་ནང་བསྟན་སློབ་གླིང་གི་རབ་འབྱམས་པ།   ༢༠༡༣   ལོ་སི་ཁྲོན་ཞིང་ཆེན་བོད་ཀྱི་རིག་གནས་ཞིབ་འཇུག་ཆེད་མཁས་རབ་འབྱམས་པའི་མིང་རྟགས་ཐོབ།   


གསུམ་པ།  བརྩམས་ཆོས་ཀྱི་སྐོར།

      ༡   སུམ་རྟགས་དག་གསུམ་འགྲེལ་བ།   མི་རིགས་དཔེ་སྐྲུན་ཁང་།   བཀྲམ་ཚད། ༤༨༥༠༠  པར་ཐེངས ༨  དཔར་ཟིན། ༢   དུས་རབས་ཀྱི་སྟེགས་བུ།      མི་རིགས་དཔེ་སྐྲུན་ཁང་།   བཀྲམ་ཚད། ༧༦༠༠  པར་ཐེངས ༣ དཔར་ཟིན།  ༣   གདན་རབས་ལོ་རྒྱུས།       མི་རིགས་དཔེ་སྐྲུན་ཁང་།   བཀྲམ་ཚད། ༢༥༠༠  པར་ཐེངས ༢  དཔར་ཟིན། ༤   རྒྱུན་ཤེས་གླིང་ག མི་རིགས་དཔེ་སྐྲུན་ཁང་།  བཀྲམ་ཚད།  ༨༧༠༠  པར་ཐེངས ༤ དཔར་ཟིན།  ༥  འཚོ་བའི་ལག་རྟེན།   མི་རིགས་དཔེ་སྐྲུན་ཁང་།   བཀྲམ་ཚད། ༣༥༠༠  པར་ཐེངས ༡  དཔར་ཟིན། ༢༠༡༢ ལོ་མི་རིགས་དཔེ་སྐྲུན་ཁང་ནས་གསར་དུ་དཔེ་རྟགས་བཀོད་དེ་དཔར་དུ་བསྐྲུན་ཡོད།


བཞི་པ།  ཁྱད་འཕགས་ཀྱི་བརྩམས་ཆོས།

      བརྩམས་ཆོས་ཕྱོགས་ནས། ༡ སུམ་རྟགས་རྩ་འགྲེལ ༽གྱི་དཔེ་ཆ་དེ་ལོ་ངོ་བཅུ་ཙམ་གྱི་རིང་ལ་སྤྱི་ཚོགས་ཁྲོད་དཔེ་ཆ ༤༨༥༠༠ ལྷག་དར་སྤེལ་དུ་སོང་ཡོད་པར་མ་ཟད་ཕྱོགས་སོ་སོ་ནས་ཧ་ཅང་གདེངས་འཇོག་དང་དགའ་བསུ་ཆེན་པོ་ཐོབ་པ་དང་།   ད་སྐབས་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་སོགས་སློབ་གྲྭ་དང་དགོན་སྡེ་བཤད་གྲྭ་མི་ཉུང་བ་ཞིག་གི་ཁྲིད་གཞིའི་དཔེ་ཆ་ཉིད་དུ་གྱུར་ཡོད། ༢ དུས་རབས་ཀྱི་སྟེགས་བུའི་༽དཔེ་ཆ་དེ་དེང་རབས་སློབ་གསོའི་ཚད་གཞིར་སོན་པའི་དཔེ་དེབ་ཀྱི་དགའ་རྟགས་ཐོབ་པ་དང་།   མཚོ་སྔོན་རླུང་འཕྲིན་ཁང་སོགས་ནས་གདེངས་འཇོག་ཆེན་པོ་ཐོབ་ཡོད་པར་མ་ཟད། དུས་རབས་དང་མཐུན་པའི་ན་གཞོན་སློབ་གསོ་བ་ཆེན་མོ་ཞེས་ཁོང་ལ་བསྔགས་བརྗོད་གནང་བ་མ་ཟད་བཅར་འདྲི་ཡང་ཡང་གནང་། ༣   རྒྱུན་ཤེས༽དཔེ་ཆ་དེ་དྲ་ལམ་ཀློག་པ་པོ་མང་པོས་ལྷག་ཏུ་དགའ་བསུ་མི་དམན་པ་ཐོབ་པར་མ་ཟད། རྩོམ་པ་པོ་གང་མང་ཞིག་གིས་དོ་སྣང་ཆེན་པོ་བྱ་ཡུལ་གྱི་བརྩམས་ཆོས་ཤིག་ཡིན། ༤    འཚོ་བའི་ལག་རྟེན ༽གྱི་དཔེ་ཆ་འདི་དེང་གི་སྤྱི་ཚོགས་སྟེང་ཆེས་བཀོལ་རྒྱ་ཆེ་བའི་དཔེ་དེབ་ཅིག་ཡིན་པས།  རྒྱལ་ཕྱི་ནང་གི་ཀློག་པ་པོ་ཁྲི་མ་འབུམ་གྱིས་ཧ་ཅང་གདེངས་འཇོག་ཆེན་པོ་བྱེད་བཞིན་པའི་ཁྱད་འཕགས་བརྩམས་ཆོས་ཤིག་ཏུ་གྱུར་ཡོད།    ༢༠༡༥ ལོ་མི་རིགས་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན།   


ལྔ་པ།  བྱ་བའི་བརྒྱུད་རིམ།

      ད་སྔོན་སློབ་གྲྭ་དང་བཤད་གྲྭ་སོགས་ནས་སློབ་གསེང་དུ་རྩོམ་སྒྲིག་པ་དང་ཇུས་འགོད་པའི་བྱ་བ་མང་དུ་བསྒྲུབས་ཏེ་ཕུལ་བྱུང་རྩོམ་སྒྲིག་པའི་མིང་རྟགས་བླངས། ད་ལྟ་བོད་ཀྱི་ཆོས་དང་རིག་གནས་མཐའ་དག་ཕྱོགས་བསྡུ་བྱས་ཏེ་འཛམ་གླིང་ཡོངས་ལ་འགྲེམས་སྤེད་བྱེད་སའི་ཧི་མ་ལའི་རིག་མཛོད་ཁང་ཆེན་མོ་ཞེས་པའི་ལས་ཁུངས་དེའི་གཙོ་འཛིན་གཞོན་པའི་འགན་བཞེས་ཏེ་ཕྱག་ལས་མང་དུ་གནང་བཞིན་ཡོད་པ་དང་།  ཧི་མ་ལའི་དགེ་ལས་ཐེབས་རྩ་ཚོགས་པ་སོགས་སུའང་དགེ་ལས་ཀྱི་བྱ་བ་གཉེར་ནས་ཡོད་ལ། དེ་མིན་ཉེ་ལམ་སྤྱི་ཚོགས་སྟེང་ཆེས་དགའ་བསུ་ཐོབ་པའི་ཧི་མ་ལའི་རིག་མཛོད་དྲ་ཚིགས།   ཀློག་པ་པོ་ཁྲི་སྟོང་གིས་དགའ་བསུ་ཐོབ་པའི་རྒྱུན་ཤེས་འཕྲིན་སྟེགས།  བོད་ཀྱི་ཆོས་རིག་གྱི་རིག་གཞུང་སྣ་ཚོགས་འཕྲུལ་དེབ་གྱི་ལམ་ནས་མཁོ་སྤྲོད་གནང་བཞིན་པའི་འཕྲུལ་དེབ་འཕྲིན་སྟེགས་དང་རིག་མཛོད་འཕྲིན་སྟེགས་སོགས་གཙོ་གཉེར་གནང་བཞིན་ཡོད། ད་དུང་བྱ་བའི་བར་གསེང་ཀུན་ཏུ་དགེ་རྒན་གྱི་ཕྱག་ལས་གནང་བཞིན་ཡོད་པ་དང་།   བོད་ཡུལ་གྱི་ས་ཆ་སོ་སོར་ཕེབས་ཏེ་རིས་མེད་ཡར་སྐུལ་སློབ་གསོ་སོགས་མི་ཁྲི་སྟོང་ལ་སློབ་གསོའི་ཕྱག་ལས་ཀྱང་མི་ཉུང་བ་སྤེལ་གྱིན་ཡོད།  སྤྱི་ཚོགས་ཀྱི་འཚོ་བ་དང་མཐུན་སྒྲིལ་ལ་ཕན་ནུས་ལྡན་པའི་རྩོམ་ཡིག་ཀྱང་མང་དུ་སྤེལ་བཞིན་ཡོད་པས་སྤྱི་ཚོགས་དང་བོད་ཀྱི་ཆོས་རིག་འཕེལ་རྒྱས་ལ་ཁ་བཤད་ཙམ་མིན་པར་དངོས་ཡོད་ལག་ལེན་ལ་བརྩོན་པ་ལྷོད་མེད་གནང་བཞིན་པའི་རླབས་ཆེན་གྱི་མི་སྣ་ཞིག་ཡིན། ད་དུང་མི་མཐུད་དུ་ཁོང་གིས་བོད་ཀྱི་ཆོས་རིག་དར་སྤེལ་དང་གོང་འཕེལ་གྱི་ཆེད་དུ་བྱ་བ་སྣ་ཚོགས་ལ་འཆར་འགོད་བཟོ་བཞིན་འབད་པ་ཁྲི་སྟོང་གིས་བརྩོན་པ་བསྐྱེད་དེ་བསྒྲུབས་དང་སྒྲུབ་བཞིན་ཡོད་པ་ལགས་སོ། །


གཉེར་བ་ཆེན་མོ་བཀྲ་ཤིས་འོད་ཟེར་གྱི་ངོ་སྤྲོད།


བཀྲ་ཤིས་འོད་ཟེར།

       ཨ་དྲེལ་བཀྲ་ཤིས་འོད་ཟེར་ནི་སྤྱི་ལོ ༡༩༧༧ ལོར་ཁ་དཀར་རྐྱང་དང་བྲེ་སེར་འབྲོང་གི་ཕ་ས། ཁྱད་པར་རི་སྐྱེས་གཙོད་དང་རྒོ་བའི་རྩེ་ར། མཚོ་སྔོན་ཡུལ་ཤུལ་ཁུལ་ཆུ་དམར་ལེབ་རྫོང་གི་འབྲོག་ཁྱིམ་ཕལ་བ་ཞིག་ཏུ་ལང་ཚོའི་ལྟེ་ཁྲག་འཕོས། དེ་རྗེས་སྐྱེས་ཆེན་དམ་པ་འགས་སྐུལ་མ་གང་མང་བྱུང་བ་དང་གཞན་རྒྱུ་རྐྱེན་སྣ་ཚོགས་པ་ཞིག་གིས་བསྐུལ་ཏེ་རང་ལོ་བཅུ་གཅིག་སྟེང་འཁོར་བ་ལས་ངེས་པར་འབྱུང་བའི་ཐུགས་འདུན་སྐྱེས་ནས་སེར་ཤུལ་ཁྲི་བ་བློ་བཟང་བསྟན་འཛིན་ལགས་ཀྱི་མདུན་ནས་རབ་བྱུང་དགེ་ཚུལ་གྱི་སྡོམ་པ་མནོས། རང་ལོ་བཅོ་ལྔའི་སྟེང་སི་ཁྲོན་སེར་ཤུལ་རྫོང་ནས་བོད་ཀྱི་གསོ་བ་རིག་པ་ལ་ལེགས་པར་བསླབས། ལོ་བཅུ་དགུའི་སྟེང་ནས་ཨ་དྲེལ་དགོན་པའི་དགེ་བསྐོས་ཀྱི་འགན་ལོ་དྲུག་ལ་ཁུར། ལོ་ཉེར་གསུམ་སྟེང་ནས་དགོན་པའི་དོ་དམ་ཁང་གི་གཙོ་འཛིན་པའི་འགན་བཞེས། དེ་དང་ལྷན་དུ་ཡུལ་ཤུལ་ཆིག་སྒྲིལ་ཡུལ་ཚོའི་མི་དམངས་འཐུས་མི་ལོ་གསུམ་དང༌། ཆུ་དམར་ལེབ་རྫོང་གི་མི་དམངས་འཐུས་མི་ལོ་གསུམ་གྱི་རིང་ལ་བྱས། ༢༠༠༦ ལོར་རྒྱ་གར་དང་བལ་ཡུལ་སོགས་ནང་པའི་གནས་ཆེན་རྣམས་སུ་གནས་མཇལ་དང་གནས་སྐོར་བྱས། ༢༠༠༧ ལོ་ནས་རྫ་དྲེལ་དཀར་དགོན་པའི་སྤྲུལ་ཚེ་རིང་རྡོ་རྗེ་ལ་ལྷག་བསམ་དག་པས་ཞབས་ཕྱི་བྱས་ཤིང༌། ཁོང་གཉིས་མཉམ་འབྲེལ་གྱིས་རླབས་ཆེན་བྱ་བ་མང་པོ་བསྒྲུབས། དྲེལ་དཀར་དགོན་པའི་འདུ་ཁང་བཞེངས། དཔལ་སྤྲུལ་རྡོ་འབུམ་སྟེང་དུ་རྒྱལ་བའི་བཀའ་འགྱུར་དང་ཞི་ཁྲོ་དམ་པ་རིགས་བརྒྱ་རྡོ་ལ་བརྐོས་ཏེ་ཁ་སྣོན་ཞིག་གསོ་བྱས། ལྷ་ལྡན་ཇོ་བོ་ཡིད་བཞིན་ནོར་བུའི་དབུ་རྒྱན་བརྗེས། གུ་རུའི་རྣམ་ཐར་སྟོང་ཐང་ཆེན་མོ་དང༌། ཧི་མ་ལའི་རིག་མཛོད་ཆེན་མོ་སོགས་ལེགས་པའི་བྱ་བ་མང་པོར་ཞུགས།  སྤྱི་ལོ་༢༠༡༠ ལོར་གུ་རུའི་རྣམ་ཐར་ཞིབ་འཇུག་རྒྱུས་ལོན་ཆེད་ཡང་བསྐྱར་རྒྱ་གར་དུ་སོང་ཞིང་དམ་པ་དུ་མར་སྙན་ཞུ་དང་དགོངས་འཆར་བསྡུ་ལེན་བྱེད་རོགས་སོགས་བྱས། གང་ལྟར་མི་འདི་ངོ་སྤྲོད་ཀྱི་སྡོམ་ཚིག་ཅིག་དགོས་ན། བསམ་པ་དཀར་ཞིང་བློ་ཁོག་ཡངས་པ། ངང་བཟང་ཕྱི་ཐག་རིང་ཞིང་གཡོ་སྒྱུ་ཆུང་བ། དྲང་བདེན་དང་རང་ཚུགས་ཐུབ་པའི་གྲྭ་རྐྱང་དཀྱུས་མ་ཞིག་ཡིན་ཞེས་སྨྲ་ནུས། ད་ལྟ་ཧི་མ་ལའི་རིག་མཛོད་ཁང་དུ་ལས་ཁུངས་སྤྱིའི་ནོར་སྲིད་ཁང་དང་། སྒྲིག་འཛིན་སྡེ་ཁག ཞབས་ཕྱིའི་སྡེ་ཁག་སོགས་ཀྱི་ལས་རིགས་དག་གི་འགན་འཛིན་པ་གཙོ་བོ་བྱས་ནས་ཕྱག་ལས་གནང་བཞིན་ཡོད།