གདན་ཞུའི་མི་སྣ། གདན་ཞུའི་མི་སྣ།
འབྱུང་ཁུངས། སྤེལ་མཁན། རྩོམ་པ་པོ།དྲ་ཚིགས་དོ་དམ་པས། སྤེལ་དུས།2016-10-27

མིང༌།    ཚེ་དབང་བཀྲ་ཤིས།

རུས།   འདན་ཤུལ།

ཕ་ཡུལ།   ཡུལ་ཤུལ།

ཆོས་གྲྭ།  གསེར་ཐང་བླ་རུང༌།

ཐོབ་ཐང༌།   མཁན་པོ།

འདན་ཤུལ་བ་ཚེ་དབང་བཀྲ་ཤིས་ནི་སྤྱི་ལོ ༡༩༧༩ ལོར་ཡུལ་ཤུལ་ཁུལ་ཡུལ་ཤུལ་རྫོང་རག་ཤུལ་སྨད་མའི་ཡུལ་ཚོ་ལྷ་ལུང་སྡེ་བ་རུ་སྐྱེས་ཤིང༌། ལོ་ངོ་བདུན་ལ་སོན་སྐབས་ཕ་ཡི་དྲུང་ནས་ཡི་གེའི་སྦྱོར་ཀློག་ལ་སྦྱང་མགོ་བཙུགས་པ་དང༌། རང་ལོ་བཅུ་གཉིས་སྐབས་རང་དགོན་གྱི་འཚོགས་གྲྭལ་དུ་ཞུགས། དེ་ནས་རང་ལོ་བཅུ་བདུན་སྔོན་གྱི་བར་སྐབས་སུ་སློབ་སྦྱོང་གི་གོ་སྐབས་མ་ཐོབ་ཀྱང་གླིང་སྒྲུང་བཅུ་ཕྲག་མང་པོ་དང༌། ཆུ་ངོགས་གཏམ། རྒྱུད་ནུབ་བསྐྱོད་ཟིན་བྲིས། མི་ལའི་རྣམ་ཐར། མདོ་འཛང་བླུན། སྦྲང་ཆར་སོགས་ཀློག་རྒྱུར་ཧ་ཅང་མོས།

     རང་ལོ་བཅུ་བདུན་ཏེ་སྤྱི་ལོ ༡༩༩༥ ལོར་མདོ་ཁམས་སྨད་ཀྱི་གདན་ས་ཆེན་མོ་གསེར་ཐང་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དུ་བསྐྱོད་ནས་ཆོས་དང་རིག་གནས་ཀྱི་སློབ་སྦྱོང་མགོ་ཚུགས། དེ་ནས་བཟུང་བགྲང་བྱ་མང་པོའི་ཡུན་ལ་སྙིགས་དུས་བསྟན་པའི་གསལ་བྱེད་ཆོས་རྗེ་ཡིད་བཞིན་ནོར་བུའི་མདོ་དང་སྔགས་ཀྱི་དབང་ཁྲིད་མན་ངག་གི་གདམས་ཟབ་མཐའ་ཡས་པ་ལ་ལོངས་སུ་སྤྱོད་པའི་སྐལ་བཟང་རྙེད་པ་དང་དུས་མཚུངས་སུ་མཁན་པོ་ཚུལ་ཁྲིམས་བློ་གྲོས་དང་མཁན་པོ་ཚུལ་ཁྲིམས་མཁན་པོ་ཁྱབ་བརྡལ་སོགས་ཀྱི་དྲུང་ནས་ཀྱང་གཞུང་ཁྲིད་དང་གདམས་པ་མང་དུ་ཐོབ།

      སྤྱི་ལོ ༡༩༩༩ ལོར་གནས་དེར་བཀའ་བརྒྱུད་འཛིན་གྲྭ་གསར་འཛུགས་སྐབས་སུ་རྐང་འཛིན་སློབ་གཉེར་པའི་གྲྭལ་དུ་ཞུགས་ཤིང་ལོ་ངོ་བདུན་ལྷག་གི་རིང་དུ་ངེས་པ་དོན་གྱི་དགེ་བའི་བཤེས་གཉེན་དམ་པ་མཁན་པོ་འཆི་མེད་རིག་འཛིན་མཆོག་གི་སྐུ་མདུན་ནས་རིས་སུ་མ་ཆད་པའི་གཞུང་སྤྱི་དང་ཁྱད་པར་དུ་བཀའ་བརྒྱུད་པའི་གཞུང་ཆེན་ཁག་ལ་སྦྱང་བ་ནན་ཏན་བྱས་པ་དང་ཞོར་དུ་བརྡ་སྤྲོད་སྙན་ངག་ལོ་རྒྱུས་བཅས་ལ་ཡང་ཟབ་སྦྱོང་བྱས།

    སྤྱི་ལོ ༢༠༠༦ ལོ་ནས ༢༠༡༣ ལོའི་བར་དུ་རང་གི་སློབ་སྦྱོང་གི་ཞོར་དུ་འཛིན་གྲྭ་དེའི་བདག་གཉེར་དང་དཔེ་ཁྲིད་དགེ་རྒན་གྱི་འགན་བླངས་ཤིང་དུས་སྐབས་དེར་བཀའ་པོད་ལྔ་དང་བརྡ་སྤྲོད་ལོ་རྒྱུས་བཅས་སློབ་གཉེར་པ་དག་ལ་ཟབ་ཁྲིད་བྱས།

    སྤྱི་ལོ ༢༠༠༧ ལོར་ལོ་ངོ་བཅུ་གཅིག་གི་སློབ་སྦྱོང་ཡོངས་སུ་གྲུབ་ནས་གསེར་ཐང་བླ་རུང་ལྔ་རིགས་ནང་བསྟན་སློབ་གླིང་གི་མཁན་པོའི་ཐོབ་ཐང་བླངས་ཤིང༌། སློབ་སྦྱོང་གི་བར་གསེང་དེ་དག་ནས་བྲིས་པའི་བརྩམ་ཆོས་ལ། ནང་པའི་གྲུབ་མཐའི་རྣམ་བཞག་རྒྱལ་དབང་མི་བསྐྱོད་པའི་དགོངས་པ་ལྟར་བཀོད་པ། ལམ་དང་ས་ཡི་རྣམ་བཞག་རྒྱལ་དབང་མི་བསྐྱོད་པའི་དགོངས་པ་ལྟར་བཀོད་པ། ཞུགས་གནས་བརྒྱད་ཀྱི་རྣམ་བཞག་རྒྱལ་དབང་མི་བསྐྱོད་པའི་དགོངས་པ་ལྟར་བཀོད་པ། གྲུབ་མཐའ་དང་ས་ལམ་ལ་ཉེར་མཁོའི་ཟུར་དཔྱད་ཚན་པ་གཉིས། རྟགས་ཀྱི་འཇུག་པའི་མན་ངག་ནོར་བུ་ཕྲེང་བ། ས་མཐའི་ལག་ལེན་གྱི་མཆན། དཀའ་གནད་གསལ་མེ་དང་ལེགས་བཤད་ལྗོན་དབང་གི་འགྲེལ་བ། སུམ་ཅུ་པའི་སྦྱང་གཞི་དྲི་བ་དང་དྲིས་ལན། རྟགས་ཀྱི་འཇུག་པའི་སྦྱང་གཞི་དྲི་བ་དང་དྲིས་ལན། བོད་ཀྱི་ལོ་རྒྱུས་ཀྱི་སྡོང་པོ་དང་དེའི་མཆན་འགྲེལ། གནས་བརྟན་སྡེ་བའི་སྟོན་པའི་འདས་ལོ་བརྩི་ཚུལ། རྒྱ་གར་པ་དང་གནས་བརྟན་པའི་འདས་ལོ་བརྩི་ཚུལ་གྱི་ཁྱད་པར་ལ་དཔྱད་པ། གནས་བརྟན་པའི་འདས་ལོའི་དབང་དུ་བྱས་ཏེ་སྟོན་པ་དང་གཏད་རབས་ཤིང་རྟ་ཆེན་པོ་རྣམས་བྱོན་པའི་ལོ་ཚིགས། མིའི་རིགས་ཀྱི་འཕེལ་འགྱུར་གྱི་ལོ་རྒྱུས་རེའུ་མིག རྟེན་འབྲེལ་ལས་གྲུབ་པའི་འཇིག་རྟེན་ཁམས་ཀྱི་གསང་བ། མིའི་འདོད་ཧམ་དང་སྐྱེ་ཁམས་ཀྱི་འགལ་འདུ། བདེ་སྐྱིད་ཀྱི་འཚོ་བ་དང་ཆོས་ཀྱི་ལོངས་སྤྱོད། འོད་འགྲོས་དང་སྦྱར་ནས་ཕྲ་བའི་མི་རྟག་པ་ལ་དཔྱོད་ཚུལ་སོགས་རྩོམ་ལུས་རིང་ཐུང་ལྔ་བཅུ་ལྷག་ཡོད་དོ། །