གཟའ་ལྷག་པའི་འཆད་ཁྲིད། ད་ལྟའི་ང་ཚོའི་གནས་བབ།
འབྱུང་ཁུངས། སྤེལ་མཁན། རྩོམ་པ་པོ།དྲ་ཚིགས་དོ་དམ་པས། སྤེལ་དུས།2016-10-27

ཧི་མ་ལའི་རིག་མཛོད་ཁང་ཆེན་མོའི་སློབ་གསེང་འཆད་ཁྲིད་ཐེངས་བཅུ་བདུན་པ།

ད་ལྟའི་ང་ཚོའི་གནས་བབ།

འཆད་ཁྲིད་པ། རྡོ་རྗེ་དབང་རྒྱལ།


ད་དེ་རིང་ཧི་མ་ལའི་སློབ་གསེང་འཆད་ཁྲིད་ཀྱི་འགོ་ཁྲིད་རྣམ་པས་ང་ལ་འདི་འདྲའི་གོ་སྐབས་ཤིག་གནང་བར་ཐོག་མར་བཀའ་དྲིན་ཞུ་བ་དང་ཆབས་ཅིག་ཏུ་ལས་གྲོགས་ཡོངས་ལ་འཚམ་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ།

      འཆད་ཁྲིད་ཀྱི་སྒྲིག་ལམ་ལྟར་ན་སྐར་མ་སུམ་ཅུར་འཆད་ཁྲིད་དང་སྐར་མ་སུམ་ཅུར་དྲི་བ་དྲིས་ལན་གྱི་དུས་ཚོད་བགོས་ཡོད་ས་རེད། དེ་ཡིན་ན་ངས་ཀྱང་སྒྲིག་ལམ་ནང་བཞིན་འཆད་ཁྲིད་དང་དེའི་འོག་ནས་དྲི་བ་དྲིས་ལན་བྱས་ན་འགྲིག་གི་རེད་སྙམ། དྲི་བ་དྲིས་ལན་གྱི་སྐབས་སུ་དྲི་བ་དྲིས་ན་ཡང་ཆོག དགག་པ་རྒྱབ་ན་ཡང་ཆོག ཐ་ན་སྐྱོན་བརྗོད་བྱས་ནའང་ཆོག དེ་ཚང་མ་འཆད་ཁྲིད་འདི་རང་དབང་དང་བརྗོད་གཞི་འདི་འཐུས་ཚང་ཡོང་བའི་ཆེད་དུ་ཡིན། བཀའ་དྲིན་ཆེ།

      དེ་རིང་ངས་འདི་ནས༼ད་ལྟའི་ང་ཚོའི་གནས་བབ༽ཅེས་པ་འདི་འདྲ་ཞིག་གི་ཐོག་ནས་བཤད་བསམ་གྱིན་ཡོད། དེ་ཡང་ད་ལྟའི་ང་ཚོའི་བོད་ལ་སྡེ་ཁག་ཅིག་ཕྱེ་འོང་ན་དགོན་སྡེ་ན་ཡོད་པའི་གྲྭ་བའི་སྡེ་དང་དེ་མ་ཡིན་པའི་མང་ཚོགས་ཀྱི་སྡེ་འདི་གཉིས་ཀ་རེད།

      དང་པོ་དེ་ཡིན་ན། འུ་ཅག་ལ་འདི་འདྲའི་སྡོམ་ཚིག་ཞིག་ཡོད་པ་ནི། སྔོན་ཡིན་ན་གྲྭ་བ་རྣམས་ཀྱིས་ལྟ་བ་དང་ལྟ་བའི་ཆེད་དུ་རྩོད། ཁྱིམ་པ་རྣམས་ཀྱིས་འཚོ་བ་དང་འཚོ་བའི་ཆེད་དུ་རྩོད་ཀྱིན་ཡོད་པ་རེད། དེང་སྐབས་དེ་ལས་ལྡོག་ཏེ། གྲྭ་བ་རྣམས་ཀྱིས་འཚོ་བ་དང་འཚོ་བའི་ཆེད་དུ་རྩོད། ཁྱིམ་པ་རྣམས་ཀྱིས་ལྟ་བ་དང་ལྟ་བའི་ཆེད་དུ་རྩོད་ཀྱིན་ཡོད་པ་རེད། ཅེས་པ་ཞིག་བཤད་གིན་འདུག དེ་ཡིན་དུས་ངས་དེ་རིང་འདི་ནས་གྲྭ་བ་རྣམས་ལ་བཤད་པ་སྐབས་སུ་བབ་མེད་པ་འདྲ་བས། ཅང་མི་བཤད་རྒྱུ་ཡིན། ངས་ཁོ་ཚོ་ལ་རེ་སྐུལ་ཅིག་ཡོད་པ་ནི། རང་ཉིད་ལམ་ག་གང་ལ་ཞུགས་ཡོད་པའི་ནང་བསྟན་གྱི་ལྟ་བ་དང་གྲུབ་མཐའ་ལ་ཞབས་འདེགས་རེ་ཞུ་བར་རེ་སྐུལ་ཡིན།

      དེ་ལའང་མང་ཚོགས་རྣམས་ཀྱིས་ལྟ་བ་རྩོད་ཅེས་འོང་དུས་ཁོ་ཚོས་རྩོད་པ་ནི་ལྟ་བའི་ཕྱོགས་ལྷུང་སྟེ། དགོན་སྡེ་དང་བླ་མ་གྲྭ་བ་ག་གེ་མོ་རེ་འདི་བཟང་དང་འདི་ངན་གྱི་རྩོད་སློང་བྱས་ཏེ་གྲོགས་པོ་ཕན་ཚུན་དང་། རུ་སྐོར་སྡེ་བ་ཕྱོགས་ཀ་སོགས་ལ་ནང་དམེ་དང་འཁྲིག་སློང་སོགས་མང་པོ་བྱེད་བཞིན་ཡོད་པ་འདི་རྒྱུན་འབྱམས་སུ་འགྲོ་ཡི་འདུག་པས་ངོ་མ་ཡ་ང་བ་དང་ཡིད་ཕངས་པ་ཞིག་རེད་འང་། ང་ཚོས་རང་ཉིད་ཀྱི་འཚོ་བ་བསྐྱུར་ཏེ་གཞན་གྱི་ལྟ་བ་དང་གྲུབ་མཐའ་རྩོད་པའི་གནས་བབ་འདི་ནི་བོད་གྱོང་གུད་དུ་འགྲོ་བའི་དུག་ནད་ཅིག་རེད་བསམ་གྱིན་ཡོད།

      གཉིས་པ་མང་ཚོགས་ཀྱི་སྡེ་དེ་ལ་ནི་གཉིས་ཙམ་དུ་དབྱེ་ན། ཡིག་རྨོངས་པའི་སྡེ་དང་རིག་གནས་པའི་སྡེ་གཉིས་སུ་འདུ་སྙམ། དེ་ཡང་དང་པོ་ཡིག་རྨོངས་པའི་སྡེ་དེ་ཚོ་ལ་ཕར་བལྟས་ན་རོང་འབྲོག་གང་ཡིན་ནའང་འཚོ་བ་བདེ་ཞིང་མདངས་རྒྱག་མེད་ལ་ཟ་བདེ་གཉིད་སྐྱིད་འདྲ་བའི་སྐྱིད་སྣང་ཞིག་ཡོད་པ་འདི། སྣ་གཅིག་ནས་བཤད་ན་དེ་ནི་བདེ་སྐྱིད་ཅིག་རེད་དེ། སྣ་གཅིག་ནས་བལྟས་ན་དུས་རབས་འགྱུར་ནས་འགྲོ་བ་ལ་ང་ཚོ་ནི་ད་དུང་གདོད་མའི་འཚོ་བ་འདི་ལྟ་བུ་ཞིག་རོལ་ཏེ་བསྡད་ཡོང་དུས་འདིའང་ང་ཚོའི་རྗེས་ལུས་ཀྱི་འགག་རྩ་ཞིག་ལ་ཐུག་ཡོད་པར་འདོད་ཡོད། དེ་གནད་འགག་ཅིག་ཡིན་སྙམ།

      དེ་ནས་རིག་གནས་པའི་སྡེ་ཞེས་ནའང་མི་འདུག་ཏེ། ཡི་གེ་གཟུགས་ལ་བརྟེན་ནས་དོན་གོ་བའི་རིག་པའི་གནས་ལ་སྦྱོང་བཞིན་པ་དང་སྦྱང་ཟིན་པའི་རིག་གནས་པའི་སྡེ་དེ་དག་ལ་ཚང་དགོས་པའི་ཆ་རྐྱེན་འགའ་རེ་བཏོན་ན། ༼གཞན་ནས་བཤུས།༽ སྤྱི་གཞུང་དོ་ཁུར་གྱི་རང་བཞིན། དོགས་སློང་དགག་སྒྲུབ་སྙིང་སྟོབས། རྒྱུ་འབྲས་བློ་མིག སྤྱི་ཚོགས་ལ་འཇུག་པའི་ཧུར་བརྩོན། རང་སྐྱ་ཐུབ་པའི་འགྲེང་ཚུགས་བཅས་དགོས་ཞེས་པ་འདི་ནི་ལེགས་བཤད་དུ་འཁུམ་ཡོད། དེ་ཡང་འདིའི་སྟེང་ནས་བཤད་ན།

      དང་པོ་སྤྱི་གཞུང་དོ་ཁུར་གྱི་རང་བཞིན་དེ་ལ་ནི་སྤྱི་སེམས་ཆེ་ཞིང་སྒེར་སེམས་ཆུང་བ་ལ་གོ་ཡི་ཡོད། དཔེར་ན་རང་ལ་བལྟས་ན་རང་གི་ཚོགས་པ་དེ་གཙོ་བ། དེ་ལས་གཞུང་། དེ་ལས་རང་གི་མི་རིགས། མདོར་དེད་ན་རང་ཉིད་མི་ཡིན་པ་འདི་དོན་ལྡན་ཞིག་འོང་དགོས་དུས་མི་སྒེར་དང་རང་ཉིད་ཁོ་ན་ཡི་དོན་དུའམ་ཆེད་དུ་མི་གསོན་རོགས་ཞེས་པ་དེ་ཡིན།

      གཉིས་པ་དོགས་སློང་དགག་སྒྲུབ་ཀྱི་སྙིང་སྟོབས་ཞེས་པ་འདི་ལ་དེང་སང་ཆེད་དུ་གཉེར་གྱིན་འདུག་པའང་ཡོད་པར་མཐོང་སྟེ། དེའི་སྟེང་ནས་ཅུང་ཟད་བཤད་ན། དོགས་སློང་ཞེས་པ་འདི་ནི་མི་བུ་དང་གཞུང་ལུགས་ག་གེ་མོ་ཞིག་གིས་གཏན་ལ་ཕབས་བཞག་པ་ཙམ་གྱིས་མི་འཇོག་པར། དེའི་སྟེང་ནས་གནས་ལུགས་ཡོད་མེད། དོན་དམ་གྱི་ངོ་བོ་ཞིག་ཡིན་མིན། བདེན་དོན་ཞིག་བརྗོད་ཀྱིན་ཡོད་མེད་སོགས་ལ་རང་གི་བློ་འཇུག་པ་དེ་ཡིན། དགག་སྒྲུབ་ནི། དེ་ཡིས་དོན་དམ་གྱི་གནས་ལུགས་དང་བདེན་དོན་ཞིག་བརྗོད་ཀྱིན་ཡོད་མེད་ཀྱི་སྟེང་ནས། དེའི་གཞུང་ལུགས་དང་མི་བུ་སུ་དང་སུ་ཡིན་ནའང་གནས་ལུགས་དང་ངོ་བོའི་རང་བཞིན་ཞིག་བརྗོད་ཀྱིན་ཡོད་པ་དེ་སྒྲུབ་པ་དང་དེ་མ་ཡིན་པ་ལ་དགག་པའི་སྙིང་སྟོབས་དེ་ང་ཚོ་ལ་ངེས་པར་དུ་ཡོད་དགོས་སྙམ། དེ་ཡང་འདིའི་སྙིང་སྟོབས་གཙོ་བོ་ནི་རང་ཉིད་ཚོགས་པ་དེ་དང་དེའི་ཕྱི་རོལ་ནས་ཁ་ཕྱིར་འཁོར་ནས་ལྟ་དུས་ད་བཟོད་དོན་དམ་གྱི་དོགས་སློང་གི་ཚོར་བ་ཞིག་སྐྱེ་ཐུབ་སྙམ་གིན་ཡོད།

      གསུམ་པ་རྒྱུ་འབྲས་བློ་མིག་ཞེས་པ་འདི་ནི་དེང་སང་གི་ཤེས་ཡོན་པ་མང་པོ་ཞིག་གིས་ལབ་ཀྱིན་འདུག དེ་ནི་བདེན་དོན་གྱི་ཆེད་དུ་མི་རིགས་དེ་དང་རིག་གཞུང་དེའི་ཉམས་གུད་དང་དེའི་འགན་འཁྲི་ཕྲག་སྟེང་དུ་ལེན་མུས་ཀྱི་མི་བུ་སུ་དང་གང་ཡིན་པ་དེ་ལ་ནི་རྒྱུ་འབྲས་བློ་མིག་ཡོད་ཅེས་སྨྲ་ཐུབ་པ་རེད་སྙམ། དེའི་སྟེང་ནས་རང་ཉིད་མི་འདི་ལྟ་བུ་ཞིག་ཏུ་གྱུར་པ་ལ་ནམ་རྒྱུན་གྱི་བཅའ་ཕྱོགས་ལས་ཕྱོགས་གཏམ་ཕྱོགས་སོགས་རྒྱུ་འབྲས་དྲང་སྙོམས་ཤིག་དང་རང་ཉིད་ཤེས་ཡོན་པ་ཡིན་པའི་རྟགས་ཤིག་མངོན་དགོས་པ་རེད། དཔེར་ན་ང་རང་ཚོའི་མི་རིགས་མ་ཡིན་པའི་རྒྱ་མི་རིགས་དང་ཕྱིའི་རྒྱལ་ཁབ་ཀྱི་མི་བུ་ཚོས་རང་གིས་བདེན་དོན་བརྩད་དེ་རང་མི་རིགས་ལ་རྒྱབ་སྐྱོར་གྱིས་བདེན་དོན་རྩོད་ཀྱིན་ཡོད་པ་ལྟ་བུའོ། །འདི་ནས་མི་བུའི་ཐོབ་ཐང་དང་འདྲ་མཉམ་གྱི་སྐོར་ཅུང་བཤད་རྒྱུ་ཡོད་ཀྱང་དེ་སྔོན་སྐུ་ཞབས་པཎ་ཆེན་རྒྱལ་ལགས་ཀྱིས་གསུངས་ཡོད་པས་ང་ལའང་དེ་ལས་གཞན་པ་བཤད་རྒྱུ་མེད།

      བཞི་པ་སྤྱི་ཚོགས་ལ་འཇུག་པའི་ཧུར་བརྩོན། དེ་ནི་རང་ཉིད་ད་ལྟ་ཞུགས་ཡོད་སའི་སྤྱི་ཚོགས་འདིའི་ནང་དུ་ལས་ཁུངས་དང་རང་ཉིད་ཀྱིས་བྱ་བ་ཅི་ཞིག་གཉེར་གྱིན་ཡོད་པ་སོགས་ལ་ཡོན་ཏན་ཏུ་མཐོང་ནས་དེའི་སྟེང་དུ་གྲུབ་འབྲས་ཕུན་སུམ་ཚོགས་པ་ཞིག་འོང་བ་ལ་གོ ལས་ཀ་དེ་དག་ཀྱང་སྔོན་གྱི་དེ་བསྐྱར་བཟོ་ཏག་ཏག་མ་ཡིན་པར་གསར་གཏོད་ཀྱི་རྣམ་པ་རེ་འོང་ན་ངོ་མ་ཧུར་བརྩོན་གྱི་འབྲས་བུ་ཐོན་སོང་བ་རེད། འདི་ལ་སྡོམ་ཚིག་ཅིག་བཀོད་ཡོད་པ་ནི་བཟོ་བསྐྲུན་པ་གཅིག་བསྐྱར་བཟོ་བ་སྟོང་ལས་ལྷག་ཅེས་པ་དང་། གསར་གཏོད་མེད་ས་ན་འཕེལ་རྒྱས་ཞེས་པ་གཞལ་ཡང་མེད་ཅེས་པ་བཞིན་གསར་གཏོད་མེད་ན་དེ་སྔོན་གྱི་དེ་ག་རང་ཡིན་པ་བཞིན་ནོ། །མདོར་ན་རང་གིས་བྱས་པའི་ལས་འདི་ལ་ཕུལ་ཏུ་བྱུང་བའི་འབྲས་བུ་ཞིག་མངོན་ཡོང་དུས་རང་ཉིད་བློ་འགྱོད་མེད་པ་ཞིག་ཡིན་ན་ད་གཟོད་སྤྱི་ཚོགས་ལ་འཇུག་པའི་ཧུར་བརྩོན་ཞེས་པ་འདི་ཡི་དོན་གོ་ཆོད་སོང་བ་རེད་སྙམ་གྱིན་ཡོད།

      ལྔ་པ་རང་སྐྱ་ཐུབ་པའི་འགྲེང་ཚུགས་ཞེས་པ་འདི་རེད། འགྲེང་ཚུགས་འདི་ནི་ང་ཚོ་ལ་ངེས་པར་དུ་ཡོད་དགོས་པ་ཞིག་རེད་སྙམ་གིན་ཡོད། རྒྱུ་མཚན་ཅིའི་ཕྱིར་ཞེ་ན་འདི་ནི་རང་ཉིད་ཆེས་སྤྱིར་གཏང་གི་མི་བུ་ཞིག་ནས། ཆེས་ཕུལ་ཏུ་བྱུང་བའི་བསམ་བློ་བ་ཞིག་ལ་འགྱུར་བ་དང་། རང་ཉིད་ཀྱི་འཇོན་ནུས་ཕྱི་རུ་ངོམས་ཐུབ་པའི་འཁྱོག་བསྒྱུར་ཆེས་ལེགས་ཤོས་ཀྱི་དཀྱོག་མཚམས་ཤིག ད་དུང་རང་ཉིད་ཀྱི་ཕུགས་འདུན་ལ་ཏན་ཏན་ཕན་ཐོགས་པའི་གཞི་རྩའི་རིན་ཐང་ཞིག་ཏུ་ངོས་འཛིན་གྱིན་ཡོད། དེ་ལས་ནི་རང་ཉིད་སྣོག་རྫུ་འཕྲུལ་གསུམ་དང་། གཡོ་སྒྱུ་ཁྲམ་གསུམ་གྱི་གཞན་དབང་དུ་མི་འགྲོ་བར་རང་ཉིད་ཀྱིས་རང་གི་བསམ་གཞིག་གི་སྒོ་འཕར་ཡངས་པོ་དེ་འབྱེད་ཐུབ་པའི་བརྟུལ་ཕོད་དཔའ་བརྟན་ཅན་ཞིག་ཏུ་འགྱུར་ཐུབ་རྒྱུ་རེད་སྙམ། མདོར་དེད་ན་ང་ཚོའི་རང་མགོ་རང་ཐོན་དང་རང་གི་རྐང་པའི་ཐོག་ནས་རང་ཉིད་ལངས་ཐུབ་པར་གྱིས་ཞེས་པ་དེ་ཡིན།

      མདོར་བསྡུས་ཞིག་བཤད་ན་ང་ཚོ་ཚང་མས་ཤེས་གསལ་ལྟར་དེང་དུས་ཀྱི་དུས་རབས་ནི་དུས་རབས་བཅུ་དགུ་དང་ཉི་ཤུ་ལས་བརྒལ་ཏེ་དུས་རབས་ཉེར་གཅིག་པ་འདི་འདྲ་ཞིག་ལ་སླེབས་ཡོད་དུས་བསམ་བློ་དང་གང་ཅིའི་སྟེང་ནས་རང་ཉིད་ཀྱིས་ཀྱང་དུས་རབས་ཀྱི་རྗེས་ཆོད་པ་ཞིག་བྱེད་དགོས་ཞེས་སྐུལ་མ་དང་བཅས་མཇུག་བསྡུ་རྒྱུ་ཡིན། བཀའ་དྲིན་ཆེ།