གཟའ་ལྷག་པའི་འཆད་ཁྲིད། ཚེ་སྲོག་ལས་འགངས་ཆེན་གཅིག
འབྱུང་ཁུངས། སྤེལ་མཁན། རྩོམ་པ་པོ།དྲ་ཚིགས་དོ་དམ་པས། སྤེལ་དུས།2016-10-27

ཧི་མ་ལའི་རིག་མཛོད་ཁང་ཆེན་མོའི་སློབ་གསེང་འཆད་ཁྲིད་ཐེངས་བཅོ་ལྔ་བ། 

ཚེ་སྲོག་ལས་འགངས་ཆེན་གཅིག

འཆད་ཁྲིད་པ།  རིག་མཛོད་ཁང་གི་གཙོ་འཛིན་གཞོན་པ།  རྨེ་གྲྭ ཚེ་རིང་བསམ་འགྲུབ།



      རྣམ་པ་ཚོ་དགོང་མོ་བདེ་ལེགས། དེ་དགོང་གི་ཧི་མ་ལའི་སློབ་གསེང་འཆད་ཁྲིད་སྐབས་བཅོ་ལྔ་པའི་ཁྲིད་བྱའི་ཁ་བྱང་ནི༼ཚེ་སྲོག་ལས་འགངས་ཆེན་གཅིག༽ཅེས་པའི་ཁ་བྱང་འདི་སྟེང་ནས་ཁྲིད་རྒྱུ་ཡིན། དེས་ན་སྔོན་དུ་ངས་རྣམ་པ་ལྷན་རྒྱས་ལ་གནའ་གཏམ་ཞིག་བཤད། འདི་ནས་ཁྲིད་བྱ་དང་འབྲེལ་ཡོད་ཀྱི་གཏམ་རྒྱུད་ཅིག་མཐོང་སོང་། དེ་ནི་ཤེས་བར་གྱིས་ཕྱུག་པའི་བགྲེས་པོ་ཡོན་ཏན་པ་ཞིག་དང་ཧ་ཅང་དབུལ་ཕོངས་ཡིན་པའི་གཞོན་ནུ་གཉིས་ལམ་བར་ནས་འཕྲད། གཞོན་ནུ་ཡི་ངོ་གདོང་ལ་ཟད་མི་ཤེས་པའི་སྡུག་བསྔལ་གྱིས་ནོན་འདུག་པ་མཐོང་ནས་རྒན་པོས་འདི་སྐད་དྲིས། གཞོན་ནུ་ལགས་དོན་མི་ལེགས་པ་ཇི་ཞིག་གིས་ཁྱོད་ཀྱིས་སེམས་འདི་འདྲ་སྡུག་བསྔལ་བར་གྱུར་བ་ཡིན་ཞེས་བཤད།

      གཞོན་ནུས་ཤུགས་རིང་ནར་ནར་འབྱིན་བཞིན་ང་ནི་མིང་དོན་མཚུངས་བའི་དབུལ་བོ་དབུལ་རྐྱང་ཞིག་ཡིན། ང་ལ་ནི་འདུག་སའི་ཁྱིམ་མེད། འགྲོགས་སའི་བཟའ་ཟླ་མེད། ད་ལྟ་སྤྱོད་རྒྱུའི་རྒྱུ་མེད། རྗེས་སུ་གཉོར་མཁན་གྱི་བུ་མེད། བྱ་བ་གང་བྱས་ལམ་དུ་མི་འགྲོ། ད་ནི་ཉིན་རེའི་ལྟོ་རྒྱབ་ཀྱང་འགྲོ་དཀའ་མོ་རེད། སེམས་སྤྲོ་བོ་ཞིག་མཆིས་སམ་ཞེས་བཤད་བཞིན་ངུ་ཤུམ་ཤུམ་དུ་བྱས་ཙ་ན། བགྲེས་པོ་དེས་ཧ་ཧ་ཧ་་་་་ཞེས་ཧབ་ཆ་ཆེན་པོ་ཞིག་བརྒྱབ། གཞོན་ནུ་ལྷག་ཏུ་ཁྲོས་ནས་ཡོན་ཏན་པ་འདི་ཚོ་ལ་སྙིང་རྗེ་ཡོད་རབས་ཟེར། ད་ནི་དབུལ་བོ་ཉམས་ཐག་ང་ལྟ་བུ་འཕྱ་བ་ནི་འོས་སམ་སྙམ་ནས་ལྷག་ཏུ་ཡིད་རྨུས་པར་གྱུར། བགྲེས་པོས་སྣང་ཚུལ་དེ་ཤེས་ནས། གཞོན་ནུ་ལགས་ཁྱོད་ནི་བགྲེས་པོ་ང་ལྟ་བུ་ལྷང་ལྷང་དུ་དགོད་པར་རིགས་ཞེས་པར། ཅི་ཡིན་ཟེར་ན་ཁྱོད་ནི་ཨ་སྒོར་ས་ཡ་གཅིག་གི་བདག་པོ་ཡིན་པས་ལྷག་ཏུ་དགའ་ན་འགྲིག་ཅེས་བཤད་མ་ཐགགཞོན་ནུ་ཀུན་ཏུ་ཡིད་མ་རངས་ནས་ཁྱོད་ཀྱིས་ང་ལ་ཅི་ཕྱིར་བརྙས་དམོད་འདི་འདྲ་བཏང་བ་ཡིན་ཞེས་ཚིག་པ་ཟ་ཞོར་དུ་ལ་མོར་འགྲོ་བར་བརྩམས། བགྲེས་པོས་ལམ་བཀག་ནས་དེས་ན་ངས་ཁྱོད་ལ་དྲི་བ་འགའ་འདྲི། གལ་ཏེ་ངས་ཨ་སྒོར་འབུམ་གཉིས་བྱིན་ཏེ་ཁྱོད་ཀྱི་ལུས་པོའི་བདེ་ཐང་ཉོ་བསམ་ན་ཁྱོད་ཀྱིས་འཚོང་སམ་ཞེས་པས། གཞོན་ནུས་བསམ་བློ་ཅུང་བཏང་སྟེ་དེ་བཙོང་མི་འདོད་ཅེས་སྨྲས། མི་མཐུད་དུ་འོ་ན་ངས་ཨ་སྒོར་འབུམ་གཉིས་བྱིན་དེ་ཁྱོད་ཀྱི་གཞོན་ནུའི་ལང་ཚོ་ཉོ་བསམ་ན་འཚོང་སམ་ཞེས་པས། གཞོན་ནུས་ཅུང་བསམ་བློ་བཏང་བ་ན། གལ་ཏེ་འཚོང་ཟེར་ན་ཁྱོད་རང་སྐད་ཅིག་ལ་ང་རང་ལྟ་བུའི་བགྲེས་པོ་ཞིག་ཏུ་གྱུར་འགྲོ་བ་རེད་ཅེས་པས་དེ་མ་ཐགའོ་དེ་འདྲ་ཡིན་དུས་བཙོང་མི་འདོད་ཟེར། དེ་བཞིན་མཛེས་ཤིང་སྡུག་པའི་བྱད། བློ་གྲོས་དང་ཤེས་རབ་སོགས་རང་གི་ལུས་སྟེང་ན་ཡོད་པའི་ཁྱད་ཆོས་དག་བསྟུད་མར་འཚོང་ངམ་ཞེས་དྲིས་པ་ན་བསམ་བློ་རེ་བཏང་ནས་མཐར་གཅིག་ཀྱང་བཙོང་ན་མ་འདོད་པའི་ལན་སྟེར། བགྲེས་པོ་ན་རེ་དེས་ན་ཁྱོད་ཨ་སྒོར་ས་ཡ་གཅིག་གི་བདག་པོ་མ་ཡིན་ནམ། ཨ་སྒོར་ས་ཡ་གཅིག་གི་ཁྱོད་ཀྱི་ལུས་སྟེང་གི་དངོས་པོ་གཅིག་ཀྱང་བླུ་མ་ཐུབ་ཅེས་ལབ་པ་ན།

      གཞོན་ནུའི་སྐད་ཆ་དེ་ཐོས་པ་ན། རེད་ངོ་མ་རེད། ང་རང་ལུས་པོ་ནི་བདེ། བློ་རིག་ནི་བཀྲ། ལང་ཚོ་ནི་དར། བྱད་བཞིན་ནི་ཡག འདི་དག་ནི་ངོ་མ་རིན་ཐང་བྲལ་བའི་སྒོར་མོ་རེད་སྙམ་ནས། ཡར་བསམ་མར་བསམ་ཁོ་གཉིད་སད་པ་ལྟར་ཡིད་རབ་ཏུ་སྤྲོ་ནས་བསམ་བློ་གསར་བ་ཞིག་གི་ཞིང་ཁམས་ཉུལ་ནས་ཁོ་དེ་ནས་བཟུང་ལམ་ག་གསར་བ་ཞིག་ལ་ཁྲིད་མགོ་བརྩམས་སོང་བར་གྲགས།

      དཔེར་མཚོན་ན་ལོ་ཏོག་ས་ཞིང་ལས་བྱུང་བ་ལྟར་གཅེས་པའི་ཚེ་སྲོག་ནི་བདེ་ཐང་ལས་བྱུང་བ་ཡིན་པས་ཚེ་སྲོག་ལས་འགངས་ཆེ་བ་དེ་ནི་འཕྲོད་བསྟེན་ཡིན། དེ་ལ་ནང་སེམས་ཀྱི་འཕྲོད་བསྟེན་དང་། བར་ལུས་ཀྱི་འཕྲོད་བསྟེན། ཕྱི་ཁོར་ཡུག་གི་འཕྲོད་བསྟེན་གསུམ་ཡོད། མི་ཞིག་གི་ཚེ་གང་བོར་སྒྲུབ་དགོས་པའི་བྱ་བ་གསུམ་ཡོད་པ་རེད། དེ་ནི་རང་གི་དོན་དང་གཞན་གྱི་དོན། ད་དུང་དཀོན་མཆོག་གི་དོན་དང་གསུམ་པོ་ཡིན། ཡང་ན་ཚེ་འདིར་སྒྲུབ་རྒྱུའི་བྱ་བ་གཉིས་ཡོད་དེ། མངོན་སུམ་ཐུན་མོང་གི་སྣང་ངོར་སྒྲུབ་རྒྱུ་ཞིག་དང་། ལྐོན་ནས་ཤབ་ཤུབ་ཏུ་སྒྲུབ་རྒྱུ་ཞིག་དང་གཉིས་ཡོད། དེས་ན་མི་ཞིག་ལ་མཚོན་ན་ཆེའི་ཐོག་མར་སྒྲུབ་དགོས་པའི་ལས་དོན་གཙོ་བོ་དེ་གང་ཡིན། དཔལ་འབྱོར་སྒྲུབ་རྒྱུ་དེ་མིན་ལ། སྙན་གྲགས་ཀྱི་རྗེས་འདེད་རྒྱུ་ཡང་མིན། བདེ་སྐྱིད་འཚོལ་རྒྱུ་མིན་ལ། དེ་ན་ལས་དོན་གཞན་ཞིག་སྒྲུབ་རྒྱུ་དེ་བས་ཀྱང་མིན། ཡིན་ངོ་མ་ནི་རང་ཉིད་ཀྱིས་རང་གི་འཕྲོད་བསྟེན་ལ་འགན་ཁུར་ཏེ་ལུས་སེམས་བདེ་ཐང་གི་ཕྱོགས་ལ་གོམ་བགྲོད་རྒྱག་རྒྱུ་དེ་ཡིན།

      བདེ་ཐང་གི་འཕྲོད་བསྟེན་ནི། ༡ སེམས་འཕྲོད་བསྟེན་དང་། ༢ ལུས་འཕྲོད་བསྟེན། ༣ ཁོར་ཡུག་འཕྲོད་བསྟེན་གསུམ་ཡིན།


༡ སེམས་བདེ་ཐང་ནི་ཡོད་ཚད་ཀྱི་རྩིག་རྨང་ཡིན།

      སེམས་ཀྱི་འཕྲོད་བསྟེན་ནི་གཙོ་བོ་སེམས་ཁམས་སྙོམ་སྒྲིག་བྱ་རྒྱུ་དེ་ཡིན། སེམས་ལ་རྒྱུན་པར་འདང་རྒྱག་མང་བ། ཧམ་སེམས་ཀྱིས་ལུས་སེམས་ལ་གནོན་ཤུགས་སྤྲད་པ། ཁེར་རྐྱང་གིས་གདུང་བ། དུག་གསུམ་མགོ་མི་སྙོམ་པ། འདུས་ནས་འབྲལ་བ། མཐོ་ནས་ལྷུང་བ། གསོག་ནས་འཛད་པ། སྐྱེ་ནས་འཆི་བའི་རང་བཞིན་གྱི་ཆོས་ཉིད་བཞིའི་གདོང་ལེན་མ་ཐུབ་པ་སོགས་ལས།(优郁症)དོག་འཚེར་ནད་ངན་འདི་བྱུང་ནས་མིའི་རིགས་ཀྱི་ཚེ་སྲོག་ལ་ཧབ་ཐོབ་རྒྱག་བཞིན་ཡོད་པ་རེད། རྒྱ་ནག་ནང་ཁུལ་གྱི་བསྡོམས་བརྩིས་ལས་ལོ་རེད་སྙིང་ནད་ཅན་གྱི་མི་དུང་ཕྱུར་ལྷག་གི་ནད་ཐོ་སྨན་ཁང་དུ་ཐོན་བཞིན་ཡོད་པ་རྟོགས། འདི་ནི་བཅོས་ཐབས་བྲལ་བའི་ནད་ཅིག་ཡིན། ཉེ་སྔོན་ཨ་རིས་སྒོར་དུང་ཕྱུར་དྲུག་བརྒྱ་ལྷག་གི་འགྲོ་སོང་བཏང་སྟེ་ནད་འདི་བཅོས་ཐབས་ལ་བརྩོན་ཡང་མཐར་སྨན་གྱིས་སྡེབ་ཁ་བསྒྲིགས་ནས་ནད་ཀྱིས་ཟིན་པའི་མི་དེའི་དྲན་པ་ཉམས་ནས་ཧོན་འཐོར་དུ་འཇུག་པ་ལས། ནད་དེ་རྐང་ནས་གཅོད་པའི་ཐབས་ལམ་ད་དུང་རྙེད་མེད། ལོ་རེར་ཆེས་མ་མཐའ་ཡང་འཛམ་གླིང་སྟེང་གི་མི་གྲངས་ཁྲི་བརྒྱད་བརྒྱ་ལྷག་གིས་རང་མེད་བྱེད་བཞིན་ཡོད་པར་བཤད་པའང་སེམས་ཁམས་མ་དྭངས་བའི་ནད་འདིས་ཉེན་ཚབས་ལས་བསྐྱེད་པ་རེད། དེས་ན་སེམས་ཁམས་སྙོམ་སྒྲིག་བྱེད་པ་འདི་འཕྲོད་བསྟེན་ཡོད་ཚད་ཀྱི་གཞི་འཛུགས་ས་ཡིན་པས་སེམས་བདེ་ཐང་ཡིན་པ་ནི་གལ་ཆེན་དོན་ཆེན་གཅིག་པུ་དེ་ཡིན།

 

༢ ལུས་བདེ་ཐང་གིས་ནད་རིགས་ཀུན་འགོག་ཐུབ།

      ལུས་ཀྱི་འཕྲོད་བསྟེན་ནི་གཙོ་བོ་མིའི་ཀུན་སྤྱོད་སྤུས་ཚད་ཀྱི་ལེགས་ཉེས་ལས་འོང་བ་ཡིན། ༡ དེ་ལ་ཟས་བསྟེན་བདེ་ཐང་། ༢ གོས་གྱོན་བདེ་ཐང་། ༣ ངལ་རྩོལ་བདེ་ཐང་གསུམ་ཡོད།

      ༡ ཟས་དུས་ལྟར་བཟའ་བ། ཉིན་རྒྱུན་དུས་ཚིགས་གསུམ་ལ་ཟས་དུས་ལྟར་བཟའ་བ་དང་། བཟའ་ཚོད་ནི་ཞོགས་ཟས་མང་ཙམ་དང་། གུང་ཟས་ཧ་ཅང་བཟང་བ། དགོང་ཟས་ཉུང་ལ་ཞན་ཙམ་སྟེ་དུས་ལྟར་ཟ་ཚོད་ཟིན་པ། ཞོགས་ཟས་སྔོན་དུ་ཆུ་ཁོལ་དང་གུང་ཟས་སྔོན་ལ་སིལ་ཏོག་བཟའ་བ། རྒྱུན་པར་ཆུ་ཁོལ་མང་ཙམ་འཐུང་བ་དག་ནི་འཚོ་བའི་བདེ་ཐང་གི་ཆེས་གལ་ཆེན་གྱི་གཞི་རྩ་འགའ་ཡིན།

      ༢ ཟས་གང་དག་བསྟེན། ཟས་གང་དག་བཟའ་བ་ནི་རྒྱུན་པར་སྣུམ་དང་ཤའི་རིགས་ཉུང་ངུ་དང་དཀར་ཟས་མང་ཙམ་བཟའ་བ། རྒྱུན་པར་ཟས་སྣ་བརྗེས་ནས་བཟའ་བ།

      ༣ ཟས་གང་དག་འདོར་ལེན་དགོས། ཟས་ཚ་གྲང་རན་པོ་དང་། སྲ་སྙི་ཚོད་བདེ།ཧ་ཅང་རྙིང་རུལ་མ་ཡིན་པའི་རིགས་འདེམས་ནས་བཟའ་དགོས་པ་སོགས་ཀྱང་ངེས་དགོས། གྱོན་གོས་ཀྱི་ཕྱོགས་ནས་གོས་ལྭ་རྙིང་འཚོང་གི་རིགས་ལ་འགོས་ནད་དྲག་པོ་ཡོད་པ་དང་། ལྷག་ཏུ་སྨན་ཁང་ནས་ནད་པ་དང་ཤི་བོའི་གྱོན་ཆས་སོགས་མར་གཡུགས་ནས་ཡོད་པ་དག་ལ་གཙང་སྦྲ་རེ་ཟུང་བྱས་ཏེ་ལྐོག་འཚོང་བྱེད་བཞིན་ཡོད་པས་གོས་རྙིང་བའི་རིགས་དག་ནི་གཞི་ནས་ཉོ་བ་དང་གྱོན་པ་སོགས་མི་རུང་། རྒྱུན་པར་གཙང་སྦྲ་ལྡན་པའི་ངང་གོས་བརྗེ་བ། ནང་གོས་དེ་ལས་ཀྱང་མང་ཙམ་བཀྲུ་བ་དང་བརྗེ་སྤོར་གནང་དགོས།

      ལུས་སེམས་ངལ་གསོ་ནི་དུས་ལྟར་བྱ་དགོས་པ་ཞིག་ཡིན་པས། ཞོགས་པར་གོམ་བགྲོད་དང་། ཕྱི་དྲོ་སོགས་ལ་ལུས་རྩལ་སྦྱོང་བསྡར་གང་འཚམ་ཞིག་ཅིས་ཀྱང་བྱ་དགོས། རྒྱུན་པར་ངལ་རྩོལ་ལས་ཀ་ཚད་ལས་བརྒལ་མི་རུང་བར་ངལ་གསོའི་སྟོང་ཆ་སྟེར་དགོས། དུས་ཚོད་བརྒྱད་ཀྱི་གོང་འོག་ནི་དུས་ཚོད་ཉེར་བཞིའི་ནང་གི་མིའི་གཉིད་ཚད་ཡིན་པས་དེ་ཡང་འདང་ངེས་དགོས་པ་ཡིན། ནད་རིགས་མང་ཆེ་བ་ནི་ལུས་ཀྱི་འཕྲོད་བསྟེན་ཞན་པས་བསྐྱེད་པ་ཡིན་ཏེ། ལྷག་ཏུ་སྦྱར་བྱུང་གི་བཟའ་བཏུང་རིགས་ལས(癌症)སྐྲན་ནད་འབྱུང་བཞིན་ཡོད་པ་དང་། གཙང་སྦྲ་ཞན་པ་དང་མིའི་ཚུལ་མིན་འབྲེལ་ལམ་ལས་(艾滋病)ཨེ་ཛི་སོགས་ཆེས་འཇིགས་སུ་རུང་བའི་ནད་དག་ཀྱང་རང་རང་གི་ལུས་ཀྱི་འཕྲོད་བསྟེན་ལ་འགན་འཁུར་ལེགས་པོ་མ་སྤྲད་པ་ལས་བྱུང་བ་རེད།

      ད་དུང་ཐ་མག་འཐེན་པ་ལས་ཀྱང་མི་གང་མང་གི་སྲོག་འཕྲོག་གིན་ཡོད་ལ། འཛམ་གླིང་གིས་བསྡོམས་རྩིས་ལྟར་ན་ལོ་གཅིག་གི་ནང་མི་ས་ཡ་དྲུག་ལྷག་ཐ་མག་ནད་སྡང་བ་ལས་མི་གང་མང་ཞིག་འཆི་རྐྱེན་བྱེད་ཀྱིན་ཡོད་པར་རྟོགས། སྐར་མ་གཅིག་གི་ཡུན་ལ་མི་དྲུག་ཡན་ཐ་མག་གིས་འཆི་རྐྱེན་འོག་ཏུ་འཆོར་བཞིན་པར་བཤད། དེ་ལས་མང་ཆེ་བ་ནི་རྒྱུན་པར་ཐ་མག་འཐེན་མཁན་གྱི་འགྲམ་དུ་སྡོད་པའི། ཐ་མག་མི་འཐེན་མཁན་གྱི་རང་གི་བཟའ་ཟླ་བུ་ཕྲུག་སོགས་ཀྱི་བརྒྱ་ཆའི་སུམ་ཅུའི་གོང་འོག་ཅིག་ཟིན་ཡོད་པར་བཤད། དེའི་ཕྱིར་རྒྱལ་ཡོངས་ཁྲིམས་ལུགས་གསར་བ་རུ་སྤྱིའི་གླིང་ག་དང་འདུས་སྡོད་ཀྱི་གནས་ག་ས་གང་ནས་ཀྱང་ཐ་མག་སྤྱོད་མི་ཆོག་པར་བྱས་ཡོད།


༣ ཁོར་ཡུག་བདེ་ཐང་གིས་ང་ཚོའི་ཚེ་སྲོག་ལ་གསོན་ཤུགས་སྟེར།

      ཕྱིའི་ཁོར་ཡུག་གི་འཕྲོད་བསྟེན་ལེགས་པ་དང་བདེ་ཐང་གིས་ང་ཚོའི་སྲོག་ལྡན་ཡོངས་ཀྱི་ཚེ་སྲོག་གི་གྲུབ་ཆ་ཕྱེད་ཀ་བཟུང་ཡོད། ཁོར་ཡུག་ཤི་གསོན་ནི་འགྲོ་བ་མིའི་ལག་ཏུ་ཡོད་ལ། མིའི་ཚེ་སྲོག་གི་རྒྱུན་ཐག་ནི་ཁོར་ཡུག་གི་ལག་ཏུ་ཡོད། གཉིས་ཀའི་ཤི་གསོན་ནི་ད་ལྟའི་ང་རང་ཚོ་མི་རེ་རེའི་ལག་ན་ཡོད། དེས་ན་ང་རང་ཚོ་གནས་སའི་ཁོར་ཡུག་བདེ་ཐང་ཡིན་པ་ནི་རང་ཉིད་བདེ་ཐང་ལས་ཀྱང་འགངས་ཆེན་ཡིན། དཔེར་ན་ཁོར་ཡུག་ལས་བྱུང་བའི་འཚོ་དབུགས(氧气)འདི་གཅིག་པུ་མེད་སོང་བ་ཡིན་ན་སྐམ་ས་ཆེན་མོའི་ས་གཞི་འདིའི་སྟེང་དུ་སྲོག་ལྡན་གཅིག་ཀྱང་གསོན་པོར་གནས་མི་ཐུབ། འཚོ་དབུགས་ནི་སྐྱེ་དངོས་དག་ལས་འབྱུང་བཞིན་ཡོད་པ་སོགས་ཚེ་སྲོག་དང་ཁོར་ཡུག་ནི་གཅིག་བརྟེན་གྱིས་ཚུལ་དུ་གནས་ཡོད། དེ་བཞིན་ཕྱིའི་རང་བྱུང་གི་ས་གཞི་དང་སྐྱེ་དངོས། ཆུ་བོ་དང་མཁའ་དབུགས་སོགས་ཀྱི་འཕྲོད་བསྟེན་བདེ་ཐང་། ནང་རང་གི་གཞིས་ཀ་ཆུང་ཆུང་གི་ཕྱི་ནང་། ཟས་གོས་གནས་མལ་སོགས་ཀྱི་གཙང་སྦྲ་ལེགས་མིན་ཁོ་ན་ལས་རང་གི་ཚེ་སྲོག་ལ་ཤན་ཤུགས་ཆེན་པོ་ཐེབས་ནས་ཡོད། དེས་ན་ཕྱི་ནས་སྐྱེ་དངོས་སྲུང་འཛུགས། རི་ལུང་ཆུ་གསུམ་བདག་སྐྱོང་། ནང་སྡོད་ཁང་གི་ཕྱི་ནང་ཚུན་ཆོད་ཀྱང་གཙང་སྦྲ་དང་སྲུང་སྐྱོབས། བདག་སྐྱོང་དོ་དམ་སོགས་ལེགས་པོ་གནང་བ་ཡིན་ན་ད་གདོད་མི་ཚེ་བདེ་ཐང་ངང་ནས་སྐྱེལ་ཐུབ་པ་ཡིན་པར་གདོད་མི་ཟ།

      ཉེ་ལམ་ཚན་རིག་པ་སྐོར་ཅིག་གིས་ཞིབ་འཇུག་གྲུབ་དོན་ཅིག་བཤད་མྱོང་བ་ནི། མི་ཞེས་པ་འདིའི་ཚེ་ཐག་ནི་མ་གཞི་ནས་ཧ་ཅང་རིང་བ་ཞིག་རེད་འདུག རེད་དེ་ཕྱི་ནང་གི་འཕྲོད་བསྟེན་གང་མང་ཤིག་ལ་དོ་སྣང་དང་། རང་ལུས་ཀྱི་བདེ་ཐང་སྐོར་ལ་བདག་སྐྱོང་མ་ལེགས་པས་དབང་གི་ཚེ་སྲོག་ལ་གནོད་འཚེ་སྣ་ཚོགས་བཏང་ནས་རྐྱེན་ལམ་དུ་འཆོར་བཞིན་ཡོད་པར་བཤད། མི་རྣམས་ན་ཚོད་རྒས་པ། རྒུད་པ་ན་བ་སོགས་ཀྱང་འཚོ་རྐྱེན་དང་འཕྲོད་བསྟེན་ཞན་པོ་ལས་ཡིན་པར་བཤད། ཉི་ཧོང་རྒྱལ་ཁབ་ནས་ལོ་དྲུག་ཅུ་ཡན་ལོན་པའི་བགྲེས་པོ ༤༦༠ ཡིས་ལོ་ལྔའི་རིང་ལ་ཆེད་དུ་ཟས་གོས་ཁོར་ཡུག་སོགས་ཕྱོགས་གང་ཐད་ནས་འཕྲོད་བསྟེན་ལ་ཆེད་ལས་གདེང་འཇོག་བྱེད་སའི་ཚོད་ལྟའི་བྱ་འགུལ་ཞིག་ལ་ཞུག་པ་ལས་བརྒྱ་ཆའི་བརྒྱད་ཅུ་ལྷག་ལ་ཚེ་ཐག་ཇེ་རིང་དུ་སོང་བ། གདོང་གཤིས་ལེགས་པ། ནད་མི་སྡང་བ། རིག་པ་གྲུང་བ་སོགས་མངོན་གསལ་གྱི་སྔ་ན་མེད་པའི་མཇུག་འབྲས་ལ་གྲུབ་དོན་མི་དམན་པ་ཐོབ་ནས་རྒྱལ་ནང་གི་ཡི་རང་དང་མིག་ལྟོས་ཀྱི་དཔེ་རུ་གྱུར། དེས་ན་མི་ཞིག་ཡིན་ནས་བཟུང་ཆེས་ཐོག་མའི་བྱ་བ་ཉག་ཅིག་དེ་ནི་རང་ཉིད་བདེ་ཐང་ལ་རང་གིས་འགན་ལེགས་པོ་ཞིག་འཁུར་ཐུབ་པར་བྱ་རྒྱུ་དེ་ཡིན། གལ་ཏེ་རང་ཉིད་བདེ་ཐང་དུ་གནས་ཡོད་པ་ཡིན་ན་སྔ་གཞུགས་སུ་བྱ་བ་གང་བསྒྲུབས་ཀྱང་ཆེའི་མ་མཐའི་ཆ་རྐྱེན་ཚང་གིན་ཡོད་པ་ཡིན། འཛམ་གླིང་ན་མི་རྙེད་པའི་རང་གི་ཚེ་སྲོག་ཀྱང་བདེ་ཐང་དུ་མེད་ན་གཞན་པའི་བྱ་བ་གང་འགྲུབ་ཀྱང་རང་ལ་མཚོན་ན་ཆེས་ཕལ་བ་རིན་ཐང་མེད་པ་ཞིག་ཡིན་སྲིད།