གཟའ་ལྷག་པའི་འཆད་ཁྲིད། བོད་ཀྱི་ཆོས་ལུགས་ནི་བོད་མིའི་འཛིན་ཐག་ལྟ་བུ་ཡིན།
འབྱུང་ཁུངས། སྤེལ་མཁན། རྩོམ་པ་པོ།དྲ་ཚིགས་དོ་དམ་པས། སྤེལ་དུས།2016-10-27

 ཧི་མ་ལའི་རིག་མཛོད་ཁང་ཆེན་མོའི་སློབ་གསེང་འཆད་ཁྲིད་ཐེངས་ཉི་ཤུ་བ།

བོད་ཀྱི་ཆོས་ལུགས་ནི་བོད་མིའི་འཛིན་ཐག་ལྟ་བུ་ཡིན།

འཆད་ཁྲིད་པ། ཟླ་བ་འོད་ཟེར།


      མི་རིགས་གང་དང་གང་ཡིན་ཡང་མི་རིགས་དེའི་རིག་གནས་ནི། མི་རིགས་དེའི་བླ་སྲོག་གམ་འཛིན་ཐག་ཡིན། དཔེར་ན། མི་རིགས་ནི་ཕྲེང་བ་ཞིག་ཡིན་པའི་དབང་དུ་བཏང་ན། རིག་གནས་ནི་ཕྲེང་ཐག་ཡིན་པ་ལྟ་བུའོ། །བོད་ཀྱི་རིག་གནས་ཀྱི་ཉིང་བཅུད་ནི་ཆོས་ལུགས་ཡིན་ལ། གལ་ཏེ་ཆོས་ལུགས་མེད་པར་དུ་བཏང་ན་བོད་མི་འཐོར་ཞིག་ཏུ་འགྲོ་བ་སྨོས་མེད་ཡིན། བོད་ལ་ཆོས་ལུགས༼གཅོ་བོར་ནང་ཆོས་ལ་བཤད་ཀྱིན་ཡོད།༽དར་བ་ནས་བཟུང་ད་ལྟའི་བར་དུ། ནང་ཆོས་ཀྱིས་བོད་མིའི་བསམ་བློ་གཅིག་གྱུར་དང༌། མི་གཤིས་ཇེ་ལེགས། ཁོར་ཡུག་སྲུང་སྐྱོབ་སོགས་གང་གི་ཐད་ནས་ཀྱང༌། བོད་མི་རིགས་ལ་ཞབས་འདེགས་མི་ཉུང་བ་ཞིག་ཞུས་ཡོད།

༡ བོད་མིའི་བསམ་བློ་གཅིག་གྱུར་ཟེར་བ་ནི། བོད་མི་མང་ཕྱོགས་ཀྱི་ཆ་ནས་འཇིག་རྟེན་གྱི་ཁམས་འདིར་ལྟོས་ས་བལྟོས་འཇོག་གིས་བཤད་ན། མི་ལ་རབ་འབྲིང་ཐ་གསུམ་དང་། ལས་ལ་དཀར་ནག་ཁྲ་གསུམ་ཡོད་པར་བཤད་ན་ཆོག་གོ །

      དེ་དག་གི་ཁྲོད་ནས་བོད་མི་མང་ཕྱོགས་ལ་བལྟས་ནས་བཤད་ན། མི་རབ་དང་ལས་དཀར་བོའི་རྗེས་སུ་སྙེག་མཁན་གྱི་ཕྱོགས་ནས་བསམ་བློ་གཅིག་གྱུར་བྱུང་ཡོད་པར་བཤད་ཀྱིན་ཡོད། བོད་མི་མང་ཕྱོགས་དེ་ལྟར་དུ་འགྲོ་ཐུབ་པ་ནི་ནང་ཆོས་ཀྱི་བཀའ་དྲིན་ཡིན་ལ། ནང་ཆོས་ཀྱི་བཀའ་དྲིན་ཤེས་པའི་སྒོ་ནས། བོད་མིའི་འཚོ་བ་ནང་ཆོས་དང་ཤ་འདྲེས་པགས་འདྲེས་སུ་གྱུར་པ་རེད།

      དེ་ནི་ཁོ་ཚོས་བཤད་པ་ལྟར་དུ་རྨོངས་དད་ཁོ་ན་ལས་བྱུང་བ་མ་ཡིན་པར། བོད་རང་གི་འཚོ་བའི་ཁྱབ་ཁོངས་ནས་ནང་ཆོས་ལས་བཤད་པའི་དོན་དག་དེ་དག་མངོན་སུམ་དུ་བྱུང་བས་རེད། དེ་བས་བོད་མིའི་འཚོ་བའི་ཁྲོད་དུ་ནང་ཆོས་ནི་འདོར་ཐབས་མེད་པ་ཞིག་ཏུ་གྱུར་ཡོད་དེ། དཔེར་ན། གླུ་དང་གཏམ་དཔེ། གནའ་གཏམ་དང་རྩེད་མཚར་ཆུན་ཚད་ཀྱི་ནང་དུ་དཔེ་དང་དཔེ་ཅན་ལ་སྦྱར་ནས་ནང་ཆོས་དང་འབྲེལ་བའི་མིང་དང་ཚིག ཡང་ན་བརྗོད་བྱ་མང་བོས་ཁྱབ་ཡོད་པ་རེད། དཔེར་ན། སྟོད་དབུས་གཙང་ཆོས་གྲྭ་ནང་ན། །ཟེར་བ་འདྲ་བོ་དང་། སྟོད་དབུས་གཙང་བླ་མ་བློ་མང་རེད། །ཟེར་བ་འདྲ་བོ་དང་། དབུས་སེར་བོའི་ཇོ་བོར་མཇལ་འདོད་ཡོད། །ཟེར་བ་འདྲ་བོ་དང་། ཡང་ན། རྗེ་བླ་མའི་སྐུ་ལུས་དྲང་རུང་། །མགོ་ཞྭ་མེན་དབུ་རྩེ་འཁྱོག་ཡོད། །ཟེར་བ་འདྲ་བོ། ཤིན་ཏུ་མང་བོ་ཡོད་པ་རེད།

              དེ་ལྟར་དུ་ནང་ཆོས་དང་བོད་མིའི་འཚོ་བ་ཆུ་དང་འོ་མ་ནང་བཞིན་དུ་འདྲེས་པ་ཡང་། དོན་དག་མེད་པ་ཞིག་མ་ཡིན་པར། ནང་ཆོས་ལས་བཤད་པའི་དོན་དག་མང་བོ་མང་བོ་ཞིག་ཁོ་ཚོའི་འཚོ་བའི་ཁྲོད་ནས་དངོས་ཐོག་བདེན་པ་ར་འཕྲོད་པ་ལས་བྱུང་བ་ཡིན་ཏེ། དཔེར་ན། ནང་ཆོས་ལས་འགྲོ་བ་སེམས་ཅན་ལ་རྣམ་ཤེས་ཀྱི་སྐྱེ་རྒྱུན་ཡོད་པར་བཤད་པ་ལྟ་བུ་སྟེ། བོད་ཀྱི་བྱིས་པའི་ཁྲོད་དུ་རང་གི་རྣམ་ཤེས་ཀྱི་སྐྱེ་རྒྱུན་སྔོན་མ་ངོས་འཛིན་ཐུབ་མཁན་མང་བོ་ཡོད། ༼དཔེར་ན། རང་ཉིད་དང་རང་འབྲེལ་བའི་བྱིས་པ་གཅིག་བཅས་མི་གཉིས་དཔེར་མཚོན་དུ་བྱས་ནས་སྐྱེ་བ་སྔོན་མ་དྲན་པའི་དངོས་བྱུང་གཏམ་རྒྱུད་གཉིས་གླེང་།༽ གོང་དུ་བཤད་པའི་གནས་ཚུལ་ནི་རྫུན་བཟོ་ཞིག་མ་ཡིན་པར་དོན་དངོས་ཀྱི་གནས་ཚུལ་ཡིན། གནས་ཚུལ་འདི་ནི་མི་ལས་མིར་སྐྱེས་པའི་རྣམ་ཤེས་ཀྱི་གོ་རིམ་རེད།

      ད་དུང་འགྲོ་བ་གཅིག་ལས་འགྲོ་བ་གཞན་ཞིག་ཏུ་སྐྱེས་པ་ཡང་ཡོད་དེ། ༼དངོས་བྱུང་གཏམ་རྒྱུད། བྱ་རྒོད་མིར་སྐྱེས་པ། ༽དེ་ལྟར་དུ། སྡིག་པ་བྱས་ནས་རྣམ་སྨིན་མངོན་སུམ་དུ་འཁོར་ཚུལ༼བྱི་བ་མང་བོ་བསད་ནས་འཆི་ཁར་བྱི་བའི་ལད་མོ་ཤ་སྟག་བྱེད་པའི་འདས་པོ༽། དགེ་བ་བསྒྲུབས་ནས་ལེགས་པའི་ཚོགས་འགྲུབ་ཚུལ།༼དབུལ་བོ་ཞིག་གིས་ཚོང་ལས་སོགས་ཅི་བྱས་ལམ་ལྷོང་མ་བྱུང་བས། ཐ་མར་སྒྲོལ་མའི་མཎྜལ་བཞི་བ་བཏོན་ནས་དབུལ་བོ་ནས་ཕྱུག་པོར་གྱུར་པ།༽གོང་དུ་བཤད་པའི་དངོས་བྱུང་གི་གཏམ་རྒྱུད་འདི་ལྟ་བུ་དམངས་ཁྲོད་ཀྱི་འཚོ་བ་དངོས་ཀྱི་ཁྲོད་ནས་མང་བོ་བྱུང་ཡོད་པ་རེད། བོད་རང་གི་འཚོ་བ་དངོས་ཀྱི་ཁྲོད་དུ་བོད་ཀྱི་བླ་མ་དག་གིས་གསུངས་པའི་ནང་ཆོས་ཀྱི་ནང་གི་དོན་དག་མང་བོ་ཐོད་ཐུག་པས་ད་གཟོད། བླ་མ་དང་ནང་ཆོས་ལ་ཡིད་ཆེས་དང་དད་པ་རྙེད་པ་རེད། བོད་དམུ་རྒོད་གང་གིས་ཀྱང་འདུལ་དཀའ་བ་འདི་ཡང་བཏུལ་ནས་འཇམ་པོ་བལ་ནང་བཞིན་བཏང་བ་ཡོད་པ་རེད། དེ་མ་ཟད་རང་གི་མི་རིགས་དང་རིག་གནས་ཀྱི་ཆེད་དུ། རང་གིས་གཅེས་པའི་ཚེ་སྲོག་ཀྱང་བློས་གཏོང་ཐུབ་པའི་སྐྱེས་བུ་མང་བོ་བྱུང་ཡོད།

      ལྷག་པར་དུ་འདིར་ངོ་སྤྲོད་བྱ་འདོད་པ་ཞིག་ཡོད་པ་ནི། རྒྱལ་དབང་ལྔ་བ་ཆེན་པོའི་སྨན་བླའི་ཆོ་ག་ལས། ཡིད་སྲུབས་གཤེད་གྱུར་ལྷ་ལུང་དཔལ་རྡོ་རྗེ། མངའ་བདག་འོད་སྲུང་། ཞེས་པ་འདི་ནི་སྨན་བླའི་བླ་མ་བརྒྱུད་པའི་ལོ་རྒྱུས་ཤིག་ཡིན་ལ། མངའ་བདག་འོད་སྲུང་གིས་བོད་རང་གི་རིག་གནས་ཀྱི་ཆེད་དུ། རང་གི་ཡབ་གླང་དར་མ་ཨུ་དམ་བཙན་བགྲོངས་མཁན་གྱི་ལག་དམར་ལྷ་ལུང་དཔལ་གྱི་རྡོ་རྗེ་བླ་མར་བསྟེན་པའི་ལོ་རྒྱུས་འདུག་ལྟ་བུ་རེད། ཁ་སང་དེ་རིང་གཞན་གྱིས་གཡོ་སྒྱུ་རྐྱང་རྐྱང་གིས་ཕ་ཁ་གཡས་དང་བུ་ཁ་གཡོན་དུ་སྐོར་བཞིན་ཡོད་པའི་སྐབས་འདི་རུ་ཡང་། ང་ཚོ་ལ་ཁྲིམས་ཞེས་བོད་མི་ཐམས་ཅད་གཅིག་ཏུ་འཛིན་བྱེད་ཅིག་མེད་ཀྱང་། བླ་མ་གཅིག་གི་མངའ་འོག་ཏུ་དད་པ་དང་དམ་ཚིག་གཙང་མས་བཟུང་ནས་བསྡད་པ་ཡོད་འདི་ཡང་ནང་ཆོས་ཀྱི་གྲུབ་འབྲས་བླ་ན་མེད་པ་ཞིག་གོ །

      ལྷོ་ཨ་ཧྥུའུ་རུ་ཁ་རུ་གཡུ་དཀར་གྱི་པགས་པ་བཀག་འགོག་གི་ཆེད་དུ་གཞུང་སྒེར་མང་བོས་བརྩོན་པ་བརྒྱ་ཕྲག་བསྐྱེད་ནས། ད་གཟོད་ལས་དོན་འགྲུབ་པ་ཡིན་ན། ཧི་མ་ལ་ཡའི་ལྟག་རྒྱབ་ནས་ནང་ཆོས་མཁན་པོ་ཞིག་གིས་སྐད་ཅིག་སྐུར་བ་ཙམ་གྱིས། ང་ཚོས་མི་རབས་ནས་མི་རབས་སུ་བསགས་པའི་རྒྱུ་དངོས་རྩལ་ཆེན་དུ་རློམ་པའི་སྟག་གཟིག་སྲམ་སོགས་ཀྱི་པགས་པ་སྒོར་ཁྲི་ཕྲག་དུ་མའི་མ་རྩ་ཕངས་མེད་དུ་མེར་སྲེག་ཐུབ་པ་འདི་ལ་འདང་རེ་བརྒྱབས་ན། ནང་ཆོས་ཀྱི་ནུས་པ་ནི་ཧ་ལས་པ་ཞིག་མ་རེད་དམ།

      ༢ མི་གཤིས་ཇེ་ལེགས་ཟེར་བ་ནི། རང་ཉིད་ཁོ་ན་ལས་སྤྱི་དང་གཞན་ལ་བསམ་བློ་མི་གཏོང་བར་གནོད་པའི་ལས་ཁོ་ན་དོན་དུ་གཉེར་བ་སྟེ། སྲོག་ཆགས་གདུག་པ་ཅན་གཟན་གཅན་ལྟ་བུ་ལས། བླང་དོར་གྱི་བློ་སྒོ་རྣམ་པར་ཕྱེས་ཏེ། རང་གཞན་ཀུན་གྱིས་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པའི་གནས་ལུགས་ཀྱིས་ཕྱུག་པས། ཐ་ན་དགྲ་ལའང་རྣམ་པར་འཚེ་བའི་བྱ་བ་མེད་པར་གནོད་པས་མི་འདུལ་བར་བརྩེ་བ་ཤ་སྟག་གིས་འདུལ་མཁས་པ། ལྷག་པར་དུ་མངོན་ལྐོག་མེད་པའི་བྱ་སྤྱོད་ཀྱིས་རང་གི་སེམས་ཀྱང་འཆི་ཁར་བདེ་ལ་འབབ་ཐུབ་པ། དུས་རྒྱུན་དུ་ངན་སེམས་ཀྱིས་རང་ཉིད་མནར་བ་མེད་པའི་རྟགས་མཚན་དུ་ངོ་གདོང་འཛུམ་གྱིས་ཁེངས་པའི་མི་རིགས་ཤིག་སྟེ། ཕ་མ་དང་ཡ་རབས་རྒན་པ་སོགས་ལ་བཀུར་སྟི་ཡོད་པ། བྱིས་པ་སོགས་ཆུང་བར་བྱམས་སྐྱོང་མངའ་བ། ལས་རྒྱུ་འབྲས་ལ་ཡིད་ཆེས་བརྟན་པོ་ཡོད་པ། ལས་ཀྱི་རྣམ་པར་སྨིན་པ་ས་ལ་མི་སྨིན། རྡོ་ལ་མི་སྨིན། སྲུན་བུའི་ཕུང་བོ་རང་ལ་སྨིན་པ་ཤེས་མཁན་འདི་ལྟ་བུ་རེད།      

      ༣ ཁོར་ཡུག་སྲུང་སྐྱོབ་ཟེར་བ་ནི། ཆུ་ཀླུང་ཐམས་ཅད་ཀླུའི་གནས་ཡུལ་དང་། རི་དྭགས་ཐམས་ཅད་གཞི་བདག་གི་སྒོ་ཟོག ནགས་ཀློང་གང་བཟང་གནས་བདག་གི་བླ་ཤིང་དུ་ངོས་བཟུང་ནས། ཆུ་མི་སྦགས་པ། རི་དྭགས་མི་གསོད་པ། ཤིང་མི་གཅོད་པ། རི་མི་སློག་བ་སོགས་ཁོར་ཡུག་ལ་ཕན་པའི་ལས་ཁོ་ན་དོན་དུ་གཉེར་བ། ལྟ་བུའོ། །

      དུས་ཚོད་ཀྱིས་ཚད་བཀག་རང་བཞིན་གྱིས་འདི་ནས་མཚམས་འཇོག་གོ །